༅།ཐོ་རེངས་སྐར་ཆེན།

 

          ཁྱོད་རང་རང་གི་ཨ་མའི་ལོ་ཚོད་དེ་མོ་ལོ་སོ་དགུར་སླེབས་ན་ཡང། ད་དུང་ཨ་མ་དྲན་གྱིན་ཡོད་ལ། དེ་མིན་གཞན་ཞིག་ཀྱང༌། ཁྱོད་རང་ནམ་རྒྱུན་མི་ཚོགས་ཁྲོད་དུ་མགོ་བོ་བཏེགས་ཤིང་པང་གདན་ཁྲ་བོ་དེ་ངོམ་བཞིན་སྐྱོད་ན་ཡང༌། ཁྱོད་རང་ནང་དུ་སླེབས་དུས་ད་དུང་ཡང་སྐབས་རེར་མགོ་བོ་ནུ་མར་སྦྱར་ནས་དབུགས་རིང་རེ་གཏོང་བ་ཅི་ཡིན་ནམ།

          ཡིན་ན་ཡང་ཁྱོད་ཀྱི་བུ་མོ་མཐོ་སློབ་ན་ཐོན་གྱིན་ཡོད་ལ། ཁྱོད་ཀྱི་མཐའ་འཁོར་ན་ཁྱོད་ལ་དགེ་རྒན་ཞེས་འབོད་མཁན་བརྒྱ་ཕྲག་མང་པོས་བསྐོར་ཡོད་པ་འདི། ཁྱོད་རང་ཁྱོད་ཀྱི་ཨ་མ་ལས་ལྷག་པའི་ཨ་མ་ཞིག་སྟེ། ཁྱོད་རང་མུན་ནག་ལས་བུད་དེ་ཐོ་རངས་སྐར་ཆེན་ཞིག་གདོང་གིས་བསུས་པའི་ཉིན་མོ་དེ་རང་ནས་ནམ་ཡང་མཚན་མོ་ལ་མགོ་མ་བསྒུར་བར་ཕོ་མོ་འདྲ་མཉམ་དང་ལས་དབང་གསར་སྐྲུན་གྱི་ལས་སྐལ་དང་བས་བླངས་པ་དེས་ད་གཟོད་ཁྱོད་ཉིད་འདི་ལྟར་ས་སྟེང་གི་ཐོ་རངས་སྐར་ཆེན་ཞིག་ཏུ་གྱུར་བ་ཅིས་མིན།

 

          ཐོ་རངས་སྐར་ཆེན་གསལ་ལེར་ཤར་བའི་དུས་ཤིག་ལ་ཁྱོད་ཀྱི་ཨ་མས་སྐྱེས་མ་ཐག་པའི་ཁྱོད་རང་གི་གདོང་ལ་ཅེར་ནས་མཆི་མའི་ཐིགས་པ་རྡོག་པོ་རེ་རེ་འཐོར་བཞིན། ཁྱོད་རང་བུ་ཞིག་ཡིན་ན་ག་རེ་བྱས་ནས་མ་ཆོག་པ་རེད། ལས་ངན་མ་ང་ཞེས་མོ་རང་གི་འདས་པའི་ལོ་ཟླ་དང་ཁྱོད་ཀྱི་མདུན་ལམ་གཉིས་ལ་དྲན་གསོ་དང་བསམ་གཞིགས་སྣོལ་མར་བྱས།

          ཁྱོད་ཀྱི་ཕ་རྒན་ནི་རྒྱ་གར་ལ་བྲོས་བྱོལ་སླེབས་ནས་ཅང་མ་འགོར་བར་ཚ་ནད་ཀྱིས་གྲོངས་པས། མོ་ལོ་སུམ་ཅུའི་ཡུགས་ས་མར་གྱུར་བའི་ཁྱོད་ཀྱི་ཨ་མས་ལུས་སེམས་ཀྱི་དཀའ་བ་བཀའ་བརྒྱ་ཕྲག་ཁྱད་དུ་བསད་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་སྐྱབས་བཅོལ་གཞིས་ཆགས་ཨང་བཅུ་བའི་ནང་དུ་སོ་ནམ་ཞིང་ལས་ལ་བརྟེན་ནས་ཡུལ་གྱར་བའི་མི་ཚེ་གསར་བ་ཞིག་གི་ཁྱིམ་གཞི་བཟུང༌།

