སྨན་ཁང་གི་གསང་བ།

 

 

རི་ལུང་ལྗང་མདོག་ལྡན་ཡང་འོད་མདངས་ཉམས།།

ཆུ་ཀླུང་ཆལ་ཆིལ་འབབ་པ་རྙོག་མས་བསླད།།

                       འདི་ནི་ཆ་མི་ཚང་བའི་སྙན་ཚིག་རྐང་གཉིས།།

 

          ཆར་སྤྲིན་སྔོན་མོས་ནམ་མཁའ་ཡང་ཡང་བསྒྲིབས་པས་ས་གནམ་གཉིས་གཅིག་གདོང་གཅིག་གིས་མཐོང་ལ་བར་ཆར་ཤིན་ཏུ་ཆེ། ལྷག་པར་དུད་སྨུག་གིས་དཀྲིས་པའི་རྫོང་ཆུང་འདི་གནམ་རྒན་མས་མཐོང་སྲིད་དམ།

          རྫོང་མི་དམངས་སྨན་ཁང་གི་སྒོ་རྟགས་ཨང་༢༠བའི་ནད་ཁང་གི་ཉལ་ཁྲི་དང་པོའི་སྟེང་ན་ཉལ་ གོས་ཁོག་སྨད་ལ་དེད་ཅིང་རྒྱབ་གྱང་ངོས་ལ་བརྟེན་ནས་ཡར་དགྱེ་ཙམ་ངང་ གནག་སྣུམ་སླས་མའི་སྐྲ་ཡིས་གདོང་ཕྱེད་གཡོགས་པའི་གསེབ་ཀྱི་སྐྱ་ཞིང་སྐམ་པའི་ གདོང་དབྱིབས་སྒོར་མོའི་ངོས་ཀྱི་ཉམ་ཐག་ཅིང་འོད་མདངས་མི་གསལ་བའི་མིག་ཟུང་ཆུང་ ཆུང་ལས་མཆི་མའི་ཐིགས་པ་རྡོག་པོ་གཉིས་དམའ་ལ་ཉག་པའི་སྣ་གདོང་ནས་འདྲེས་ལ་ཁད་ ཀྱིས་འགྲམ་པའི་ཤུར་མོ་བརྒྱུད་དེ་དོག་ཅིང་དམ་པོར་བཙུམ་པའི་མཆུ་སྒྲོས་ཀྱི་ཟུར་གཉིས་ནས་སྟོད་གོས་དམར་པོའི་དང་ག་ཕྱེ་བའི་བྲང་ངོས་ཀྱི་ནུ་འབུར་གཉིས་ཀྱི་སྟེང་ལ་མཆོང་། བཤུལ་ལམ་རིང་མོ་བརྒྱུད་མ་མྱོང་བའི་ན་ཆུང་མ་འདི་ལ་སེམས་སྡུག་གང་ཞིག་ཡོད་དམ། མོས་ལོགས་ཀྱི་ཆ་སྒམ་ཆུང་ངའི་སྟེང་གི་འབྲི་དེབ་ཆུང་ངུ་དེ་དང་སྙུ་གུ་གསར་བ་དེ་པང་དུ་བླངས་ཏེ་ཡི་གེ་ཞིག་བྲིས།

 

     སྙིང་གྲོགས་ཉི་མ་ལགས་ལ་ཆེད་ཞུ། ཁོ་མོས་ཕྲུ་གུ་བདེ་བླག་ངང་སྐྱེ་ཕྱིར་རྫོང་སྨན་ཁང་བསྟེན་མོད། སྨན་ཁང་གི་བརྟག་དཔྱད་བྱས་པ་ན། ཕྲུ་གུ་ནད་པ་ཆགས་འདུག་པས་མྱུར་བར་བཤགས་བཅོས་མ་བྱས་ན་མ་བུ་གཉིས་ལ་སྲོག་ཉེན་ ཆེ་ཟེར་བས་ངས་ཡིད་འཐད་བྱས་སོང་། ད་དུང་ཡིད་ཕངས་བ་ཞིག་ལ་ལོ་ཚོད་མ་རན་པ་དང་གཉེན་སྒྲིག་མ་བྱས་བར་ཕྲུ་གུ་ཆགས་པའི་ཉེས་ཆད་ལ་སྒོར་མོ་སྟོང་གཅིག་སྤྲོད་དགོས། ཡང་ན་བྱིས་པ་སྐྱེ་མེད་བཟོ་དགོས་ཟེར་བས་ངས་སྒོར་མོ་མྱུར་སྤྲོད་མ་ཐུབ་པར་ཕྲུ་གུ་སྐྱེ་མེད་ཀྱང་། སྙིང་གྲོགས་ལགས། ཁྱེད་ཀྱིས་ང་ལ་བཟོད་པ་གནང་རོགས་ཞུ། བཟོད་སྒོམ་དང་སྙིང་རྗེ་གནང་རོགས་ཞུ། །

