རི་སྤྱང་ཀི་སྒོ་ཟོག

 

ཀ༽ 

"གངས་རིའི་གཡག་རྒོད་བཏུལ་ནས་མི་ཐུལ་ཀྱང༌།

གང་ལྟར་རི་སྤྱང་སྔོན་མོའི་སྒོ་ཟོག་ཡིན།"

          ཀྲང་ཉེན་དཔོན་གྱིས་སྨིན་མ་སྡུད་ཀྱིན་ཉིན་ཐོ་འབྲི་དེབ་ཐོག་སྙན་ཚིག་ཆ་ཚིག་དེ་བྲིས་རྗེས་ལྕགས་སྙུག་ལས་ཅོག་ཐོག་བཞག་ཅིང༌། ལག་གཡོན་མས་གཉེར་རིས་ཤར་ཤུར་གྱིས་ཁེངས་པའི་ཡ་ཐོད་ཀྱི་རྨ་ཤུལ་རྙིང་པ་དེར་ཕུར་ཕུར་ཅིག་བྱེད་ཀྱིན་ཡིད་ཚིམསཔའི་ངང་བསྐྱར་དུ་གཅིག་བཀླགས། ཡ་ཐོད་ནས་སྤྱི་བོའི་བར་ན་སྤུ་ཉག་གཅིག་ཀྱང་མེད་པས་སུ་ཞིག་གིས་ཁོའི་གདོང་མཐོང་བ་དང་རྨ་ཤུལ་དེ་གསལ་བོར་མཐོང་ཐུབ། ཁོང་ནི་ཞིང་ཆེན་ནས་ཆེད་དུ་གཡག་མང་རྫོང་ལ་མངགས་གཏོང་བྱས་ཏེ་ཡུན་རིང་འགོར་མེད།

 “ཡར་ཞུ

 “ནང་ལ་ཤོག

 “ཀྲང་ཉེན་དཔོན་སྐུ་ཁམས་བཟང། ང་ལ་ཡིག་ཆ་འགའ་གཟིགས་འབུལ་ཞུ་རྒྱུ་ཡོད

 “འོ།  ཁྱོད་དེ་འདྲའི་མགྱོགས་པོ། ག་དུས་འབྱོར་བ་ཡིན

 “མདང་དགོང་འབྱོར་བ་ཡིན། འདི་ངས་རྫ་དམར་རྗོང་ཉེན་རྟོག་ཁང་ནས་ཁྱེར་ཡོང་བའི་གནས་ཚུལ་རྩད་གཅོད་སྐོར་གྱི་ཡིག་ཆ་འགའ་ཡིནཞེས་ཉེན་རྟོག་པ་ཞོ་ཧྭས་གུས་ཞབས་ཀྱི་རྣམ་པ་དང་བཅས་ཡིག་ཆ་འགའ་ཉེན་དཔོན་གྱི་མདུན་ཅོག་ཐོག་ལ་བཞག

 “འོ། གཡག་སྐམས་དེ་ཚོའི་སྐོར་གྱི་གནས་ཚུལ་གསར་བ་རེ་ཡིན་ནམ

 “མ་རེད། གཡག་རྒོད་ཁྱུ་ཡི་གནས་ཚུལ་རེད། སྐམས་ལུག་རྐུ་ཚོང་སྐོར་གྱི་གནས་ཚུལ་ངས་མ་ཤེས། སྟག་ལྷས་རྩད་གཅོད་བྱེད་བཞིན་པ་རེད

 “ཁྱོད་ཀྱིས་ངའི་སྐད་ཆའི་དོན་གོ་མ་སོང་ཡང་ལན་ཕལ་ཆེར་འགྲིགས་སོང། ཧ་ཧ་ཧ་ཁོས་ལག་གཡོན་མས་ཐོད་རྨ་ལ་འཕུར་ཙམ་བྱེད་ཀྱིན་མོའི་གདོང་ལ་བལྟས་ཏེ། “མར་སྡོད། ཁྱོད་ཀྱིས་གནས་ཚུལ་བརྟག་དཔྱད་བྱས་པའི་སྐོར་ཅིག་ཤོད་དང

 “ལགས་སོ” མོ་ཉེན་རྟོག་དཔོན་གྱི་མདུན་ཅོག་གི་ཁ་གཏད་རྐུབ་སྟེགས་ཐོག་ལ་བསྡད་དེ། ཡིག་ཆ་འཇུག་སྣོད་ཀྱི་ཁ་འབྱེད་ཀྱིན། “ས་གནས་ཉེན་རྟོག་པས་ཁ་བྲལ་གསང་བ་ཚོགས་པའི་འབྲུག་ལྷ་ཟེར་བ་ཞིག་རྩད་ཆོད་ནས་འཛིན་དུ་སྐྱོད་སྐབས་སྟབས་མ་ལེགས་པར་མི་དེ་བྲོས་ནས་ཤོར་འདུག ཁང་པ་བསྔོགས་ནས་གསང་བའི་ཡིག་ཆ་འདི་བརྙེད་འདུགཅེས་བརྗོད་ཀྱིན་<གངས་རིའི་གཡག་རྒོད་ཁྱུ་ཡི་གསང་བའི་སྒྲིག་འཛུགས>ཞེས་པའི་གཡག་རྒོད་རྟགས་ཅན་གྱི་ཤོག་ལྷེ་གཉིས་བཏོན་ནས་ཉེན་དཔོན་ལ་སྟོན་བཞིན། 

འདི་ཉེ་ཆར་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཚོགས་པའི་གསང་བའི་གྲོས་ཚོགས་ཐེངས་གཉིས་པའི་ཡིག་ཆ་ཞིག་རེད། འདིའི་ནང་དུ་ཚོགས་པའི་རྩ་བའི་དམིགས་ཡུལ"བོད་རང་བཙན་སླར་གསོ"བྱ་རྒྱུ་འགྱུར་མེད་ཐོག་ལས་གཞི་གསར་བ་འགའ་ཁ་སྣོན་དང༌། འགོ་དཔོན་གསུམ་གསར་བདམས། འགོ་དཔོན་སོ་སོའི་འོས་འགན་གཙོ་བོ་ཡང་གཏན་ལ་ཕབ་འདུག ད་དུང་ཚོགས་མི་བརྒྱ་ལྷག་ཡོད་ཅེས་བྲིས་འདུག

