སྐྱབས་བཅོལ་ལེན་རྒྱུ་རེད།

 (ཨ་ཁུ་སྟོན་པའི་གཏམ་རྒྱུད་གསར་རྩོམ། ཀ)

 

བོད་མི་ཁ་ཤས་འུ་ཐུག་ནས་བསྡད་ཡོད་པའི་ཉིན་ཞིག ཨ་ཁུ་སྟོན་པ་ལགས་ཕེབས་ནས། “ངས་མདང་དགོང་གི་གཏམ་བཟང་ཞིག་བཤད་དགོས”ཞེས་དགའ་མདོག་གི་སྣང་བ་ལྷུག་ལྷུག་བསྟན་པས། ཚང་མས་ཨ་ཁུ་ལགས་གཏམ་བཟང་ཅི་རེད། མགྱོགས་པོ་གསུང་རོགས་ཞུས། “ཨ་རིས་བོད་མི་སྐྱབས་བཅོལ་ལ་ལེན་པའི་སྐོར་རེད་གཏམ་རིན་ལ་ཅི་ཞིག་སྟེར་རྒྱུ”ཟེར་བས། ཚང་མས་ཇ་མགྲོན་ཆང་མགྲོན་སོགས་བྱས། ཨ་ཁུས་དེ་དག་ལོངས་སྤྱོད་ཞོར།

“མདང་དགོང། ཧུའུ་ཅིན་ཐོ་ཨ་རིར་ཕེབས་བྱུང། ཨོཾ་པད་མས། ཧུའུ་ལགས། ཁྱེད་རང་ཚོར་ཕྱག་རོགས་ཞུ་དགོས་པའི་དཀའ་ངལ་ག་རེ་འདུག ཅེས་བཀའ་འདྲི་གནང་སོང། ཧུའུ་ཡིས། ཡ་ཁ་བརྫི་བཞིན། བོད་རིགས་དེ་ཚོས་རྟག་པར་ཉོག་གྲ་བཟོ་གིན་འདུག ཁྱེད་ཀྱིས་ཁོ་ཚོ་ཚང་མ་སྐྱབས་བཅོལ་ལ་ལེན་རོགས་གནང། ཞེས་ཞུས་སོང” ལབ་པས། ཁོ་ཚོ་དགའ་ཐག་ཆོད་ནས། “དེ་འདྲའི་གཏམ་བཟང། དེ་ནས་་་”ཞེས་ཨ་ཁུའི་ཁ་ནང་ལ་ཅེར། “ད་ག་ལེ་ཡིན་ད”ཟེར་ནས་ཨ་ཁུས་ལྦུ་ཆང་ཁམ་འགའ་བཏུང་ནས། “ཨོཾ་པད་མས་བསམ་གཞིགས་ཤིག་གནང་ནས། ཨོ་ཁེ། ཟེར་གི”ཟེར་བས། ཁོ་ཚོ་དེ་བས་དགའ་ཐག་ཆོད་ནས་མཆོང་ལྡིང་བྱས།

མི་ཞིག་གིས། “ཨ་ཁུ་ལགས། གཏམ་བཟང་དེ་གསར་འགྱུར་བརྒྱུད་ལམ་གང་ནས་མཐོང་བྱུང” ཞེས་དྲིས་པར། ཨ་ཁུས་སླར་ཡང་ཆང་དཀར་གང་མཆོད་རྗེས། ར་བཟིའི་མིག་གིས་ཁོ་ཚོར་ལྟ་བཞིན། “ཧ་ཧ་་་་་གསར་འགྱུར་་་་་དེ་་ཧ་ཧ་ཧ་་་་དེ་་་མདང་དགོང་གི་་་་་ངའི་རྨི་ལམ་ནང་ནས་མཐོང་བྱུང” ཞེས་བཤད།

༢༠༡༡།༡༢།༥  

 

    ༅།ང་ཟོག་པོ་ཡིན་ནམ། 

སྒྲུང་ཚོམ།

 