          ཁྱོད་ནི་ཁྱོད་ཀྱི་ཨ་མའི་སེམས་རྟེན་ཡིན་ལ་མ་འོངས་པའི་རེ་ལྟོས་རྒྱག་ས་ཡང་ཡིན། དེ་བས་ཁྱོད་ཀྱི་ཨ་མས་ཁྱོད་རང་མོ་རང་འདྲ་བའི་ཡིག་རྨོངས་པ་ཞིག་ཏུ་མི་འགྱུར་བ་དང། བོད་ཀྱི་མ་འོངས་སོན་རྩའི་མེ་ཏོག་རྐང་གཅིག་ཏུ་འགྱུར་བའི་རེ་བ་ཡིས་ཁྱོད་རང་ལོ་ན་དྲུག་ལ་སོན་པ་དང༌། ལམ་ཡངས་སློབ་ཆུང་གི་སྔོན་འགྲོའི་འཛིན་གྲྭར་བཏང༌།

          ཁྱོད་རང་ཡང་ཨ་མ་དང་འདྲ་བར་གཟུགས་སྟོབས་ཆུང་ཞིང་བཞིན་རས་སྒོར་མོའི་ངོས་ཀྱི་མིག་ཟུང་ཡང་སྒོར་ལ་ནག་ཅིང་དྭངས་གསལ་རྣམ་རིག་རྒོད་པ་ཞིག་ཡིན་པའི་ཐོག ལྷག་པར་དཀའ་སྡུག་ལ་བཟོད་སྲན་དང་ལས་ལ་བརྩོན་པའི་བུ་མོ་ཞིག་ཡིན་པས། དཀའ་ངལ་ཆེ་བའི་ལོ་ཟླའི་ཚ་གདུང་དང་ཆར་ཆུའི་ནང་དུ་བཙན་བྱོ་གཞུང་དང་དགེ་རྒན་རྣམ་པའི་གཟིགས་སྐྱོང་འོག་ལུས་ཀྱི་ལང་ཚོ་དང་རིག་པའི་ལོ་འདབ་ལྷན་ཅིག་རྒྱས་ཏེ། ཨ་མའི་རེ་བ་བཞིན་འཚར་ལོངས་བྱུང་བས་ཁྱོད་ཀྱི་ཨ་མ་ཅི་འདྲ་ཞིག་དགའ་ཡོད་ཨང།

 

          ཁྱོད་རང་ཏག་ཏག་མོ་ལོ་བཅུ་བཞི་སྟེ་འཛིན་རིམ་བརྒྱད་པ་ཐོན་པའི་དུས། ཁྱོད་ཀྱི་ཨ་མར་མཚོན་ན་ཁྱོད་ནི་ཡི་གེ་ཤེས་ཤིང་ཁྱིམ་ལས་སོགས་ལ་འཇོན་ཐང་ཆེ་བས་ཕལ་ཆེར་འདོད་བློ་ཁེངས་ཡོད་པའི་ཐོག་ཁྱོད་ཀྱི་མི་ཚེའི་མདུན་ལམ་ལ་བསམ་བློ་འཁོར། ཨ་མའི་སེམས་ན་མོ་རང་གི་སྡུག་བསྔལ་སྟེ། ཆུང་དུས་མནའ་མར་སོང་བའི་མནར་སྡུག་དང་ཆེ་དུས་རང་གི་ཕ་ས་བསྐྱུར་ནས་ཆ་མེད་རྒྱུས་མེད་ཀྱི་ས་མཐར་འཚོ་དགོས་ཐོག ད་དུང་ལས་ངན་ནས་རང་གི་ཁྱོ་ག་གྲོངས་ཏེ་ཡུགས་མོར་གྱུར་པའི་མི་ཚེ་འདི་འདྲ་ཞིག་ཁྱོད་རང་ལ་ནམ་ཡང་མི་ཡོང་བའི་སྨོན་ལམ་རྟག་ཏུ་འདེབས་བཞིན་ཡོད་ལ། ལྷག་པར་སྐབས་དེར་མོ་རང་ལ་གློ་ནད་དྲག་པོ་ཞིག་འབྱུང་བཞིན་པས་རང་ཉིད་ཡུན་རིང་འཚོ་བའི་རེ་བའང་ཉམས་པས། ཨ་མ་མ་ཤི་བའི་སྔོན་དུ་ཁྱོད་རང་ལ་ཁྱིམ་ཐབ་ཁྱོ་བཟང་ཞིག་བཙལ་ཐུབ་ན་མིག་ཟུང་ཟུམ་དགོས་བྱུང་ཡང་འགྱོད་པ་མེད་པ་རེད། དེ་བས་མོ་རང་གི་ཕ་ཡུལ་གཅིག་པའི་ངོ་ཤེས་རྒྱུས་ཡོད་ཀྱི་དམག་མི་མི་རྐྱང་རྟ་རྐྱང་ཞིག་ཡོད་པར་སྐད་ཆ་བཤད་དེ་ཁྱོད་རང་ཁོང་གི་མནའ་མར་བྱིན།