 “འོ། དེ་འདྲ་མང་པོ་ཨང༌། འགོ་དཔོན་དེ་དག་སུ་སུ་རེད” ཉེན་དཔོན་གྱིས་བྲེལ་བའི་ངང་འདྲི་བཞིན་མོའི་ལག་གི་ཤོག་ལྷེ་བླངས།

 “གསང་མིང་མ་གཏོགས་བྲིས་མི་འདུག

ཉེན་དཔོན་གྱིས་བོད་ཡིག་ཡིན་པས་མ་ཤེས་པར་ཕྱིར་མོའི་ལག་ལ་འཇོག་བཞིན། “གསང་མིང་ཅི་ཞིག་བྲིས་འདུག

 “ཚང་མ་གཡག་གི་མིང་བཏགས་འདུག

 “ཨ་་་གཡག་གི་མིང་ཟེར་ན་ཅི་རེད།”ཉེན་དཔོན་གྱིས་གོམས་སྲོལ་ལྟར་སླར་ཡང་ཐོད་རྨ་འཕུར་གྱིན་དྲིས།

 “སྤྱི་ཁྱབ་སློབ་སྟོན་པ་གངས་དཀར་ཏི་སིའི་ལྷ་གཡག མྱུལ་ཞིབ་འགོ་དཔོན་རྨ་ཆེན་སྦོམ་རའི་གངས་གཡག་དང་ཁ་བ་དཀར་པོའི་གཡག་དཀར་གཉིས། གསང་ཡིག་འགྲེམས་སྤེལ་འགོ་དཔོན་རྫ་དམར་རི་བོའི་འབྲོང་རྒོད་དང༌། དམར་པོ་རིའི་འབྲོང་ཚ་གཉིས། ཕྱི་འབྲེལ་པ་ཐང་ལྷའི་གཡག་རྒོད་ནག་ཐུར་དང༌། འགྲམ་གྱི་གཡག་གུ་གྭ་ཐོ་གཉིས། ད་དུང་མོ་ལུང་བརྟག་མཁན་དུང་དཀར་དགོན་པའི་གསེར་གཡག དེ་མིན་ཁོ་ཚོའི་རྗེས་འབྲང་གཡག་རྒོད་བརྒྱ་ལྷག་འདུགམོས་ཡིག་ཆར་བལྟས་ནས་དེ་ལྟར་བཤད་རྗེས། ཉེན་དཔོན་གྱི་གདོང་ལ་ལྟ་བཞིན། “ཕལ་ཆེར་འདི་དག་ས་ཁུལ་དེ་དག་གི་འགོ་གཙོ་རྣམས་ཀྱི་གསང་མིང་ཡིན་རྒྱུ་རེད། ངས་བལྟས་ན་གསང་ཡིག་འདི་དག་ཉར་མཁན་རྣམས་ཀྱང་ཕལ་ཆེར་འགོ་དཔོན་གྲས་ཡིན་རྒྱུ་རེད” ཅེས་བཤད་པ་དང༌། ཉེན་དཔོན་གྱིས་མགོ་ནང་ལ་ལྡེམ་བཞིན།

 “འོ་ན། བྲོས་སོང་བ་དེ་རྫ་དམར་ཚོགས་པའི་གསང་བའི་འགོ་དཔོན་ཡིན་རྒྱུ་རེད

 “དེ་ལྟར་ཚོད་དཔག་བྱེད་ཆོག

 “དེ་འདྲ་ཡིན་ན། ཁོ་ཚོའི་ཚོགས་མི་བོད་ཁུལ་ཡོངས་ལ་ཁྱབ་པ་རེད། ཚོགས་པ་ཆུང་ངུ་ཞིག་མ་རེདཅེས་ཉེན་དཔོན་གྱིས་ལག་གཡོན་མས་རྨ་ཤུལ་ལ་འཕུར་གྱིན་རྐུབ་སྟེགས་ལ་རྒྱབ་བསྙེས་ཏེ། “ཚོགས་པ་འདི་བཙུགས་ནས་ལོ་འགའ་ཡིན་པ་འདྲ” ཞེས་མོའི་གདོང་ལ་གཅིག་བལྟས།

ཞོ་ཧྭས་ཡིག་ཆར་ལྟ་བཞིན། “ཚོགས་པ་འདི་ཐོག་མར་༡༩༨༩་ལོའི་ཟླ་༡༢་ཚེས་༡༠་ཉིན་ལྷ་ས་གྲོང་ཁྱེར་ནང་བཙུགས་པ་དང༌། དེ་དུས་ཚོགས་མི་བཅུ་ཡོད་ཅེས་འཁོད་འདུག ལོ་གཅིག་ལྷག་ལས་འགྱངས་མི་འདུག གཅིག་བྱས་ན་ཚོགས་མིའི་གྲངས་ཚད་ངོ་མ་ཡིན་རྒྱུ་མ་རེདཅེས་དྭངས་ཤིང་གསལ་བའི་མིག་ཟུང་སྒོར་མོས་ཕྱིར་ཉེན་དཔོན་གྱི་གདོང་ལ་གཅིག་བལྟས།

 “འདི་གསང་བའི་ཡིག་ཆ་ཡིན་པས་བདེན་པ་ལོས་ཡིན། ད་དུང་དེའི་ནང་ལ་ཅི་བྲིས་འདུག

 “ཁོ་ཚོས་ལོ་གཅིག་གི་ནང་ལ་རྒྱ་གར་དུ་གསང་འབྲེལ་ཐེངས་གསུམ་བྱས་པ་དང༌། ཕར་ལ་གསང་བའི་ཡིག་ཆ་ཁག་བདུན་དང༌། ཚུར་ལ་དེབ་དང་ཡིག་ཆ་ཉི་ཤུ་ཁུར་ཡོང་བ་དང༌། ས་ཁུལ་གཙོ་བོ་ཁག་བཅུའི་ནང་དུ་སྦྱར་ཡིག་དང་འགྲེམས་ཡིག་སྣ་ཚོགས་ཐེངས་བཅུ་དགུའི་ལས་འགུལ་སྤེལ་འདུག དེ་དག་གི་ཁྲོད་དུ་བཟུང་ནས་བཙོན་འཇུག་བྱས་པའི་གཡག་ཉི་ཤུ་དང༌། རང་སྲོག་ཤོར་བའི་གཡག་རྒོད་གསུམ་ཡོད་ཅེས་བཀོད་འདུགམོས་ཉེན་དཔོན་གྱིས་ཐོད་རྨར་འཕུར་གྱིན་ཧང་སངས་པའི་ཚུལ་གྱིས་ཉན་པའི་རྣམ་འགྱུར་ལ་ལྟ་བཞིན། 