          ཉིན་ཞིག་ངས་ཁ་ཟས་མ་རྙེད་པར་ཡར་མར་ཉུལ་ཉུལ་མཐར་རྫི་ཕྱོགས་ནས་ཤ་བཙོ་བའི་དྲི་མ་ཞིག་ཚོར་བས་ཡ་ཁ་ལྡག་བཞིན་དྲི་སྣོམ་ནས་འོངས་པ་ན་མི་ཚང་ཞིག་གི་ཁང་པའི་སྒེའུ་ཁུང་ནས་ཤ་དྲི་འཐུལ་བཞིན་པས་་འཇབ་འཇབ་ཀྱིས་བྱང་ཆ་ལྡན་པའི་ངང་ནང་དུ་འཛུལ། སྐབས་དེར་ཏག་ཏག་ཁྱིམ་བདག་རྒྱགས་ལྷུག་དེས་ཁ་ལ་སྣུམ་ཚེར་ཚེར་ལུག་ཤ་ཚོན་པོ་ཞིག་ཟ་བཞིན་པའི་སྒང་རེད། ང་ལ་ལྷག་པར་འགྲམ་ཆུ་འཁོར་ཞིང་ཡ་ཁ་ལྡག་གིན་ཉལ་ཁྲིའི་འོག་ཏུ་འཛུལ་ནས་གོ་སྐབས་ལ་སྒུག་བསྡད།

          ཁྱིམ་བདག་གིས་ཚང་ར་ཞིག་གི་ཕྱེད་ཀ་དང་ཤ་ཁུ་ཕོར་བ་གསུམ་བཏུང་རྗེས་གཞི་ནས་སྒྲེགས་པ་ཞིག་་ལྟོ་བར་ལག་པས་བྱིལ་བྱིལ་ཞིག་བྱེད་ཀྱིན་ཉལ་ཁྲིའི་སྒང་བུད་ནས་སྒེའུ་ཁུང་བརྒྱབ་སྟེ་གཉིད་ཉལ་སོང༌།

         ངས་སྒུག་བཟོད་མ་ཐུབ་པར་ག་ལེར་སོང་ནས་ཟོས་ལྷག་གི་ཤ་ལ་སོ་རེ་འདེབས་ཀྱིན་ཡང་ཁྱིམ་བདག་གི་ཕྱོགས་ལ་ཐེངས་རེ་བལྟས། རིམ་བཞིན་ངའི་རྣ་བར་སྔུར་སྒྲ་ཞིག་ཐོས་པས་གཞི་ནས་སེམས་ལྷོད་ལ་བབས་ནས་ཤའི་སྣགས་ས་ནས་ཞིམ་ཐག་ཆོད་པ་ཞིག་ཟོས། ངས་གྲོད་ཁོག་ལམ་སང་རྒྱགས་སོང༌། ཡིན་ན་ཡང་ང་ཕྱིར་འགྲོ་སའི་ལམ་མེད་པས་སེམས་མ་བདེ་བར་ཕྱིར་ཉལ་ཁྲིའི་འོག་ལ་བསྐུངས་ནས་བསྡད། གནམ་གཤིས་ཀྱང་ཧ་ཅང་གྲང་མོ་ཡིན་པས་ཕྱིར་ཐོན་ནས་ཆ་སྒམ་ཞིག་གི་ཐོག་ན་གོན་པ་བླུགས་སའི་ཤོག་སྒམ་ཞིག་ཡོད་པ་དེའི་ནང་ལ་འཛུལ་ནས་ཉལ་བསྡད་ཀྱང་སེམས་མི་བདེ་བས་གཉིད་སྐྱིད་པོ་ཞིག་ག་ལ་ཁུག