 

     ཁོ་མོའི་མཆི་མ་རྡོག་པོ་གཉིས་ཡང་བསྐྱར་མཆོང་ཐེངས་གཅིག་གིས་ཞུ་ཟེར་བའི་ཡིག་འབྲུ་གཉིས་ཀྱི་སྟེང་དུ་ཐིམ།དེར་མཐུད་མཚམས་མེད་པའི་མིག་ཆུ་ནི་ཆུ་མིག་བརྡོལ་བ་བཞིན་དུ་བཞུར་མོད་ཚད་མེད་པའི་སྙིང་གཏམ་ཡོད་ཚད་ཚད་ཡོད་པའི་ཡིག་འབྲུ་འགས་བསྡུས་སོང་། སྟོད་གོས་ཀྱི་མཐུ་སྣེ་གཉིས་ཀྱིས་མཆི་མ་ཕྱིས། མཆི་མས་གདོང་པ་ཞིག་བཀྲུས་ཏེ་འབྲི་དེབ་དང་གར་སྦྱར་ཅིང་ཡང་བསྐྱར་འདང་རྒྱག་གི་ནང་དུ་ལྷུང་།

 

          ཐག ཐག ཐག་དུས་ཚོད་སྐར་ཆ་རེ་རེས་མདུན་སྐྱོད་བྱེད་པ་དང་བསྟུན་ཁོ་མོ་རྨི་ལམ་སྐྱོ་བོ་དེའི་ཁྲོད་དུ་ཕྱིར་སྐྱོད་བྱེད།

          ནུབ་ཕྱོགས་ན་སྤྲིན་ནག་གིས་བང་རིམ་རྩེག་ཅིང་འབྲུག་གི་ལྡིར་སྒྲ་རིང་པོ་ཞིག་གིས་ཆར་བརྡ་གཏོང་གིན་འདུག ནམ་མཁའ་རིབ་ཏེ་ཇེ་ནག་ཇེ་ནག རི་ལུང་ལྗང་མདོག་ལྡན་ཡང་འོད་མདངས་ཉམས།

          ཙིར་སྒྲ་ཆུང་ངུ་ཞིག་དང་ལྷན་སྒོ་དལ་གྱིས་ཕྱེ་བྱུང་། གཟུགས་ཐུང་ལ་ཤ་རྒྱགས་པ། གདོང་ནག་ཞིང་མིག་འབུར་བ། ཁ་སྣ་རགས་པ་སྣམ་བུ་མཐུག་པོའི་བོད་ལྭ་ཐར་རྐྱང་ཞིག་གྱོན་པའི་སྐྱེས་བ་ཞིག་གིས་ལག་ལ་ལྕགས་ཀྲིན་དང་ཀུ་ཤུ   ཀ་ར་གོ་རེ་སོགས་མང་པོ་ཞིག་བླུགས་པའི་དྲ་ཕད་ཅིག་ཁྱེར་ནས་གཉིད་དུ་ཡུར་བའི་ཁོ་མོའི་གདོང་ལ་ཞིབ་ཏུ་ལྟ་བཞིན་ག་ལེར་མོའི་འཁྲིས་སུ་བཅར་ཅིང་དྲ་ཕད་ལོགས་ཀྱི་ཆ་སྒམ་ཐོག་ལ་བཞག་ནས།