འདི་དག་ཚང་མ་ཡང་བདེན་པ་ཡིན་རྒྱུ་རེད། ངོ་མ་ནུས་པ་ཆེན་པོ་འདུགཅེས་བརྗོད་པ་དང༌། ཉེན་དཔོན་གྱིས་ཀྱང༌། མགོ་ནང་ལ་ལྡེམ་བཞིན། “ད་སྔ་འཛིན་བཟུང་བྱས་པའི་ནང་དུ་ཁོ་ཚོའི་ངན་འབྲེལ་པ་ཡིན་པ་ཧ་གོ་བའི་མི་ཅི་ཙམ་ཡོད་དམཞེས་དྲིས།

 “ད་ལྟའི་ཆར་གྲ་བཞི་བཙོན་ཁང་དུ་མི་གཅིག་ཡོད་པ་དང༌། ཁ་སང་བྲོས་སོང་བའི་འབྲུག་ལྷ་ཟེར་བ་གཉིས་ལས་གཞན་མ་ཤེས།

 “མི་དེ་ཅི་འདྲ་ཞིག་ཡོད་དམ

 “ཁོ་རེབ་གོང་མི་རིགས་དགེ་ཐོན་སློབ་གྲྭ་མཐར་ཕྱིན་པའི་མཐོ་འབྲིང་སློབ་མ་ཞིག་རེད། ༡༩༨༦ ལོར་རྫ་དམར་སློབ་ཆུང་གི་དགེ་རྒན་ལ་ཡོང་འདུག ཕ་ཡུལ་རེབ་གོང་ཞོ་འཕོང་གི་རེད། མི་རིགས་ལ་རྒྱའི་རྩོམ་ཡིག་འབྲི་མཁན་ཞིག་ཀྱང་རེད། སྤྱིར་བཏང་མི་གཤིས་འཇམ་པོ་ཞིག་ཡོད་པ་འདྲ། སློབ་མ་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་རེད་ཟེར། དེ་སྔོན་ཉེས་བསགས་ཁྲིམས་འགལ་གྱི་བྱ་བ་བྱས་མྱོང་མི་འདུག

         གཡོ་སྒྱུ་ཆེ་བའི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ངེས། ཁོ་ངན་འབྲེལ་བ་ཞིག་ཡིན་པ་ཇི་ལྟར་ཤེས་པ་དང༌། ཇི་ལྟར་བྱས་ནས་ཤོར་ཉེས་བྱུང་བ་རེད” ཉེན་དཔོན་ཅུང་ཁྲོ་བའི་ཉམས་ཀྱིས་དྲིས།

ཞོ་ཧྭས་ཡིག་ཆ་ཅོག་ཙེའི་ཐོག་འཇོག་ཞོར་དུ། “ཁ་སྔོན་མཚན་མོར་སྦྱར་ཡིག་སྦྱོར་བའི་དགོང་མོ་དེར། དར་རྒྱས་ཁྲོ་ཐུང་ཟེར་བ་ཞིག་གིས་མཐོང་ནས་ཉེན་རྟོག་ཁང་ལ་གསང་བརྡ་བརྒྱབ་འདུག ཉེན་རྟོག་པ་ཚོས་གསང་བའི་ཐོག་ནས་ཁོ་ཕྱིར་ཁང་པའི་ནང་ཐོན་རྗེས་འཛིན་རྩིས་བྱས་ཏེ་བསྒུགས་འདུག ཡ་མཚར་བ་ཞིག་ལ། ཁོ་མཚན་མོ་དེར་ཕྱིར་ལོག་མི་འདུག ཕྱི་ཉིན་ཡང་ཡོང་མི་འདུག ཁང་པ་ལ་སྒོ་ལྕགས་ཀྱང་མ་བརྒྱབ་པར་བྲོས་ཚར་འདུག དེ་ནས་ག་ས་གར་བཙལ་དུ་སོང་ཡང་ད་བར་གར་སོང་རྗེས་མགོ་ཙམ་ཡང་ནོན་མི་འདུག གལ་ཏེ་ཐག་རིང་ཞིག་ལ་ཤོར་མེད་ཀྱང༌། རྙེད་ཐུབ་པ་ཁག་པོ་རེད” ཅེས་མོས་ཉེན་དཔོན་གྱི་གདོང་ལ་ལྟ་ཙམ་བྱས།

 “འོ་དེ་ཅི་ཡིན་ནམ

 “བོད་མི་ཞིག་བྲོས་ཤོར་ན་རྫ་མགོའི་རི་དྭགས་དང་གཅིག་པ་རེད། ས་ཁུལ་ཁ་ཤས་ནང་མི་གསོད་ལག་དམར་བ་དེ་འདྲ་ཡང་འབྲོག་སྡེ་དང་རི་ལུང་བརྒྱུད་དེ་འཛིན་ཐུབ་མེད། ད་དུང་ལ་ལ་ཞིག་རྒྱལ་མཚམས་བརྒལ་ནས་ཀྱང་ཤོར་འགྲོ་གི་ཡོད

 “བོད་མི་ཚོས་ཁོ་ཚོར་འགེབས་སྲུང་བྱེད་པ་རེད་དམ། འོ་ན། མི་དེས་རང་ངོས་ནས་ཉེན་རྟོག་པར་གསང་བརྡ་བརྒྱབ་པ་རེད་ཟེར་བ་མིན་ནམ

 “སྤྱི་བདེ་ལས་ཁུངས་ནས་ཁ་བྲལ་ངོ་རྒོལ་བྱེད་པའི་ཉེས་ཅན་པའི་གནས་ཚུལ་ཡར་ཞུ་བྱེད་མཁན་ལ་སྒོར་སྟོང་གི་བྱ་དགའ་སྤྲོད་ཀྱིན་ཡོད། དེ་བས་མི་དེ་འདྲ་གཅིག་གཉིས་རེ་ཐོན་པ་རེད

 “དེ་འདྲའི་འུ་ཐུག་གི་བྱ་བ”ཞེས་ཁོས་དབུགས་རིང་ཞིག་གཏོང་བཞིན་ཐ་མ་ཁ་ཞིག་ཁ་ལ་བཙུགས།

 “ཀྲང་ཉེན་དཔོན་ས་ཆ་འདིར་གསར་དུ་འབྱོར་བ་ཡིན་པས་གནས་ཚུལ་ཁ་ཤས་རེ་ད་དུང་མ་མཁྱེན་པ་རེད། དྲང་མོ་བཤད་ན་མི་རིགས་འདི་ལས་སླ་བོ་ཞིག་མ་རེད