          ལྟོགས་སྐོམ་དང་ཚ་གྲང་སོགས་ཀྱི་རྨི་ལམ་རབ་རིབ་དམ་དུམ་དུ་མ་ཞིག་རྨི་བཞིན་མཐར་ས་ཡོམ་བརྒྱབ་པའི་འཇིགས་སྣང་ཞིག་གིས་སྨྲེ་ངག་ཅིག་འཆོར་བཞིན་གཉིད་སད་པ་དང༌། ཨ་ ཞེས་སྐད་ངན་ཞིག་གིས་ང་དེ་བས་ཀྱང་འཇིགས་ཡེར་རེར་བཏང༌། མ་གཞི་ཁྱིམ་བདག་གཉིད་སད་དེ་ཤོག་སྒམ་མར་བླངས་ནས་ཁ་འབྱེད་སྐབས་དང་ང་འཇིགས་སྣང་ལས་སད་པའི་གློ་བུར་བའི་སྨྲེ་ངག་གཉིས་སྟབས་འཁེལ་བས་ཁོ་ཡང་ཞེད་ཐག་ཆོད་པ་རེད།

          ངས་མུ་མཐུད་སྐད་ངན་འདོན་བཞིན་ཡར་རྒྱུག་མར་རྒྱུགས་བྱས་ཀྱང་ཕྱིར་འབྲོ་ས་ཞིག་མ་རྙེད། ཁྱིམ་བདག་གི་སེམས་ལྷོད་ལ་བབས་མ་ཐག སྡེར་མའི་ནང་གི་ངེད་གཉིས་ཀྱི་ཟོས་ལྷག་རུས་གོག་ཁ་ཤས་དེར་གཅིག་བལྟས་རྗེས། ངའི་ཤ། རྐུན་མ། ཞིམ་རྐུན་ཁྱོད། ཅེས་སྒོ་འགྲམ་ན་དབྱུག་པ་ཕྲ་བུ་ཞིག་ཡོད་པ་དེ་བཟུང་ནས་ང་ལ་གཟས་བྱུང་བས། ངས་ཡར་མཆོང་དང་མར་བྲོས་ཀྱིས་རང་སྲོག་རྟ་རྔ་འདྲ་བོ་དེ་སྲུང་ཐབས་བྱས། ང་སྐྲག་ནས་ཁོའི་དཀར་ཡོལ་སོགས་ལ་གདོང་ཐུག་ཤོར་བ་དང༌། ཁོས་ཀྱང་དབྱུག་པས་ང་ལ་མ་ཕོག་པར་ཇ་དེམ་དང་ཚ་དེམ་སོགས་ལ་བརྒྱབ་ནས་ཅ་ལག་ཆུང་ཚགས་མང་པོ་ཞིག་ལ་གས་ཆག་ཤོར་བས། ཁོ་ལྷག་པར་ཁོང་ཁྲོ་ལངས་ཏེ་དབུགས་ཧལ་ཧལ་ངང་ང་ཨེ་སོད་སོད་ལ་བལྟས་བྱུང༌། ངའི་མཆུ་ཏོ་ལ་དབྱུག་སྣེ་གཅིག་ཕོག་ནས་ཁ་ཁྲག་ཙར་རེར་བཏང་སོང༌། དེ་མ་ཐག་ང་གྲུ་ཟུར་ཞིག་ལ་བཀག་ནས་འབྲོ་ས་ཡང་མེད་པར་གྱུར་བས། ང་ཡང་འུ་ཐུག་སྟེ་སྙེར་ཞག་ཅིག་བྱས་ནས་ཁོའི་ལག་མགོར་མཆོངས་ཤིང་སྡེར་འདྲད་འགའ་བྱས་པས་ཁོས་ཨ་ཚ་ཚ་ཞེས་སྐད་ངན་ཞིག་འཆོར་བཞིན་དབྱུག་པ་ལག་ནས་ཤོར་སོང༌། ངས་མུ་མཐུད་དེ་མཆེ་གཙིགས་སྣ་སྙེར་གྱིས་འཐབ་རྩལ་ངོམ་པ་ན། ཁོས་འདྲེ། ཞིམ་འདྲེ་འདུག ཅེས་སྒོ་ཕྱེས་ཏེ་བྲོས་སོང་བས། གཞི་ནས་ང་ཡང་འབྲོ་ལམ་ཐོབ་སྟེ་སྒོ་ཕྱིར་རྒྱུགས་པ་ན་ཁོས་ངས་འདེད་ཀྱིན་འདུག་བསམ་ནས་ལྷག་པར་ཞེད་དེ་བྲོས་སོང༌།