      དེ་དུས་ཁྱོད་རང་མོ་ལོ་བཅུ་བཞི་སྟེ་ཁྱོད་ཀྱི་ཨ་མ་མནའ་མར་འགྲོ་སྐབས་ལས་ལོ་གཉིས་ཀྱིས་ཆེ་བ་ཡིན། ཁྱོད་རང་ལ་མཚོན་ན་མུ་མཐུད་དེ་སློབ་གྲྭར་འགྲོ་འདོད་ཅི་འདྲ་ཞིག་ཆེ་ན་ཡང་གློ་བུར་དུ་ཡིད་ལས་འདས་པའི་ཨ་མའི་བཀོད་སྒྲིག་འདིས་ཁྱོད་ལ་ཆེས་ཐོག་མའི་མིག་ཆུ་གྲང་མོ་ཞིག་སྦྱིན་ན་ཡང༌། དེ་ནི་ཁྱོད་ཀྱི་ཨ་མ་མནའ་མར་འགྲོ་དུས་ཀྱི་སེམས་སྡུག་དང་ཁྱོ་གའི་ཨ་མས་ཟ་འཐུང་ལྟོ་གང་དེ་ཡང་མི་སྟེར་བའི་ཐོག་ཉིན་མཚན་མེད་པར་ཕྱི་ནང་གི་ལས་ཀ་ཚང་མ་བྱེད་བཅུག་སྟེ་རྐང་ལག་ལ་སེར་ག་གས་ནས་རྣག་ཁྲག་དང་ན་ཟུག་གིས་ལོ་ཟླའི་གྲང་འཁྱག་སྐྱེལ་ཚུལ་དང་བསྡུར་ན་སྡུག་བསྔལ་ཞིག་ག་ལ་ཡིན།

          སྐབས་དེར་མཚོན་ན་དམག་མི་རྣམས་ནི་ཟླ་ཕོགས་མཐོ་ལ་སེམས་ཤུགས་ཀྱང་ཆེ་བ། འབྱུང་འགྱུར་འཚོ་བར་ཡང་དཀའ་ངལ་དེ་ཙམ་མི་ཆེ་བ་ཞིག་ཡིན་པར་མི་ཚང་མས་ཡིད་ཆེས་བྱེད་ཀྱིན་ཡོད་པས། བུ་མོ་སུ་ཞིག་ལ་དམག་མིའི་ཁྱོ་ག་ཞིག་རག་ན་དེ་ནི་བུ་མོ་བསོད་ནམས་ཅན་ཞིག་ལའང་བརྩི། ལྷག་པར་དམག་མི་དེ་ནི་དུས་འགྱུར་སྐབས་སྐྱ་སར་བབས་པའི་ཆོས་འཇིག་རྟེན་གཉིས་ཀྱི་སྐྱིད་སྡུག་མྱངས་པའི་བསམ་ཤེས་ལོ་ན་རྒན་པ་ཞིག་ཡིན་པས། མི་རྒན་འཁྲིས་ཀྱི་བུ་མོ་སྐྱིད་ཅེས་པའི་གཏམ་དཔེ་དེ་ཡང་ཁྱོད་ཀྱི་ཨ་མས་སྔར་ནས་ཐོས་མྱོང་བ་སོགས་སྤྱི་ཚོགས་དེའི་གནས་བབ་འོག་ནས་ཁྱོད་ཀྱི་ཨ་མ་ལའང་ཁག་ཅི་ཡོད།