ཉེན་དཔོན་གྱིས་རྨ་ཤུལ་ལ་འཕུར་ཙམ་བྱེད་ཀྱིན་མགོ་ནང་ལ་ལྡེམ་ཙམ་གྱིས་དུ་བར་མེ་བསྒྲོན། “ལག་དམར་བ་དང་འདི་གཉིས་འདྲ་ས་ཡོད་པ་མ་རེད། མི་འདི་ངེས་པར་འཛིན་ཐབས་བྱེད་དགོས

 “རེད། འོན་ཀྱང་འདི་ལ་གསང་སྦེད་བྱེད་མཁན་ཧ་ཅང་མང

 “འཛིན་ཐུབ་ཀྱི་མ་རེད་ཟེར་བ་ཡིན་ནམ

 “དེ་འདྲ་མིན། སྤྱིར་ཡིན་ན་དགོང་མོ་དེར་འཛིན་ཐུབ་དགོས་པ་རེད། འོན་ཀྱང་་་

 “ཅི། ཉེན་རྟོག་པའི་ནང་ན་ཡང་འདིར་འབྲེལ་བ་བྱེད་མཁན་ཡོད་པ་མིན་ནམ”ཉེན་དཔོན་གྱིས་མིག་ཅེ་རེར་དྲིས།

མོས་མགོ་བོ་འཕྲེད་དུ་གཡུག་ཙམ་ངང་།  “དེ་ངས་ཚོད་ཐིག་མ་སོང༌། གང་ལྟར་གློ་བུར་དུ་བྲོས་སོང་བ་དེ་ཡ་མཚན་པ་ཞིག་རེད

 “མི་དེས་ཐོག་མར་སུ་ལ་ཡར་ཞུ་བྱས་འདུག

 “ཁོས་ཐད་ཀར་ཅུས་ཀྲང་ཅིན་ལགས་ལ་ཞུས་འདུག གནས་ཚུལ་ཞུ་དུས། མཚན་གུང་གི་ཆུ་ཚོད་གཉིས་པ་ཡོལ་འདུག ཅུས་ཀྲང་གིས་ཉེན་རྟོག་པ་འགའ་ཤས་མཉམ་ཁྲིད་ཀྱིས་གསང་ཡིབ་བྱས་ནས་ཁོ་ཕྱིར་ཡོང་ལ་བསྒུགས་འདུག གནས་ཚུལ་དེ་མི་གཞན་པ་ཞིག་གིས་ཚོར་བའམ་ཡང་ན་ཁོ་རང་གིས་ཚོར་བ་གང་རུང་ཞིག་ལས་འགྲོ་ས་མི་འདུག

ཉེན་དཔོན་གྱིས་མགོ་ལྡེམ་བཞིན་མདུན་ཅོག་ཐོག་གི་ཡིག་ཆ་ལ་མཆུ་སྟོན་ཞིག་བྱས་ཏེ།འོ་ན། འདི་ཇི་ལྟར་བརྙེད་འདུག” ཅེས་དྲིས།

 “རྗེས་སུ་ཅུས་ཀྲང་ཅིན་ལགས་ཀྱིས་ཉེན་རྟོག་པ་ཁ་ཤས་ཁྲིད་ནས་ཁོའི་ནང་ལ་སྔོག་བཤེར་བྱས་དུས། རྩིག་ངོས་མཐོ་སར་བཀལ་བའི་པཎ་ཆེན་གྱི་འདྲ་པར་ཅིག་གི་རྒྱབ་ལ་ཏཱ་ལའི་བླ་མའི<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང>>ཞེས་པའི་དེབ་ཅིག་སྦས་འདུག་པའི་བར་ལ་ཤོག་ལྷེ་འདི་གཉིས་འདུག་ཟེར

 “འོ་་་ ཤོག་ལྷེ་གཞན་པ་དེའི་ནང་ལ་ཅི་བྲིས་འདུག ཁོ་ཚོས་ལས་གཞི་གསར་བ་ཅང་བྲིས་འདུག་གམ

 “གསང་བའི་གནས་ཚུལ་གསར་བ་དེ་ཙམ་རེད། ཕངས་པ་ཞིག་ལ། ཁོ་ཚོའི་གསང་བའི་མཚོན་རྟགས་དང་ལས་གཞི་གསར་བའི་སྐོར་བཀོད་པའི་ཤོག་ལྷེ་དེ་མི་འདུག

ཨ། གལ་ཆེ་ཤོས་ཁོ་ཚོའི་ལས་འཆར་གསར་བ་ཅི་ཞིག་ཡིན་པ་དེ་རེདཉེན་དཔོན་གྱིས་འདོད་པ་མ་གང་བའི་རྣམ་འགྱུར་གྱིས་མོ་ལ་གཅིག་བལྟས་ཤིང་ཐ་མག་འཐེན་འཕྲོ་དེ་ཤུགས་ཀྱིས་བཙིར་ནས་སྙིགས་སྣོད་དུ་གཡུགས།

 “ཤོག་ལྷེ་དང་པོའི་གཤམ་དུ། ཚོགས་པའི་གསང་བའི་མཚོན་རྟགས་ནི། ཞེས་བྲིས་འདུག་པས་ད་དུང་ཤོག་ལྷེ་ཁ་ཤས་མེད་ཀྱང་གཅིག་ཡོད་ངེས་རེད

དེ་མ་ཚང་བ་ཅི་ཡིན་ནམ།” ཞེས་པའི་དྲི་བ་ཞིག་རང་བཞིན་གྱིས་ངག་ནས་ཤོར་བས། ཞོ་ཧྭས་ཀྱང་སྐད་ཅུང་དམའ་མོས།

 “ངས་ཀྱང་འདིའི་སྐོར་བསམ་བློ་བཏང་བ་ཡིན། ཡིན་ན་ཡང༌། ཁོ་ཚོའི་ལག་ལ་རག་པ་འདི་ཙམ་རེད་འདུག” ཅེས་དབུགས་རིང་ཞིག་འབྱིན་གྱིན་ཤོག་ལྷེ་འོག་མ་དེ་ཡར་བླངས་ནས།