 

༄།དྲིན་ཆེན།

 

          ང་ཆུང་དུས་ནས་ཐང་སྟོང་དུ་འཁྱམ་པོར་གྱུར་བའི་བདག་མེད་ཀྱི་བྱི་ལ་མོ་ཞིག་ཡིན་པས། ངས་ནམ་རྒྱུན་རང་གི་ལྷན་སྐྱེས་ཀྱི་མཆེ་སྡེར་དང་རྩལ་ཤུགས་ལ་བརྟེན་ནས་ཙི་ཙི་དང་བྱིའུ་སོགས་བསད་པ་དང༌། སྐབས་རེར་གྲོང་ཁྱིམ་ཉུལ་ནས་རྐུ་བྱས་ཏེ་རང་ཁ་གསོས་པ་ཡིན།

          ཉིན་ཞིག གྲྭ་ཤག་ཅིག་ཏུ་རྐུ་བྱེད་དུས། སྟབས་མ་ལེགས་པར་གྲྭ་རྒན་ཞིག་གིས་ང་བཟུང་ནས་སྐེ་ལ་ཐག་པ་བརྒྱབ་སྟེ་བདག་ཉར་བྱས། ཡིན་ན་ཡང༌། ཁོང་ལ་བྱང་སེམས་ཆེ་བས།ཁྱོད་ཀྱིས་འདི་ལྟར་རྐུ་དང་སྲོག་གཅོད་ཀྱི་སྡིག་པ་ཆེན་པོ་གསོག་པ་ལས་ང་མཉམ་དུ་དཀོར་ཅུང་རེ་ཟོས་ན་དེར་ཉེས་པ་ཉུང༌། འཚེ་མེད་ཞི་བས་འཚོ་བ་ལ། ཁྱོད་ཀྱི་སྡེར་མོ་སྲོག་གཅོད་ཀྱི་མཚོན་ཆ་དག་ཀྱང་དགོས་པ་མེད། ངས་ཁྱོད་ལ་གཟུངས་སྔགས་ཤིག་སློབ། ཁྱོད་ཀྱིས་འདི་ཐོན་ལ་སྡིག་སྤང་དགེ་སྒྲུབ་བྱོསཞེས་གསུངས། ངས་ཀྱང། ཁོང་གི་བཞེས་ལྷག་གི་ཤ་མར་དང་འོ་མ་སོགས་ལ་ལོངས་སུ་སྤྱད་དེ་རྟག་པར་གཉིད་ཉལ་ནས་གཟུངས་སྔགས་ཏེ་བཟློས། རིམ་བཞིན་བདག་གི་སྡེར་མོ་རྣམས་ཤ་གསེང་དུ་ཐིམ་པར་གྱུར་ཅིང༌། ཙི་ཙི་རེ་མཐོང་ཡང་གསོད་སེམས་མ་སྐྱེས།

          ཉིན་ཤས་སྔོན། སྦྱིན་བདག་ཁོང་གྲོངས་པས་ང་སླར་ཡང་བདག་མེད་དུ་གྱུར་ཅིང་ག་སར་འཁྱམ་དགོས་བྱུང༌། ལྟོགས་སྐོམ་གྱིས་མནར་བས། ངས་སླར་ཡང་རྐུ་བྱེད་པ་དང་ཙི་ཙི་ཟ་འདོད་བྱུང༌། ཡིན་ན་ཡང་ད་ལྟ་ང་རང་ལོ་ན་རྒས་ཏེ་ལུས་རྩལ་ཉམས་པའི་ཐོག་སྡེར་མོ་ཡང་མེད་པས། ངས་རང་ཁ་གསོ་ཐབས་བྲལ། དེ་བས་ངས་དྲིན་ཆེན་ཁོང་ལ་མ་ཎི་ཞིག་འདོན་རྒྱུའི་ཚབ་ལ། ད་དུང་འཁང་ར་དང་ལེ་ལན་མང་པོ་ཞིག་བདའ་དགོས་བྱུང༌།