          མོའི་པང་གི་འབྲི་དེབ་དེ་ཚུར་བླངས་ཏེ་མགྱོག་པོ་ཚར་གཅིག་བཀླགས་ཤིང་ཡང་བསྐྱར་ མིག་གིས་རྡེབ་འཚུམ་མེད་པར་ག་ལེར་ཐེངས་གཅིག་བལྟས།

          ང་ལ་བཟོད་སྒོམ་གནང་རོགས། བཟོད་སྒོམ་གནང་རོགས་ཁོ་མོས་གློ་བུར་དུ་གཉིད་ལབ་བརྒྱབ། ཁོས་ཁོ་མོའི་ལག་པར་འཇུས་ཏེ་། ཟླ་བ་ཟླ་བ་ཞེས་བོས། ཟླ་བས་མིག་ཕྱེ་བ་དང་རེ་ཞིག་ཧད་དེ་ལུས། ཟླ་བ་ང་ཡིན། ངས་ཁྱེད་ལ་བཟོད་སྒོམ་ལོས་བྱེད།

          ཨ་་་་ ཉི་མ་མོས་སྒྲ་རིང་ཞིང་སྐད་མཐོན་པོའི་ངུ་སྐད་དང་བཅས་ཁོ་ལ་འཐམས། ཁོས་ཀྱང་མོར་འཁྱུད།མོའི་དམའ་ཞིང་ཉག་པའི་སྙིང་རྗེ་བོའི་སྣ་གདོང་ཁོ་བོའི་མཐུག་ཅིང་འབུར་བའི་སྣ་གདོང་གཉིས་རེ་ཞིག་ལ་འཕར་ཁ་འཕྲོད། ངའི་རྨི་ལམ་དུའང་ཁྱེད་སླེབས་པ་ཞིག་རྨིས་བྱུང་། ཁྱེད་ཀྱི་གནས་ཚུལ་འདི་གོ་སོང་ངམ། ཚོང་བ་ཞིག་གི་ངག་ནས་སྐད་ཆ་ཟུར་ཙམ་ཞིག་ཐོས་པས་སེམས་མ་བདེ་བར་ཉིན་ཁ་ཤས་ཀྱི་དགོངས་བ་ཞུས་ནས་ཡོང་བ་ཡིན། ཁོས་རང་གི་ལག་གི་མོའི་འབྲི་དེབ་དེར་གཅིག་ལྟ་བཞིན། ཡིན་ཡང་བློ་ཕམ་པའི་གནས་ཚུལ་འདི་ད་གཟོད་ཤེས་པ་ཡིན། འོ་ད་ཁྱེད་རང་ག་འདྲ་འདུག     ད་བདེ་བོ་འདུག་མོད།       སྨན་ཁང་འདིར་ཡོང་བ་ནས་སེམས་ཤིག་གཏན་ནས་བདེ་མ་སོང་། ཁྱེད་ཀྱི་ངོ་ལ་བལྟས་ན་ཡང་སྐྱོ་བ་ཞིག་རེད།   ད་འགྱོད་པ་དང་སེམས་སྡུག་གིས་ཅི་བྱེད། རང་ལུས་ལ་གཅེས་སྤྲས་བྱོས། ང་ནམ་ཡང་ཁྱེད་རང་ལ་དབང་གི་རེད།

 

          ཉི་མ་ཟླ་བར་ལྷག་པར་སེམས་འགུལ་གྱིས་མཆི་མ་བྱུང་སྟེ་་་་ཨ་མས་བཤད་ན་ཕྲུ་གུ་ བླངས་མ་ཐག་དབུགས་ཅུང་ཟད་འདུག་ཅིང་བུ་ཞིག་རེད། ཆེན་པོ་ཆགས་འདུག

          ཁྱེད་རང་དང་ཧ་ཅང་འདྲ་བོ་འདུག་ཟེར། ཕྱིན་ཆད་ཕྲུ་གུ་ལ་རེ་བ་ཡོད་པ་མ་རེད།

          ཟླ་བའི་ངུ་ངག་གི་མཆི་མ་ཇེ་མང་ཇེ་མང་། སེམས་གཏམ་རེ་དང་མཆི་མ་རེ། ཉི་མའི་འབུར་ཅིང་ཆེ་བའི་མིག་གཉིས་ཀྱང་རེ་ཞིག་ལ་རྡེབ་འཚུམ་མེད་པར་གྱུར་ཅིང་མཆི་མའི་ཐིགས་ཞིག་གིས་མིག་མཐའ་བསྐོར་ཏེ་མཁྲེགས་པར་གྱུར།