 

          ཁྱོད་དང་ཁྱོད་ཀྱི་མག་པའི་བར་ལ་ལོ་སྐོར་གཉིས་ཡོད་པས། ཁྱོད་ཀྱིསཁོང་རང་གི་ཨ་ཕར་བཀུར་ཡང་ཆོག་ལ། ཁོས་ཀྱང་ཁྱོད་རང་གི་བུ་མོར་བརྩིས་ཆོག དེ་བས་ཁྱོད་རང་ཁོང་གི་ནང་ལ་སོང་བའི་ཆེས་ཐོག་མའི་ཉིན་མོ་དེར། ཁྱོད་རང་ཧ་ཅང་ངོ་ཚ་དང་འཇིགས་སྣང་ཞིག་གིས་ཁོའི་གདོང་ལ་ཡང་ཡག་པོ་ཞིག་ལྟ་ཕོད་མེད། ཁོང་གིས་ཀྱང་ཁྱོད་ཀྱི་རྣམ་འགྱུར་མཐོང་ནས་དོགས་མི་བདེ་བའི་ཚུལ་གྱིས། ཁྱོད་ཀྱི་མགོ་ལ་བྱིལ་བྱིལ་ཞིག་བྱེད་ཀྱིན། བུ་མོ། ཁྱོད་ཀྱི་ཨ་མའི་རེ་བ་དང་ང་རང་གི་འདོད་མོས་ལྟར་ཁྱོད་ངའི་མནའ་མར་བྱིན་ན་ཡང༌། ཁྱོད་རང་ད་དུང་ལོ་ན་ཆུང་བས་མུ་མཐུད་སློབ་གྲྭར་སོང་ན་འགྲིགས། ང་ཡང་ད་དུང་ལོ་གཉིས་ཙམ་རིང་དམག་སྦྱོང་མཐར་ཕྱིན་གྱིན་མེད་པས། གུང་སེང་གི་སྐབས་ལ་ང་རང་གཉིས་ཐུག་ན་འགྲིག་གི་རེད། ཅེས་བསླབ་བྱ་བརྒྱབ་ཅིང་ཁྱོད་དང་ཁོང་གཉིས་ཀྱི་ཉལ་ཁྲི་ཡང་སོ་སོར་བཞག་ནས་ཁྱོད་ལ་ལྷིང་འཇགས་ཀྱི་ངལ་གསོ་སྤྲོད་གང་ཐུབ་བྱས།