       ད་ནི། ངས་དཀོན་མཆོག་ལ། ང་ལ་སླར་ཡང་སྡེར་མོ་རྣམས་སྐྱེ་བའི་གསོལ་བ་འདེབས་ཀྱིན་ཡོད།

 

༄།སྦྱིན་བདག

 

 

         མེའོ་མེའོ་ཞི་མི་དེས་རྟག་པར་ལྟོགས་སྐོམ་བྱུང་དུས་ད་གཟོད་སྡུག་སྐད་བརྒྱབ་ནས་མཇུག་མ་ཡར་བསྒྲེངས་ཏེ་སྦྱིན་བདག་གི་གདོང་ལ་བལྟས་ནས་ཁ་གདང་སྟེ་འདི་ལྟར་བཟའ་བཏུང་སློང་བ་རེད། སྦྱིན་བདག་གིས་ཀྱང༌། ཞི་མིའི་རེ་སྐུལ་ཇི་བཞིན་རྟོགས་ནས། རང་གི་ཟས་ལྷག་རྣམས་ལས་གང་ཡོད་རེ་སྤྲོད་ཀྱིན་ཡོད་ལ། སྐབས་རེར་འོ་མ་དང་ཤ་རྡོག་རེ་ཡང་སྤྲོད་ཀྱིན་ཡོད།

          ཉིན་ཞིག སྦྱིན་བདག་ནང་ལ་ཡོང་ནས་ཡུན་རིང་ངུས།ཞི་མི་དེ་མལ་ས་ལས་མགོ་ཡར་བཀྱགས་ཏེ་གླལ་རིང་ཞིག་བྱས་ཏེ།མེའོ་མེའོ་ཞེས་སྦྱིན་བདག་གི་འཁྲིས་ལ་རྒྱུགས་ཡོང༌། སྦྱིན་བདག་གིས་ཞི་མིའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན།དེ་རིང་ངའི་སྦྱིན་བདག་གྲོངས་སོང༌། གལ་ཏེ་ང་ཡང་ཤི་སོང་ན། ཁྱེད་རང་ཇི་ལྟར་བྱེདཅེས་ལབ།

 

 

  

༄།སྤུན་མཆེད་གསུམ།

 

 

         ཞི་མི་ཨ་ན་དང་ཞི་མི་ཐ་ན་གཉིས་སྤུན་མཆེད་ཡིན་ལ། ཆུང་དུས་སྤྲེའུ་ཨ་ལི་མ་ཟེར་བ་ཞིག་གིས་ཁོ་གཉིས་ལ་མགོ་སྐོར་བཏང་ནས་བག་ལེབ་ཧམ་ཟ་བྱས་པའི་གཏམ་རྒྱུད་ཅིག་ཀྱང་ཡོད། སློབ་གྲོགས་ཚོས་གཏམ་རྒྱུད་འདི་ཤེས་ཡོད་ངེས། ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང༌། ང་ཚོ་དང་དེ་ཚོའི་བར་ལ་ཁྱད་པར་ཅི་ཞིག་འདུག ང་ཚོའི་སློབ་ཕྲུག་ལ་ལ་ཞིག་ཞི་མི་སྤུན་མཆེད་ལྟར་བླུན་རྨོངས་ཡིན་ལ། ལ་ལ་ཞིག་སྤྲེའུ་གཡོ་སྒྱུ་ཅན་བཞིན་གྲུང་པོ་ཡོད། དེ་གཉིས་གང་ཞིག་ཡིན་ན་ཡང༌། ང་ཚོར་མཁོ་བའི་སློབ་མ་ཞིག་གཏན་ནས་མིན། འོ་ན་ང་ཚོར་མཁོ་བའི་སློབ་མ་དེ་གང་འདྲ་ཞིག་ཡིན་ནམ། ཁྱོད་ཀྱིས་གཤམ་གྱི་སྒྲུང་འདི་བཀླགས་ན་གསལ་བོ་ཤེས་ཐུབ།