          zླ་བ་ད་དེའི་སྐོར་མ་གླེང་། རང་སེམས་ལ་རྨ་བཟོས་བ་ལས་ཅང་མི་འདུག འདི་ང་གཉིས་གཅིག་པུའི་ལས་དབང་མ་རེད། དེང་སང་གི་བཟའ་ཟླ་འདི་ཚོའི་ནང་ན་འདི་འདྲ་གང་མང་ཡོང་གི་ཡོད་པ་རེད།

          ཡིན་ན་ཡང་། དེ་དང་མཉམ་དུ་རླུང་འཚུབ་ཅིག་གིས་སྒེའུ་ཁུང་ཁྲོག་སེ་བརྒྱབ། གློག་མར་འཚུབ་སེ་འཁྱུག་པ་དང་ལྡིར་སྒྲ་དྲག་ཅིང་རིང་པོ་ཞིག་དང་འགྲོགས་ཏེ་། ཐག་་་་་་ཐག་་་་ ཉི་མའི་མིག་རྡོག་ལ་འགྲན་པའི་ཆར་རྡེའུ་རེ་རེ་དྲ་མའི་ཁ་ནས་ཕར་མཆོང་དང་ཚུར་མཆོང་། ཡར་སྐྱར། ཤུར་ཤུར་ཤུར། ཟླ་བའི་མཆི་མ་བྱོ་བ་དང་འདྲ་བའི་ཆར་ནག སེར་བ་ནི་སྐད་ཅིག་ཡིན་ཡང་། ཆར་ནག་ལ་ཡུན་རིང་། སེར་ར་དང་ཆར་ནག་འདྲེས་པའི་ཆར་ཞོད་འདི་འདྲ་ས་ཆ་འདི་ལ་ཉུང་ཤས་ཡིན་ཡང་། ཉི་ཟླ་ལྟ་བུའི་མི་སེམས་ཀྱི་རྨ་ཁ་རལ་བ་ནི་སེར་ཆར་གྱི་གྲངས་དང་ཆར་ནག་གི་རྒྱུན་ནོ།།

          སྐད་ཅིག་ལ་རྫོང་བརྡལ་ཆུང་ངུ་འདི་ཆར་ཆུའི་ཆུ་མཛོད་ཆུང་ངུ་ཞིག་ཏུ་གྱུར། ཆུ་ཀླུང་ཆལ་ཆིལ་འབབ་པ་རྙོག་མས་བསླད། སྐད་ཅིག་ལ་གཟའ་འཁོར་གཅིག་འདས་སོང་། ནམ་ཟླའང་ཅུང་ཟད་དྭངས་ཤིང་དྲོ།

 

ཟླ་བ། ད་ཁ་ངོ་ལ་ཡང་དམར་མདངས་ཅུང་ཟད་རྒྱས་འདུག

ཉི་མ། ཁྱེད་རང་ངས་འགྲམ་ནས་བསྡད་པའི་ཉིན་ཤས་རིང་ལ་ང་ཇེ་དགའ་འདི་ཙམ་བུད་སོང་། ཁྱེད་ད་དུང་ཉིན་ཤས་ལ་འདུག་ཁོམ་ཡོད་ན་ང་ལམ་སང་དྲག་ཐག་ཆོད་རེད།