ཤོག་ལྷེ་འདི་ཁོ་ཚོས་ག་ས་གར་ཐེངས་མང་གསང་འགྲེམས་བྱས་པའི་<༄༅།གངས་རིའི་གཡག་རྒོད་ཁྱུ་ཡི་གསང་བའི་བསྒྲགས་གཏམ>ཞེས་པའི་ངོ་བཤུས་ཤིག་རེད།

འདིའི་ནང་དོན་གཙོ་བོ། རྒྱ་དམར་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ལོ་རྒྱུས་འཁྱོག་བརྗོད་ཀྱིས་བོད་ཀྱི་མི་རབས་གསར་བ་མགོ་རྨོངས་སུ་བཅུག་ནས་རིམ་བཞིན་རྒྱ་མི་རིགས་ཆེན་པོས་བོད་ཡུལ་ཁྱུར་མིད་གཏོང་རྩིས་ཡིན་པས། བོད་མི་ཚང་མ་གཉིད་ལས་སད་དེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་བོད་རྒྱལ་ཁབ་སླར་གསོ་བྱེད་དགོས་ཞེས་དང༌། ཁོ་ཚོས་ཚོགས་པ་འདི་རྒྱ་བསྐྱེད་དེ་གངས་རིའི་ཁོར་ཡུག་ཡོངས་སུ་གཡག་རྒོད་ཀྱི་ཧར་སྒྲས་ཁེངས་པ་བྱེད་རྒྱུ་ཞེས་བྲིས་འདུག ངོ་མ་སྟོང་བསམ་འཆང་བའི་གཡག་ཁྱུ་རང་རེད

འོན་ཀྱང་གཡག་ཁྱུ་དེ་ཚོར་མཐོང་ཆུང་དང་ལྷོད་གཡེང་དུ་གཏོང་མི་ཉན། ཁྱོད་ཀྱིས་བསམས་ན་ཁོ་ཚོའི་བཤད་པའི་སྐད་ཆ་ལ་གནས་ལུགས་ཅི་ཙམ་འདུག བསྒྲགས་གཏམ་འདི་ལ་ཆབ་སྲིད་སློབ་གསོའི་ནུས་པ་ཤུགས་ཆེན་མི་འདུག་གམ

དེ་འཆལ་གཏམ་རེད། བོད་ཞི་བའི་བཅིངས་འགྲོལ་བཏང་བ་དང༌། ཀྲུང་དབྱང་དང་ང་ཚོ་རྒྱ་རིགས་ལས་བྱེད་པས་བོད་ལ་རོགས་རམ་ཇི་ལྟར་བྱས་པ་དེ་ཚང་མས་ཤེས་གསལ་རེད། ངས་བལྟས་ན་དེ་ཆེད་བཟོས་ཀྱི་འཆལ་གཏམ་བསྒྲགས་པ་ཙམ་ཡིན་པས། ང་ཚོས་མི་མང་ལ་སློབ་གསོ་ཡག་པོ་ཞིག་བཏང་ནས་མུ་མཐུད་དེ་མཐུན་སྒྲིལ་དང་རོགས་རམ་ཤུགས་ཆེ་རུ་བཏང་ན་ཁོ་ཚོའི་འཆལ་གཏམ་གྱི་རྗེས་སུ་འབྲང་མཁན་འགའ་རེ་ལས་སུ་ཡོད” 

མི་རིགས་འདི་ཆོས་ལུགས་ཀྱིས་རྨོངས་པའི་མི་རིགས་ཤིག་རེད། འདི་ཚོས་ཀྲུང་དབྱང་ལས་ཏཱ་ལའི་དང་པཎ་ཆེན་གྱི་ཁ་ལ་ཉན་གྱི་རེད། བོད་བཅིངས་འགྲོལ་བྱས་ནས་དུས་རབས་ཕྱེད་ཙམ་འགྲོ་གིན་འདུག ད་མི་རབས་གསར་བས་འཕག་ཚག་རྒྱག་གིན་འདུག ངོ་མ་གཡག་འདི་ཚོའི་རང་གཤིས་སྒྱུར་དཀའ་བ་ཞིག་རེད་ཡ། ལྷག་པར་ཕྱི་ནང་མཉམ་འབྲེལ་གྱི་ནུས་པ་འདི་སྤྱིར་བཏང་ཞིག་གཏན་ནས་མ་རེད” ཉེན་དཔོན་གྱིས་གནས་ལུགས་ཟབ་མོ་ཞིག་ལ་བསམ་གཞིགས་བྱེད་ཀྱིན་རྨ་ཤུལ་ཕུར། མོས་ཀྱང་མགོ་བོ་ལྡེམ་བཞིན།

 “ཏཱ་ལའི་བླ་མ་ཟེར་བ་དེ་ངོ་མ་སྲིད་དོན་པ་མཁས་པ་ཞིག་ཡོད་ཚོད

         ཁྱོད་ཀྱིས་ཁོའི་དེབ་དེ་བལྟས་མྱོང་ངམ

         མ་མྱོང༌། ཁ་སང་སྟག་ལྷས་ང་ལ། དེབ་དེ་ཀློག་ན་ཡག་པོ་ཡོད་རེད་ཟེར

 “འོ། ཁོ་སུ་རེད། བོད་མི་ཞིག་རེད་དམ

རེད། རྫ་དམར་ཉེན་རྟོག་ཁང་གི་ཉེན་དཔོན་གཞོན་པ་རེད། ཨིན་ ངའི་དགའ་བོ་ཡང་ཡིན” ཞོ་ཧྭ་ཅུང་ངོ་ཚ་བའི་ཚུལ་གྱིས་མགོ་བོ་སྨད་དེ་འཛུམ་ཀོང་དང་བཅས་བཤད།

ཨ་ལེ” ཞེས་ཉེན་དཔོན་ཅུང་ཡ་མཚར་བའི་ངང་ནས། “འོ་་་ཡག་པོ་རེད། ཡག་པོ་རེད། རྒྱ་བོད་གཉེན་ཉེའི་འབྲེལ་བ་འདི་གནའ་ནས་བཟུང་ཡོད་པ་ཞིག་རེད། ངས་རང་ལ་བཀྲ་ཤིས་བདེ་ལེགས་ཞུཞེས་གཉེར་མ་རྣམས་བསྡུས་ཏེ་བཅོས་འཛུམ་ཞིག་བསྟན།