 

         ཉིན་ཞིག ཁོ་ཚོ་གསུམ་པོ་ལམ་ག་ཞིག་ནས་ངོ་ཐུག་བྱུང། ཨ་ལི་མས་དགའ་མདོག་ཆེན་པོ་བསྟན་ནས།སྤུན་ཆུང་གཉིས་ག་པར་འགྲོཞེས་དྲིས་པས། ཨ་ན་ཡིས།དེ་རིང་གཟའ་ཉི་མ་ཡིན་པས་ངེད་གཉིས་གཙང་བོའི་ཁ་ལ་འཆམ་འཆམ་ལ་འགྲོ་གི་ཡོདཅེས་ལབ། ཡང་ཨ་ལི་མས།འོ་ན་ཡག་པོ་འདུག་ང་ཡང་ཁྱོད་གཉིས་མཉམ་དུ་འགྲོ་འདོད་འདུགཅེས་ལབ་ནས་ཁོ་ཚོ་མཉམ་དུ་གཙང་བོའི་ཁར་སོང་ནས་རྩེད་མོ་མང་པོ་རྩེས་པས་ཁ་སྐོམ་ཞིང་གྲོད་ཁོག་ལྟོགས།

         དེ་ནས་ཨ་ལི་མ་ཡིས།གྲོགས་པོ་གཉིས་ལ་སྒོར་མོ་ཡོད་ན་ཕར་གའི་ཚོང་ཁང་ནང་ནས་ང་ཚོར་བཟའ་བཏུང་ཞིག་ཉོས་ཤོག་དང་གཟའ་འཁོར་རྗེས་མར་ངས་ཤིང་ཏོག་མང་པོ་བརྐུས་ནས་ཡོང་ཆོགཅེས་ལབ་པས། ཨ་ན་ཡིས།ཁྱེད་རང་གིས་ཡང་སྔོན་མ་ལྟར་ངེད་གཉིས་མགོ་སྐོར་གཏོང་ཐུབ་ཀྱིརེད་བསམ་གྱི་ཡོད་དམ། ཁྱེད་རང་ཉོ་གི་འགྲོ་ཐུབ་ན་སྒོར་མོ་ངེད་གཉིས་ཀྱིས་སྤྲོད་ཆོགཅེས་སྒོར་མོ་ལྔ་བཅུ་ལོ་གཅིག་ཁོ་ལ་སྤྲད། ཨ་ལི་མ་ཅུང་ངོ་ཚ་བཞིན།རེད་རེད། ང་རྒྱུག་ཆོག ང་མགྱོགས་པོ་ཡོང་ངེས་ཡིནཞེས་སྒོར་མོ་ཁུར་ནས་ཕ་གའི་ཚོང་ཁང་དུ་སོང་ནས། ཀ་ར་གོ་རེ་ཤོག་ཐུམ་ཆུང་ངུ་གསུམ་དང༌། ཤིང་ཏོག་གི་ཁུ་བ་གྲང་མོ་ཤེལ་དམ་ཆུང་ངུ་གསུམ་ཉོས་ཡོང་ནས།ད་དུང་སྒོར་མོ་འགའ་འདང་མ་སོང་ཟེར་གྱིན་རང་གི་ཨམ་ཕྲག་ལས་ཐ་མག་སྒམ་ཆུང་ཞིག་བླངས་ཏེ་དུ་བ་འཐེན། ཐ་ན་དང་ཨ་ན་གཉིས་ཀས་ཤོག་ཐུམ་དང་ཤེལ་དམ་ཐོག་བྲིས་པའི་རིན་གོང་ལ་གཅིག་བལྟས་ཏེ།ཤོག་ཐུམ་ཆུང་བ་རེར་སྒོར་ལྔ་རེ་དང༌། ཤེལ་དམ་ཆུང་བ་རེར་སྒོར་དགུ་རེ་རེད། ཚང་མ་བསྡོམས་ན་སྒོར་སུམ་ཅུ་སོ་གཉིས་རེད།ལྷག་མ་དེས་རང་གི་ཐ་མག་ཉོས་ནས། ད་དུང་སྐྱག་རྫུན་བཤད། ངོ་ཚ་ཁྲེལ་མེད་ཁྱོད། རྗེས་མ་ནས་གྲོགས་པོ་ཡང་རག་རྒྱུ་མ་རེད།” ཅེས་བཤད་པས། ཨ་ལི་མ་ངོ་ཚ་ཞིང་ཧང་སངས་ནས།ཁྱེད་རང་གཉིས་ཡི་གེ་དང་རྩིས་ཀྱང་ཤེས་ཀྱིན་ཡོད་དམཞེས་དྲིས་པས།