       དེ་ལྟར་ཁྱོད་ཀྱི་ཁྱོ་ག་དེ་ནི་ངོ་མ་ཁྱོད་ཀྱི་ཨ་མས་ཇི་ལྟར་ངོས་འཛིན་བྱས་པ་བཞིན་གྱི་མི་ཡག་པོ་ཞིག་ཡིན་པས། ཁྱོད་ཀྱང་ཉིན་རེ་དང་ཞག་རེ་བཞིན་དུ་ཁོ་ལ་སེམས་ཐག་ཉེ་བར་གྱུར་ནས་རིམ་བཞིན་ངོ་ཚའི་རྣམ་པ་དང་འཚེར་སྣང་དག་ཀྱང་ཆུང་ངུར་གྱུར། མཚན་མོ་ཞིག་ལ་ཁྱོད་ཀྱིས་ཁོས་བཤད་པའི་སྒྲུང་སྟེ། ཁོང་རང་ཆུང་དུས་གྲྭ་བ་བྱས་ཚུལ་དང་རྗེས་སུ་རྒྱ་དམག་གིས་དམག་བརྒྱབ་དུས་འཁར་གསིལ་མདུང་མོར་བྱས་ཏེ་སྐྱ་སར་བབས་ནས་བསྟན་སྲུང་དང་བླང་དམག་དཔུང་ཆུ་བཞི་སྒང་དྲུག་གི་ནང་ལ་ཞུགས་ནས་རྒྱ་དམག་དང་འཐབ་ཚུལ། མཐར་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཚུལ་སོགས་རང་གི་མི་ཚེའི་སྐྱོ་སྒྲུང་རིང་མོར་ཉན་བཞིན་སྐྱོ་སྣང་དང་གཉིད་བབ་པའི་གླལ་རིང་ཞིག་དང་བཅས་ཁོང་གི་ཉལ་ཁྲིའི་ཐོག་ཏུ་གཉིད་ལ་ཤོར་བས། ཁོང་གིས་ཀྱང་ག་ལེར་ཁྱོད་ཀྱི་འགྲམ་པར་ཡང་མོའི་འོ་ཞིག་བྱས་ཏེ་ཁྱོད་ཀྱི་དཔྲལ་བ་ལ་ཁོང་གི་འགྲམ་པ་སྦྱར་ནས་གཉིད་དུ་ཡུར། གཉིད་ཁོང་ནས་ཁྱོད་ཀྱི་ལག་ཆུང་འཇམ་པོ་རྒྱག་རིལ་དེ་ཡང་ཁོང་གི་སྐེ་ལ་བཞག ཞོགས་པར་ནམ་ལངས་དུས་ཕན་ཚུན་འཐམས་ཏེ་སྐྱིད་པའི་གཉིད་ལས་སད།

 

          དེ་ལྟར་གུང་སེང་ཚར་ནས་ཁྱོད་ཀྱི་ཟླ་བོ་ཕྱིར་དམག་ཁུལ་དུ་ལོག་རྗེས། ཁྱོད་ཀྱི་ཨ་མའི་ནད་གཞི་ཇེ་སྡུག་ཏུ་གྱུར་པས་ཁྱོད་ཀྱིས་ཨ་མར་ནད་གཡོག་བྱེད་དགོས་བྱུང༌། སྐབས་དེར་ཨ་མའི་སེམས་ནས་རང་ཉིད་མི་མི་འོང་བ་ཤེས་ཀྱིན་ཡོད་ན་ཡང་ཁྱོད་རང་གི་མདུན་ལམ་ཐག་གཅོད་བྱས་ཚར་བས་སེམས་བདེ་ཡོད། ནུབ་ཅིག་ཨ་མས་དབུགས་འཚང་བཞིན་ཁྱོད་རང་ལ་དམ་པོར་འཐམས་ནས་འོ་ཞིག་བྱས་ཏེ། ཁྱོད་ཀྱི་རྣ་སྒོར་ཁ་སྦྱར་ནས། བུ་མོ། ཨ་མ་མ་དྲག་ན་ཡང་ཁྱེད་རང་སེམས་སྡུག་མ་བྱེད། རང་གི་ཁྱོ་ག་ལ་བརྩེ་སེམས་སྤྲད་ནས་འཆམ་པོ་མཐུན་པོར་སྡོད། རྗེས་མ་བུ་ཞིག་སྐྱེས་ན་རྒྱལ་བ་རིན་པོ་ཆེ་དང་གཞུང་ལ་ཕན་ཐོགས་པའི་མི་ཞིག་གསོ་སྐྱོང་བྱེད་དགོས། ང་ཚོ་སྐྱེས་དམན་ཚོས་ཞེ་དྲགས་འཇོན་གི་མ་རེད། ཅེས་གློ་ལུ་དྲག་པོ་ཡང་ཡང་བྱེད་ཀྱིན་ཨུ་ཚུགས་ཀྱིས་བཤད་དུས་ཁྱོད་དང་ཁྱོད་ཀྱི་ཨ་མའི་མིག་ཆུས་བྲང་གཞུང་གཉིས་ཀ་བརླན་པར་བྱས་ཤིང་ཁྱོད་ཀྱི་ངུ་ངག་དང་ཨ་མའི་ལུ་སྒྲས་རེ་ཞིག་ལ་ཁོར་ཡུག་གི་ལྷིང་འཇགས་དཀྲོགས་པ་ནི་ཆེས་ཐ་མའི་འབྲལ་བརྡ་ཞིག་ཡིན་པ་ཁྱོད་ཀྱི་སེམས་ནས་ཀྱང་ཚོར་ཡོད་ངེས།