ཐུགས་རྗེ་ཆེ” མོས་ཀྱང་འཛུམ་མདངས་དང་བཅས་ཉེན་དཔོན་གྱི་གདོང་ལ་གཅིག་བལྟས། ཉེན་དཔོན་བགྲེས་སོང་གིས་རྨ་ཤུལ་ལ་མདུད་པ་དགུ་རྒྱག་བཞིན་དུ།

ཁོས་ཁྱོད་ལ། དེབ་དེ་ཀློག་ན་ཡག་པོ་འདུག་ཟེར་དོན་ཅི་རེད། ཁྱོད་ཀྱིས་ཀློག་གིན་ཡོད་དམ” ཅེས་དྲིས།

ཁོས་ཟེར་ན། ང་ཚོས་ཚུར་ཕྱོགས་དང་ཕར་ཕྱོགས་གཉི་གའི་གནས་ཚུལ་ཚང་མ་རྒྱུས་ལོན་ཐུབ་རྒྱུ་གལ་ཆེན་པོ་རེད་ཟེར། ངས་ལོ་རྒྱུས་དང་གནས་ཚུལ་མང་པོ་མི་ཤེས་པས་དེབ་འདི་གཅིག་ཀློག་འདོད་བྱུང། ད་དུང་དུས་ཚོད་རག་མ་སོངཞེས་མོས་འཁུར་ཁུག་ལས<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང>> ཞེས་པའི་དེབ་གོས་ཐུམ་སེར་པོ་བརྒྱབ་ཅིང་ནག་དྲེག་དང་འདབ་ཚང་མ་ཧྲལ་ཧྲུལ་དུ་གྱུར་བའི་དེབ་རྙིང་ཞིག་འདོན་བཞིན།

ཁོ་ཚོ་ལ་མཚོན་ན་དེབ་འདི་ཆེས་རྩ་ཆེན་ཞིག་ཡིན་པ་འདྲཞེས་བཤད་པ་དང་མཐུད་དེ་ཉེན་དཔོན་བགྲེས་པོས་ཀྱང་འཛུམ་ཙམ་བྱས་ཏེ།

དེབ་དེ་ཕལ་ཆེར་གཡག་རྒོད་བརྒྱ་བོས་འཕུར་མཉེད་བྱས་པ་འདྲ་བོ་འདུགཅེས་སྨྲས་པ་དང་གཉི་ག་གད་མོ་ཤོར།

“དེབ་དེ་ནང་ཁུལ་ནས་རྒྱ་ཡིག་ལའང་བསྒྱུར་ཡོད། ང་ལའང་གཅིག་ཡོད། མགོ་སྐོར་གྱི་རང་བཞིན་ཆེན་པོ་འདུག ཏཱ་ལའི་བླ་མས་རང་གི་རྗེས་རབས་པ་རྣམས་དང་ཕྱི་རྒྱལ་པ་ཚོར་མགོ་སྐོར་སྤྱད་ལ་ཆེད་དུ་བྲིས་པ་ཞིག་རེད

ཉེན་དཔོན་ལགས། དེབ་འདིར་རྒྱུས་མངའ་ཆེན་པོ་ཡོད་པ་འདྲ། ངས་བཀླགས་རྗེས་ཁྱེད་དང་མཉམ་དུ་བགྲོ་གླེང་ཞིག་བྱས་ན་ཆོག་གམ

དེ་ལོས་ཆོག ད་དུང་ཁྱོད་ཀྱིས་ཆེད་རྩོམ་ཞིག་ཀྱང་འབྲི་ཐུབ་ན་དེ་བས་བཟང

 “ཆེད་རྩོམ་ཅི” 

གཡག་ཁྱུ་དེའི་སྐོར་ལ” ཉེན་དཔོན་བགྲེས་པོས་གཟབ་ནན་གྱི་ཚུལ་གྱིས་བཤད།

 “ངས་ཚགས་པར་ཐོག་ལ་ཆེད་རྩོམ་འགའ་རེ་བྲིས་མྱོང༌། འདིའི་སྐོར་ལ་དཔྱད་གཞིའི་ཡིག་ཆ་དང་དོན་དངོས་གནས་ཚུལ་མང་ཙམ་མིག་མཐོང་ལག་ཟིན་བྱུང་བས་དེ་ཙམ་ཁག་པོ་ཡིན་རྒྱུ་མ་རེད། རྗེས་མ་ཉེན་དཔོན་ལགས་ཀྱིས་གུས་མོར་ཞུ་དག་སློབ་སྟོན་གནང་རོགས

“བཟང་གི འོན་ཀྱང༌། ངས་བལྟས་ན། དེ་འདྲའི་ལས་སླ་མོ་ཞིག་ཀྱང་མ་རེད། ཚོགས་པ་འདི་སྤྱིར་བཏང་གི་ཚོགས་པ་ཆུང་ཆུང་ཞིག་མ་རེད། འདིའི་རྒྱབ་ལྗོངས་དང་མདུན་ལྗོངས་ཚང་མ་མི་རིགས་ཤིག་གི་གནད་དོན་དང་འབྲེལ་བའི་ཚོགས་པ་ཆེན་པོ་ཞིག་རེད། ད་རེས་ང་ཆེད་དུ་གོང་རིམ་ནས་ཏཱ་ལའི་ཁ་བྲལ་རིང་ལུགས་པའི་ལོག་སྤྱོད་ཕྱོགས་ཁག་ལ་ཁ་གཏད་གཅོག་ཏུ་བཏང་བ་རེད། སྔོན་ཆད་ཀྱང་ང་ས་འདིར་ངོ་ལོག་ཟིང་འཁྲུག་པ་ཕམ་པར་རྒྱག་གི་ཡོང་མྱོངཉེན་དཔོན་གྱིས་རྨ་ཤུལ་འཕུར་གྱིན་ལྷོད་ལྷོད་ཀྱིས་བཤད་པ་དང༌། མོས། 

འོ་ན། ཉེན་དཔོན་ལགས་སྔོན་ཆད་བཅིངས་འགྲོལ་དམག་ནང་ལ་ཞུགས་མྱོང་མཁན་ཡིན་རྒྱུ་རེད། ངོ་ལོག་ཟིང་འཁྲུག་པ་མང་པོ་བྱུང་བ་རེད་དམ། དམག་འཁྲུག་ནམ་ཞིག་ལ་བརྒྱབ་པ་རེད།