ཧ་ཧ་ཧ་་་་སྨན་པ་ལས་ཀྱང་ང་བཟང་གི་ཡོད་པ་རེད་དམ། ཧ་ཧ་ཧ་་་་་ཧ་ཧ་ཧ་ཧ་་་་་་་་་

ལོ་མཇུག་འདིར་ང་ཚོ་དགེ་རྒན་སྦྱོང་བརྡར་ཡང་མཇུག་རྫོགས་ཀྱི་ཡོད་པ་རེད། ལོ་གསར་བའི་ནང་ང་གཉིས་ཀྱང་ཁྱིམ་ཚང་གསར་བ་ཞིག་འགྲུབ་རྒྱུ་རེད།     ཁྱེད་རང་མོ་ལོ་ཉེར་ཅིག་ལ་སླེབས་སོང་བ་མིན་ནམ།   ཁྱེད་ཀྱི་སེམས་གསོའི་ཚིག་རེ་རེ་འདི་ང་ལ་སྨན་ཁང་གི་སྨན་ཁབ་རེ་རེ་ལས་ཀྱང་ལྷག་པ་ཞིག་རེད།   ཁོ་དང་མོ་གཉིས་ཀྱི་སྣ་གདོང་གཉིས་ཡང་སྐྱར་འཕལ་ཁ་འཕྲོད། བརྩེ་དུང་གི་དྲོད་རླབས་ཕྱི་ནས་ནང་དང་ནང་ནས་ཕྱི། ཐམས་ཅད་དྲོད་ཀྱིས་ཁེངས། འདི་ནི་འབྲལ་ཁའི་མཚམས་འདྲི་ཞིག་ཡིན་ལ་ཆེས་མཇུག་མཐའི་མཚམས་འདྲི་ཞིག་ཡིན་ཡང་ཐང་། གཟའ་ཉི་མ་འདས་ནས་གཟའ་ཟླ་བ་སླེབས་ཤིང་ཟླ་བ་བཞག་ནས་ཉི་མ་ཡང་ཕྱིར་སོང་། མོ་ལའང་སེམས་ཁྲལ་དེ་བས་མི་ཆེ།

          ཡང་སྐྱར་གཟའ་ཉི་མ་དེ་སླེབས་པ་དང་ལྷན་དུ་བཀྲ་ཤིས་བའི་གཏམ་ཞིག་བཀྲ་མི་ཤེས་ བའི་རླུང་ཁྲོད་ན་འུར་བ་ནི། གཟའ་འཁོར་རྗེས་མ་ནས་ཀྲང་ལྷ་རྗེས་ཕྱག་ལས་མཚམས་འཇོག་གནང་ནས་ཀྲིག་སྨན་ཁང་གི་ཡོན་ཀྲང་{སྨན་ཁང་གི་ལས་འཁུར་གཙོ་བོའི་ཐོབ་ཐང་ཞིག}ཁུར་ལེན་མཛད་དུ་ཕེབས་རྒྱུ་རེད། ཁྱབ་བསྒྲགས་ཀྱི་བརྡ་ཐོ་འདི་ འབྲུག་སྒྲ་ཐེངས་གཅིག་བཞིན་སྐད་ཅིག་ལ་རྩྭ་ཐང་ཡོངས་སུ་ཁྱབ། ཀྲང་སྨན་པ་མ་གཞི་ནས་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡིན་ལ་གཤགས་བཅོས་ཀྱི་ལག་རྩལ་བཟང་བོ་ཡོད་པས་རྩྭ་ཐང་ཆུང་ངུ་འདིར་མིང་གྲགས་ཁྱབ་ཡོད། ཐོག་མར་ས་ཆ་ འདིར་ཕྲུ་གུ་སྐྱེ་མེད་བཟོ་དུས་བུད་མེད་གང་མང་ཞིག་ལ་དབང་སྐྱོན་ཤོར་བ་དང་ཐ་ན་སྲོག་ཤོར་བ་ཡང་མི་ཉུང་བ་ཞིག་ཡོད་ལ། ཀྲང་སྨན་པ་སླེབས་ནས་བཟུང་ཚུལ་དེའི་རྒྱུན་ཇེ་ཉུང་དུ་གྱུར་བ་དང་ད་ལྟ་ཀྲང་སྨན་པའི་ལག་འོག་ནས་སྲོག་ཤོར་སོང་བ་གཅིག་ཀྱང་མེད་པས་མི་ཚང་མས་ང་ཚོའི་ཀྲང་ལྷ་རྗེ་ཞེས་འབོད་ཀྱིན་ཡོད། དེ་བས་གནས་ཚུལ་འདི་ཐོས་པས་མི་མང་ལ་སླར་ཡང་སེམས་ཁྲལ་དང་དངངས་འཚབ་ སྐྱེ་བའི་འགོ་ཚུགས། རེད་དེ།   ལྷ་རྗེའི་ཕྱག་ཟུང་ལ་འདྲེ་ལག་ཏུ་སུ་ཞིག་གིས་མཐོང་ཐུབ་བམ།