          མཚན་མོ་དེར། དེ་ལྟར་བཅོས་ཐབས་མེད་པའི་ནད་ངན་དེས་ཨ་མ་ཕྱི་མའི་ཡུལ་དུ་རྒྱང་ཕུད་བཏང༌། ཁྱོད་རང་ངུས་ངུས་ནས་ཉིན་ཞག་འགའ་ལ་ཟས་ཀྱི་ཡི་ག་ལོག་ཅིང་མཚན་མོའི་གཉིད་དང་བྲལ། དེ་ནས་བཟུང་ཁྱོད་རང་ཕ་མ་གཉིས་མེད་ཀྱི་དྭ་ཕྲུག་ཅིག་ཏུ་གྱུར། མ་གཞི་ཁྱོད་ལ་ཕུ་བོ་གཉིས་ཡོད་ན་ཡང༌། གཅིག་ང་དགུ་ལོའི་དམག་འཁྲུག་ཆེན་པོའི་སྐབས་སུ་རྒྱ་དམག་གིས་བསད་སོང་བ་དང༌། གཅིག་གྲྭ་བ་བྱས་ནས་དགོན་པ་ཞིག་ཏུ་སོང་ནས་ཕྱིར་འཁོར་མེད་པར་གར་སོང་ངེས་མེད་དུ་གྱུར་བས། དེ་དག་ནི་ཁྱོད་ཀྱིས་མི་ཤེས་ལ་ཤེས་ཀྱང་མི་ཕན་པའི་གཉེན་མིང་ཙམ་ཞིག་རེད། དེ་བས་ཁྱོད་ལ་ཤ་ཉེ་རུས་རྒྱུད་འདེད་སའི་གཉེན་ཉེ་ཞིག་མེད་ན་ཡང༌། ཁྱོད་ལ་བློ་གཏད་དང་རེ་བ་བཅོལ་སའི་ཁྱོ་ག་བཟང་པོ་ཞིག་ཡོད་པས་རྦད་དེ་ཁེར་རྐྱང་མིན་པའང་ཨ་མའི་སྐུ་དྲིན་ཞིག་ཏུ་བརྩི་འོས། ཁྱོད་ཀྱིས་ཨ་མའི་ཞལ་ཆེམས་ལྟར་སློབ་གྲྭར་བསྐྱོད་མཚམས་བཞག་ནས། རང་ཁྱིམ་དུ་བསྡད་དེ་མི་ཚེའི་འདུན་མ་ཡོད་ཚད་བཟའ་ཟླ་ལ་བཅོལ་ནས་རང་གི་ཐོབ་སྐལ་ཆུང་ངུའི་ས་ཞིང་གཤིན་པོར་དཔྱིད་དབྱར་སྟོན་དགུན་འཁོར་མོ་གཉིས་རིང་རྔུལ་ཆུས་བརླན།

 

          ཁྱོད་ཀྱི་བདག་པོ་དམག་མིའི་ལོ་ཚད་ལོངས་ནས་དཀའ་སྡུག་དང་ཉེན་ཁ་བརྒྱུད་པའི་ལོ་ངོ་དུ་མའི་བསགས་དངུལ་ཅུངཙམ་དེ་ཁུར་ཅིང༌། དེ་ལས་ཀྱང་བརྩེ་སེམས་ཀྱི་ཁུར་པོ་ཆེན་པོ་ཞིག་སེམས་ནང་ཁུར་ནས་ཁྱོད་ཀྱི་པང་དུ་ལོག་པ་ནས། གཞི་ནས་ཁྱོད་རང་གཉིས་ལ་གཏན་འཇགས་ཀྱི་ཁྱིམ་གཞི་གསར་བ་ཞིག་གི་གཞི་བཏིང་ཞིང་ཁྱོད་ཀྱི་མངལ་ལའང་ཕྲུ་གུ་ཞིག་གི་ས་བོན་ཐོག་མ་བཏབ་ནས་འཛུམ་མདངས་གསར་བ་ཞིག་གིས་སྐྱ་རེངས་གསར་བ་ཞིག་བསུ་མགོ་བརྩམས།