ཨ་ འོ་ དེ་དུས་དམག་འཁྲུག་ཆེན་པོ་ཅང་མ་རེད། ༡༩༥༨་ལོའི་ཟིང་འཁྲུག་ལྷིང་འཇགས་སྐབས་རེད། ངོ་ལོག་པ་ཉུང་ཤས་ཤིག་རྩ་མེད་གཏོང་དགོས་བྱུང་བ་རེད། དེ་དུས་ང་ལོ་ཉེར་བརྒྱད་དང་སྟོང་དཔོན་ཞིག་ཡིན།  ཞེས་བསམ་བློ་ཏོག་ཙམ་བཏང་ནས། "ད་དུང་དེ་སྔོན་༡༩༥༠་ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་དུས་ངའི་ཕ་རྒན་ཡང་དམག་ལ་ཞུགས་ནས་ཚེ་སྲོག་གི་ལེགས་སྐྱེས་ཕུལ་བ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དཀའ་ངལ་བརྒྱ་ཕྲག་མང་པོ་ཁྱད་དུ་བསད་ནས་བོད་མི་དམངས་སྡུག་བསྔལ་རྒྱ་མཚོ་ལས་བསྐྱབས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པ་རེད

ངོ་མ་གཟི་བརྗིད་རེད། ཁྱེད་ཀྱི་ཕ་ཚ་བུ་རྒྱུད་ཚང་མས་འདི་ལྟར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ཆེད་དུ་བྱས་རྗེས་བཞག་པ་རེད། འདི་ངོ་མ་སྤོབས་པ་སྐྱེ་འོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཞིག་ཀྱང་རེདཅེས་ཞོ་ཧྭ་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཉེན་དཔོན་གྱི་ཐོད་པའི་རྨ་ཤུལ་ལ་ཅེར་ཅིང༌། “ཁྱེད་ཀྱི་གདོང་གི་རྨ་ཤུལ་འདི་ཡང་དཔའ་བོའི་མཚན་རྟགས་ལོས་ཡིན” ཞེས་བསྟོད་ར་བཏང་བ་དང༌། ཀྲང་ཉེན་དཔོན་གྱིས་དེ་མ་ཐག་རྨ་ཤུལ་ལ་རེག་ཙམ་བྱེད་ཀྱིན། 

སྐབས་དེར་ཡང་འབྲོང་རྒོད་ལྟ་བུའི་དཔའ་བོ་ཞིག་དང་ལག་འཛིང་ཤོར་བས། ཁོས་འབྲོག་པའི་མཚོན་ཆ་མགོ་ལ་སྐོར་ནས་གཞུ་སྤྱད་ཅིག་ཡོད་པ་དེས་བརྒྱབ་ནས་ང་དྲན་པ་འཐོར་དུ་བཅུག་སོང། སྐབས་དེར་ང་ཚོའི་འཐབ་གྲོགས་གང་མང་ཞིག་གི་སྲོག་ཤོར་སོང་ཞེས་ཅུང་སྐྱོ་ཉམས་ཀྱིས་བཤད།

         ཁྱེད་ཚོས་རང་སྲོག་བློས་བཏང་ནས་ད་ལྟའི་བདེ་སྐྱིད་འདི་བསུས་པ་རེད

འདི་ཚང་མ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རེད། འོན་ཀྱང༌། མི་རིགས་འདིས་ད་དུང་བསམ་ཡག་པོ་ཞིག་ཀྱང་ཤེས་ཐུབ་ཀྱིན་མེད

ལྷག་པར་གཡག་རྒོད་ཚོགས་པ་ཟེར་བ་འདི་ཚོ་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་དུད་འགྲོ་རང་རེད” ཞོ་ཧྭ་ཡང་ཅུང་ཟད་ཁྲོས་ཏེ་བཤད།

རེད། གཡག་ལ་བསླབ་བྱ་བརྒྱབ་ནས་གོ་གི་མ་རེད། དེ་ལས་རྡོ་དང་དབྱུག་པས་བཙན་འདུལ་བྱེད་དགོས” ཅེས་ཅུང་ཁྲོ་བའི་ཚུལ་གྱིས། “འོན་ཀྱང་སྔོན་ཆད་ལྟར་དྲག་ཤུགས་ཆེན་པོ་བཀོལ་མི་འོས” ཞེས་པའི་སྐད་ཆ་ཞིག་དབང་མེད་དུ་ཤོར་བསམོས།

སྔོན་ཆད་དམག་འཐབ་དྲག་པོ་བརྒྱབ་པ་ཡིན་ནམཞེས་དྲིས་པ་དང༌།

འོ༌། དེ་ ངས་དེ་དུས་ངོ་ལོག་ཟིང་འཁྲུག་པ་དང་ཇག་པ་བཏུལ་དུས་ཀྱི་དེ་འདྲ་ཟེར་བ་ཡིན” ཉེན་རྟོག་དཔོན་ཅུང་དོགས་མ་བདེ་བའི་ཚུལ་གྱིས་དེ་ལྟར་བཤད་རྗེས་ཅུང་ལྷོད་ལ་བབས་ཏེ། “དེ་དུས་མི་དམངས་ཀྱི་དགྲ་བོ་བཏུལ་བ་རེད། དེ་ཁྱོད་ཤི་ང་གསོན་བར་གྱི་དམག་འཁྲུག་ཅིག་ཀྱང་རེད། ད་ལྟའི་འདི་ལོག་སྤྱོད་ཁ་བྲལ་རིང་ལུགས་པས་བསླུ་བྲིད་བྱས་པའི་རྗེས་འབྲང་ཚོ་ཡིན་པས། ང་ཚོས་ངོས་ནས་མི་དམངས་ནང་ཁུལ་གྱི་འགལ་བ་ཞིག་ལ་བརྩི་འོས། དེ་བས་བཙོན་འཇུག་དང་སློབ་གསོས་སྒྱུར་བཀོད་བྱེད་པ་ལས་དྲག་སྤྱོད་སྤེལ་མི་འོས་ཟེར་བ་ཡིན” ཞེས་བཤད།

དེ་རེད། ཁོ་ཚོས་ཀྱང་ཁོ་ཚོ་ནི་ཞི་བའི་ངོ་རྒོལ་པ་ལས་དྲག་པོས་ངོ་རྒོལ་བྱེད་མཁན་ཞིག་མིན་ཟེརཞེས་ཞོ་ཧྭསཁ་སྣོན་ཞིག་བྱས།