 

          གཟའ་ཉི་མ་འདིར་ཉི་མ་ཚ་བོ་དང་ནམ་མཁའ་དྭངས་ལ་རྩྭ་ཐང་ཡང་ཅུང་ཟད་འཛུམ་མདངས་ལྡན་པ་ཞིག་རེད། ཡིན་ནའང་མི་རྣམས་ཀྱི་གདོང་དེ་ལས་ལྡོག་དགོས་དོན་ཅི། དེ་རིང་ཀྲང་ལྷ་རྗེ་ཕུ་བུ་གཉིས་ཀྱང་ལྡུམ་ར་ཆུང་ངུ་དེའི་ནང་ན་བག་ལྷོད་པོར་ངལ་གསོ་གནང་ནས་འདུག ཟླ་བ་ཡང་སྨན་ཁང་གི་ར་བའི་སྤང་ཐང་ཆུང་ངུའི་ནང་ན་ཁ་བུབ་ཉལ་ནས་རྐང་པ་གཉིས་གནམ་ལ་འགྱོག་ཙམ་དང་ས་ལ་འཇོག་ཙམ་ངང་ལག་གཉིས་ཀྱིས་འགྲམ་པ་སྐྱོར་ཅིང་སྨན་པ་ཕ་བུ་གཉིས་ལ་ལྟ་བཞིན་ཆིག་ལབ་འདི་ལྟར། ང་ཡང་ལས་ངན་ནང་ནས་ལས་ཅན་ཞིག་རེད།   ཀྲང་ལྷ་རྗེའི་ཕྱག་ཟུང་མིན་ན་རང་གི་སྲོག་ཀྱང་དབང་ཡོད་མེད་མི་ཤེས། ཁོང་ཕེབས་སོང་ན་རྩྭ་ཐང་གི་བུ་མོ་ཚོ་ཡང་སྐྱར་སྨྱོན་མ་གཟའ་རོ་ལྟ་བུར་ཆགས་མི་ཡོང་ངམ། དེའི་སྐབས་སྨན་པ་ཕ་བུ་གཉིས་ཀྱིས་ཀྱང་ཟླ་བ་ལ་ལྟ་ཙམ་བྱེད་ཀིན་གསང་ལབ་ཤབ་ཤུབ་ཅིག་གི་འགོ་བཟུང་། བུ་མོ་ལས་ངན་འདི་ཡང་ངའི་ལག་རྩལ་སྦྱོང་ས་གཅིག་བྱས་ཚར་བ་རེད། ཀྲང་ལེན་ཧྭས་དུ་བ་རྐང་གཉིས་བླངས་ཏེ་གཅིག་ཁ་ལ་གཙུགས་ཤིང་ཅིག་ཤོས་ཕ་ལ་བྱིན་ནས་མེ་སྒྲོན་ཞོར་ཟླ་བ་ལ་ གཅིག་བལྟས། ཟླ་བའི་དགའ་རོགས་དེ་དགེ་རྒན་ཞིག་རེད་ཟེར། གནས་ཚུལ་འདི་ཤེས་ན་མི་བཟང་ཡང་སྐྱར་ཕ་བུ་གཉིས་ཀས་ཁོ་མོར་མཉམ་ལྟ་ཞིག་བྱས།

མོས་མདུན་གྱི་བྱེ་ལེབ་ཆ་གཅིག་དེར་བལྟས་ནས་ཉི་མ་དང་མོ་རང་གཉིས་ཀྱང་རྩྭ་ཐང་གི་མེ་ཏོག་ནང་ན་མཉམ་རྩེད་དང་མཉམ་འགྲོགས་ལ་རོལ་བའི་འཕྲུལ་སྣང་ཞིག་ཏུ་སྣང་བ་འཁྱམ་ འཁྱམ་ལ་ཕྱིན།