         ཨ་ན་ན་རེ།ངེད་གཉིས་ཀྱི་ཕ་མས་ངེད་གཉིས་གླེན་རྨོངས་ཞིག་ཡིན་པ་ཤེས་ནས། སློབ་གྲྭར་བཏང་བ་རེད། ད་ལྟར་ངེད་གཉིས་ལོ་རིམ་ལྔ་བ་ཡིན།ཞེས་བཤད་པ་དང༌། ཐ་ན་ན་རེ།ཁྱོད་རང་སྔར་བཞིན་འདི་ལྟར་ག་སར་འཁྱམ་ནས་གཞན་ལ་མགོ་སྐོར་གཏོང་བ་དང་རྐུ་མ་བྱས་ནས་བསྡད་ན་ནམ་ཞིག་འགྱོད་པ་སྐྱེ་གི་རེད” ཅེས་བཤད་པས། ཨ་ལི་མིས་མིག་མཏར་མཆི་མ་འཁོར་གྱིན།ང་ལ་ཕ་མ་མེད་པས་སློབ་གྲྭར་འགྲོ་མི་ཐུབ། ཡིན་ན་ཡང༌། རྗེས་མ་ནས་ང་རང་མི་ཡག་པོ་ཡ་རབས་ཤིག་བྱེད་ཀྱི་ཡིན།ཞེས་བཤད་པས། ཨ་ན་ཐ་ན་གཉིས་ཀས་ཁོ་ལ་སྙིང་རྗེ་ནས།འོ་ན། ང་ཚོ་རྗེས་མ་ནས་སྤུན་མཆེད་བྱ་ཆོག ད་དུང་ངེད་གཉིས་ཀས་རང་ལ་ཡི་གེ་བསླབ་རོགས་ཀྱང་བྱས་ཆོགཅེས་བཤད་ནས་ཁོ་ཚོ་ཕན་ཚུན་འཐམས་ནས་ངུས་སོ།།

Comments: 3
  • #3

    admin (Sunday, 21 April 2024 09:44)

    1

  • #2

    admin (Sunday, 21 April 2024 05:07)

    1

  • #1

    གསལ་ལེ་རྒྱལ། (Monday, 02 May 2011 19:08)

    བྱིས་སྒྲུང་དག་བཀླགས་ཟིན། འདི་དག་སློབ་གྲྭའི་་བྱིས་བ་ཚོས་མཐོང་ན་ཡག་ས་རེད། མ་མཐོང་ན་གསེང་ས་འོག་ཏུ་ལུས་བ་དང་གཅིག་པ་རེད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php