          སྟབས་ཉེས་པ་ཞིག་ལ། དེ་དང་དུས་མཉམ་དུ། ཁྱོད་ཀྱི་བདག་པོ་ལའང་ན་ཚ་ཞིག་གིས་བཙན་འཛུལ་བྱས། དེ་བས་ཁྱོད་ཀྱིས་ཕྱི་ཞིང་ལས་དང་ནང་ཁྱིམ་ལས་ཐོག ད་དུང་བཟའ་ཟླར་ནད་གཡོག་རྒྱུག་དགོས་བྱུང༌། དེ་ནི་ཁྱོད་ཀྱི་ཨ་མ་མནའ་མར་སོང་ནས་སྡུག་དགུ་མྱངས་ཚུལ་དང་གཅིག་ན་ཡང༌། ཁྱོད་ཀྱང་ཨ་མ་ལྟར་བཟོད་བསྲན་སྙིང་རུས་ལྡན་པས་མིག་ཆུ་ཚང་མ་སྟོབས་ཤུགས་སུ་བསྒྱུར།

          བར་ཆད། འཇིག་རྟེན་ན་ཟློག་ཏུ་མེད་པའི་བར་ཆད་མང་པོ་ཞིག་ཡོད་པའི་ནང༌། ཁྱོད་དང་ཁྱོད་ཀྱི་ཨ་མའི་ལས་སྐལ་ཡང་དེའི་ནང་གི་གཅིག་ཡིན་པར་ཐོག་མ་ནས་ཐམ་ག་བཀོད་ཚར་བ་འདྲ། ཁྱོད་ཀྱི་བཟའ་ཟླའི་ནད་གཞི་ཚབས་ཆེན་དུ་གྱུར་བས་གྲོང་ཁྱེར་གྱི་སྨན་ཁང་ཆེ་ས་ཞིག་ཏུ་མི་བསྐྱོད་ཐབས་མེད་བྱུང། དེ་དུས་ཁྱོད་ཀྱི་ཁོག་པའི་ཕྲུ་གུ་ཡང་ཟླ་ཁ་གང་ནས་སྐྱེ་གྲབས་ཡོད་པས། ཁྱོད་ཀྱི་ཁྱོ་གས་རང་གི་ན་ཚ་ལས་ཀྱང་ཁྱོད་ལ་སེམས་ཁུར་ཆེན་པོ་བྱས་ནས་ཁྱོད་རང་སྨན་ཁང་དུ་ངལ་གསོ་རུ་བཅུག ཁང་གླ་དང་སྨན་རིན་གྱི་འགྲོ་སོང་ཆེ་བས་ཁོང་གི་བསགས་དངུལ་རྣམས་ཀྱང་སྟོངས་ལ་ཁད་དུ་གྱུར། ཡིན་ན་ཡང་སྟབས་ལེགས་ནས་ཁྱེད་རང་སྨན་ཁང་དུ་ཉེན་ཁ་མེད་པར་ཕྲུ་གུ་བཙའ་ཐུབ་བྱུང་བས། ཁྱོད་ཀྱི་ཁྱོ་ག་ཅི་འདྲ་ཞིག་དགའ་ཡོད་ཨང༌། ཁོ་རང་མལ་ཁྲིའི་སྟེང་ནས་མགོ་དགྱེ་ཙམ་དང་འཛུམ་ཙམ་ལས་བྱེད་མི་ཐུབ་ན་ཡང༌། མིག་རིག་རིག་གིས་ཁྱོད་དང་ཕྲུ་གུ་གཉིས་ལ་ཅེར་ནས་མིག་ཆུ་དྲོན་མོ་ཞིག་དབང་མེད་དུ་བཞུར་བ་ཁྱོད་ཀྱི་ལག་པས་འབྱིད་ཀྱིན་ཁོང་གི་མཆུ་སྒྲོས་ལ་འོ་ཞིག་བྱས་དུས་ཁྱོད་རང་གི་མིག་ཆུའི་ཐིགས་པ་དག་ཀྱང་ཁོང་གི་གདོང་ངོས་ལ་ཟགས་ཏེ་ཁོང་གི་མིག་ཆུ་དང་འདྲེས་ནས་བཞུར་བ་དེ་ནི་དགའ་སྐྱོ་ཅི་ཞིག་དང་བདེ་སྡུག་གང་ཞིག་གི་མངོན་ལྐོག་བརྡ་མཚོན་ཅི་ཞིག་ཡིན་པ་ཤེས་དཀའ་ན་ཡང་དྭངས་གཙང་གི་སེམས་པ་གཉིས་ཀྱི་རླན་དྲོད་ཡིན་པ་སུས་ཀྱང་ཤེས།