          ཡིན་ན་ཡང་སྨན་ཁང་གི་གསང་བ་འདི་རིགས་ཕྱི་ལ་འཆོར་དཀའ། ལོ་ཕྱེད་འདིའི་རིང་ལ་ཡང་ཟླ་བ་སོགས་བུད་མེད་ཉི་ཤུ་ལྷག་གི་ཕྲུ་གུ་མགོ་གཡོག་མགོ་ འཕྲུལ་གྱིས་མེད་པར་གཏང་བ་རེད། མངོན་ལྐོག་གཉིས་ནས་བྱིས་པ་བཙའ་མེད་བཟོས་སོང་བ་བཞི་བཅུ་ལྷག་ལོངས་ཡོད། ལོ་ལྔ་ཙམ་གྱི་རིང་འདིར་ངའི་ལག་འོག་ནས་བུད་མེད་ག་ཚོད་ཅིག་གི་མངལ་སྒོ་འགག་ཡོད་རྒྱུ་རེད། གསང་བ་འདི་ཡུན་རིང་འགེབས་དཀའ་མོད་རྒྱལ་ཁབ་ཀྱི་རྒྱབ་གྱང་ཡོད་པས་ཉིན་ཁ་གང་ཡང་མེད་པ་མ་ཟད་ད་དུང་རང་གི་བྱས་རྗེས་ཆགས་ཡོད་པ་རེད།

          འོན་ཀྱང་ལག་རྩལ་རང་ལ་ཐུག་ཡོད་པས། ཀྲང་ལེན་ཧྭའི་གདོང་ལ་ལྟ་བཞིན།

          ཁྱེད་ཀྱི་ལག་རྩལ་ད་དུང་ཞན་པོ་རེད། མི་འདི་ཚོ་ལ་སྔོན་མ་ནང་བཞིན་གྱི་གཡོ་འཕྲུལ་སྟོན་རྒྱུའང་ལས་སླ་མོ་མ་རེད། ཕྱིན་ཆད་གཤགས་བཅོས་ལྕི་མོའི་འགན་མ་ཁུར་ན་བཟང་། ཀྲང་སྨན་པས་དུ་བ་རྔུབ་འཐེན་འགའ་བྱས་ཏེ་ཟླ་བ་ལ་ལྟ་བཞིན་མུ་མཐུད་དུ།

          མོ་ལ་ཆག་སྒོ་མྱུར་དུ་ཡོང་ངེས་རེད། ཡིན་ན་ཡང་། ང་ཁྲི་སྟེགས་གསར་བའི་སྒང་ལ་འཕུར་འགྲོ་མཁན་ཡིན་པས་སྐྱོན་ཡོད་པ་མ་རེད། ངའི་མཚན་སྙན་དེ་ཁྱོད་རང་ལ་ཐོབ་དགོས་བ་རེད།   དེ་བས་སང་ཉིན་གྱི་གཤགས་བཅོས་བྱེད་རྒྱུ་འདི་ཡང་ངའི་མིང་བཏགས་ཀྱི་སྒོ་ནས་ཁྱོད་ལ་ཡང་སྐྱར་སྦྱོང་བརྡར་གཅིག་སྤྲོད་ཆོག

          ཏག་ ཏག་རེད། ད་རེས་བྱིས་པ་སྐྱེ་མེད་བཟོ་རྒྱུ་གཅིག་པོ་རེད། ངའི་ལག་རྩལ་ཡང་ཉེ་སྔོན་དང་འདྲ་གི་མ་རེད། ཀྲང་ལེན་ཧྭའི་དེ་སྐད་བཤད་ཞོར་ཡང་སྐྱར་དུ་བ་གཅིག་ཁ་ལ་བཙུགས།

 

          དབྱར་ཁའི་གནམ་ངོ་འདི་ད་དྭངས་ན་ད་རུབ། ད་འཐུབས་ན་ད་དྭངས་བའི་འགྱུར་ལྡོག་མང་བས་ཆར་སྤྲིན་ལེབ་མོ་ཞིག་གང་ནས་ཐོན་མ་ཤེས་པར་རྫོང་ཆུང་འདིའི་ཐད་ཀར་སླེབས་ཤིང་ཡུལ་ལྗོངས་ཀྱི་འཛུམས་མདངས་འཕྲོགས། ཟླ་བས་འགྲིལ་ལྡོག་ཅིག་བརྒྱབ་ནས་ཀན་རྐྱལ་གྱིས་ཆར་སྤྲིན་དེར་ཡུན་ཙམ་བལྟས། གདོང་ལ་ཆར་རྡུལ་ཟེགས་མ་འགའ་འཐོར་བས་ད་ཟོད་ཡར་ལངས་ཏེ་སྨན་པ་ཕ་བུ་གཉིས་ལ་གཅིག་བལྟས་ནས་ནང་དུ་ལོག

          ཅིག་ཤོས་ཀྱི་ཆག་སྒོ་ཅིག་ཤོས་ཀྱིས་མཐོང་ཐུབ་ཀྱང་ཅིག་ཤོས་ཀྱི་གསང་བ་སུ་ཞིག་གིས་ མཁྱེན་ཐུབ་བམ། དཀོན་མཆོག་མཁྱེན་རྩྭ་ཐང་གི་འདི་ནམ་ཞིག་ལ་གཉིད་སད་ཐུབ་བམ།

 

          གཟའ་འཁོར་གསར་བ་དེ་ཡང་འཁོར་ཚར་ཅིང་ལྷ་རྗེ་བཟང་བོ་ཡང་ཕེབས་ཚར། ཡིན་ཡང་། སྨན་ཕྲུག་བཟང་བོ་ཀྲང་ལེན་ཧྭས་ཕ་ཤུལ་བཟུང་ནས་ཕྱག་ལས་གནང་རྒྱུ་རེད།

ཀྲང་ལྷ་རྗེའི་ཆོག་མཆན་ལྟར་ཟླ་བ་ཡང་གཟའ་ཟླ་སྟེ་ཚེས་བཅུ་དྲུག་གི་མར་ངོའི་ཟླ་བ་ དང་འགྲོགས་ཏེ་མར་ནང་སྡེ་བར་ལོག་སོང་།

 

          (ཀློག་པ་གྲོགས་པོ་ལགས། སྒྲུང་གཏམ་གྱི་ལྷག་མ་ཁྱེད་ཚོས་ཤེས་འདོད་ཆེ་མོད་ང་ལ་འབྲི་འདོད་མེད་པས་ཞིབ་འབྲི་མི་བྱེད། དགོངས་དག)

 

          ཟླ་གསར་བའི་ཡར་ངོའི་ཟླ་བ་དང་ལྷན་ཏུ་ཟླ་བ་ལ་གློ་བུར་བའི་ཟུག་གཟེར་ལངས། ཟླ་བའི་འཕེལ་ཁ་མྱུར་ལ་དེ་བས་ཀྱང་ཟླ་བའི་གཟེར་ནད་དྲག་ཏུ་རྒྱས། ཟླ་བ་ཉ་གང་བའི་དགུང་མོ་འདི་གཟའ་འཛིན་ཟླ་བ་དང་འཁེལ་བས་ས་སྲོས་མཉམ་འཆར་དང་ནམ་ལངས་མཉམ་ཡལ་གྱི་ཉ་ཟླ་དེ་གཟའ་དང་སྤྲིན་ནག་གི་ཁ་ནང་ནས་དགོང་མོ་འདིར་འཆར་ཐབས་བྲལ། ནམ་མཁའ་གནག་ཅིང་ས་གཞི་འཇིགས་སྣང་དང་ལྡན།

          དེ་རིང་ཉི་མ་ཡང་སྤྲིན་རུམ་གྱི་ཡོལ་བའི་ནང་ན་བརྒྱད་ཅུའི་རྒན་མོའི་མིག་འབྲས་བཞིན་སྔོ་ལྷུང་ངེ་། ཟླ་བ་གཟའ་ཡིས་ཟིན་ན་ཉི་མས་མྱ་ངན་ཞུ་དགོས་པ་རང་བྱུང་ཁམས་ལ་རྟེན་འབྲེལ་འདི་འདྲ་འབྱུང་སྲིད་དམ།

 

ལྷ་རྗེའི་ལག་རྩལ་མཁས་ཀྱང་ལག་པ་དུག།

མི་རྣམས་ངང་རྒྱུད་བཟང་ཡང་སེམས་ཁྲལ་ལྕི།།

འདི་ནི་ཐོག་མའི་སྙན་ཚིག་གི་ཁ་སྐོང་བའི་ཚིག་རྐང་ཐ་མ་གཉིས་སོ།།   །།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php