          ཁྱོད་ཀྱི་བཟའ་ཟླའི་ན་ཚ་དྲག་ཏུ་གྱུར་བས་ཁྱོད་ཀྱི་སྙིང་ཆུང་ཡང་ལྷོག་ལྷོག་དྲག་ཏུ་ལྡིང༌། ནམ་གུང་ཞིག་ལ་གློ་བུར་བའི་ཟུག་གཟེར་དྲག་པོ་ཞིག་དང་ལྷན་དུ་ཁྱོད་ཀྱི་བཟའ་ཟླའི་དབུགས་རྒྱུན་ཆད་པས། ཁྱོད་རང་སྨྱོས་པ་ལྟར་སྨན་པ་དང་ནད་གཡོག་ཚོར་སྐད་འབོད་བརྒྱབ་དུས། ཟླ་ཕྱེད་ལས་མ་འགྱངས་པའི་ཁྱོད་ཀྱི་བུ་མོས་ཀྱང་ཅི་ཞིག་ཚོར་བ་ལྟར་ངུ་སྐད་དྲག་ཏུ་བརྒྱབ། དེ་ལྟར་ཨ་མ་དང་བུ་མོའི་ངུ་འབོད་ཁྲོད་དུ་ཁོང་གི་རྣམ་ཤེས་རིང་ནས་རིང་དུ་ཆས་ཏེ་གཏན་དུ་བྲལ། ཁྱོད་རང་ཡང་དྲན་པ་འཐོར་ནས་ཅུང་མིན་ན་མ་འབྱར་གྱི་བུ་མོ་ཡང་བདག་མེད་དུ་ལུས།

          ཁྱོད་རང་བརྒྱལ་སངས་རྗེས། ཁྱོད་ཀྱིས་ངུ་སྔངས་དང་ལྷན་དུ་བསམ་བློ་རིང་ཙམ་བཏང་རྗེས། གཞི་ནས་ཁྱོད་རང་དལ་ཅག་གེར་གྱུར། ཁྱོད་ལ་ངུ་སྐད་མི་འདུག་ལ་མིག་ཆུ་ཡང་མི་འདུག དེ་ནི་ཕལ་ཆེར་སྡུག་བསྔལ་གྱིས་སེམས་ཁ་ཡོངས་སུ་གང་སོང་བའམ་ཡང་ན་སེམས་སྡུག་གིས་སྡུག་བསྔལ་ལས་རྣམ་པར་རྒྱལ་བ་དང་འདྲ། ཁྱོད་ཀྱིས་བུ་མོ་རྒྱབ་ཏུ་ཁུར་ཅིང་ཁོང་གི་བེམ་རོ་པང་དུ་བཟུང་ནས་མགོ་འཕང་བསྟད་དེ་གོམ་སྟབས་ཆེན་པོས་སྨན་ཁང་གི་སྒོར་བུད།

          སྐྱ་རེངས་ཀྱི་འོད་ཞགས་མཁའ་མཐའ་ནས་བསྲིངས་པས་སྐྱ་ཐིང་ཐིང་གི་ནམ་མཁར་སྐར་ཕྲན་རབ་རིབ་འགས་འདར་ཡོམ་རྒྱག འོན་ཀྱང་ཐོ་རངས་ཀྱི་སྐར་ཆེན་གྱིས་གསལ་ལྷང་ངེར་ཉི་གཞོན་ལ་བསུ་བ་བྱེད་དོ།།

Comments: 2
  • #2

    admin (Sunday, 21 April 2024 09:44)

    1

  • #1

    admin (Sunday, 21 April 2024 05:07)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php