དེ་བདེན་པ་མ་རེད། ཁོ་ཚོས་མེ་གཏོང་བ་དང་འགད་རྫས་ཀྱང་བེད་སྤྱོད་གཏོང་གིན་ཡོད། གོ་སྐབས་བྱུང་ན་མི་བྱེད་དགུ་བྱེད་བྱེད་མཁན་རེད

ཞོ་ཧྭས། “གལ་ཏེ། ཚུར་དྲག་སྤྱོད་སྤེལ་ན་ཕྱིར་ཡང་དེ་ལན་མ་སློག་ཐབས་མེད་རེད

ཉེན་དཔོན་གྱིས་ཀྱང་མགོ་ནང་ལ་ལྡེམ་གྱིན། “ཡིན་ན་ཡང་ཐལ་ཆ་འཆོར་མི་ཉན། མང་ཚོགས་ཀྱི་སྣང་བར་འགྲོ་བ་ཞིག་སྒྲུབ་དགོས” ཞེས་དུས་ཚོད་ལ་གཅིག་བལྟས་རྗེས། “འོ་ ད་དེ་ཙམ་གྱིས། ཁྱེད་རང་གིས་གཡག་ཁྱུའི་སྐོར་ལ་ད་དུང་བརྟག་དཔྱད་མུ་མཐུད་བྱོས

ལགས་སོ། ངས་ད་དུང་བོད་ལ་བཅིངས་འགྲོལ་ཇི་ལྟར་བཏང་ཚུལ་དང་ཟིང་འཁྲུག་ངོ་ལོག་པ་ཇི་ལྟར་རྩ་མེད་བཏང་ཚུལ་སྐོར་གྱི་ལོ་རྒྱུས་ངོ་མ་མང་ཙམ་ཤེས་འདོད་ཆེ་བས། རྗེས་སུ་དུས་ཚོད་བྱུང་ན་ཉེན་དཔོན་ལགས་ཀྱིས་ང་ལ་ཁྱེད་ཀྱི་དཔའ་བོའི་སྒྲུང་གཏམ་དེ་ཚོ་བརྗོད་པའི་རེ་བ་ཡོད

འོ་ ཧ་ཧ། ངས་བཤད་ཆོག་བཤད་ཆོགཅེས་དགོད་འཚེར་འཚེར་ངང༌། “ཁྱོད་ཀྱིས་གསང་ཡིག་འདི་དག་རྒྱ་ཡིག་ལ་སྒྱུརད

ལགས་སོ། ཆེད་རྩོམ་དེ་ནམ་ཞིག་ལ་ཚར་དགོས་སམཞེས་འདྲི་བཞིན་ཡར་ལངས།

དེ་བྲེལ་བ་མེད། ད་དུང་ཉམས་ཞིབ་མང་ཙམ་བྱོས།

ལགས་སོམོས་གུས་འདུད་ཅིག་བྱས་ཏེ་ཕྱིར་བུད་དོ༎

 

 ཁ༽

 

ས་སྲོད་ཀྱི་དུས་ཚོད་བརྒྱད་པར་བསླེབས་ན་ཡང་སྟག་ལྷས་ད་དུང་དགུང་ཟས་མ་ཟོས་པར། ཅི་ཞིག་ལ་བསམ་གཞིགས་བྱེད་ཀྱིན་དུ་བ་ཁམ་གང་རེ་རྔུབ་ཅིང༌། མཚམས་རེར་སུ་ཞིག་ལ་སྒུག་ཡོད་པ་བཞིན་ཆུ་ཚོད་ལ་ལྟ་ཙམ་རེ་བྱེད།

ཏིང་ཏིང་’ རྩིག་ངོས་ཆུ་ཚོད་འཁོར་ལོས་དུས་ཚོད་དགུ་བར་བསླེབས་པའི་བརྡ་བཏང་བྱུང་བ་དང་སྟག་ལྷས་ཀྱང་སྒུག་མ་བཟོད་པར་ཕྱིར་འགྲོ་རྩིས་ཀྱིས་སྒོ་ཕྱེས་པ་དང་ཏག་ཏག ཞོ་ཧྭ་ཡང་སྒོ་འགྲམ་ལ་འབྱོར་བྱུང་བས་གཉིས་ཀའི་ངག་ནས་ཨ་དང་ཨོ་རེ་འཆོར་བཞིན་འཛུམ་མདངས་ལ་འཛུམ་མདངས་ཀྱིས་བསུ་བཞིན་འཐམས་ཏེ་འོ་ཞིམ་པོ་རེས་ཕན་ཚུན་ལ་འཚམས་འདྲི་བྱས།

 “ངས་ཁྱོད་དུས་ཚོད་བདུན་པར་འབྱོར་བརྩིས་ཀྱིས་ཟ་མ་ལས་ནས་སྒུག་བསྡད་པ་ཡིན། ཁྱོད་འདི་འདྲ་འགོར་དོན་ཅི་ཡིན། ལྟོགས་ཡོད་རྒྱུ་རེད

ལམ་བར་ནས་རླངས་འཁོར་ལ་སྐྱོན་ཅུང་ཞིག་བྱུང་ནས་་་་འོ་་་ ཟ་མ་ཅི་ཞིག་ལས་ཡོད

ཤ་བཙོས་ཡོད། ད་དུང་ཁྱོད་དགའ་སའི་ཧྥིན་ཤ་ཚལ་བརྔོས་ཡོདཅེས་རླངས་འགོག་བ་མའི་ཁ་ཕྱེ་སྟེ་ལུག་ཤ་རྩིབས་མ་རེ་རེ་ལེན་བཞིན་བཤད།

ཞོ་ཧྭས་དེ་མ་ཐག་ཚིལ་རྡོག་རྡོག་ཆེན་པོ་ཞིག་གཅོད་ཀྱིན་ཤ་ཚོན་པོ་འདི་འདྲ་ཞིག འདི་ཁྱོད་རང་གི་བཟའ་ཡའི་ཆེད་བཙོས་པ་མིན་ནམ། ང་ལ་ཁ་ཡག་བཤད་ནས། ཡ་ཁ་གདོངསཞེས་སྟག་ལྷའི་ཁ་ནང་ལ་བཞག་པས། ཁོས་ཁ་ནས་ཚིལ་ཁུ་ཅུང་ཐོན་བཞིན་ཚིལ་རྡོག་དེ་ལན་འགའ་བལྡད་དེ་ཁྱུར་མིད་བཏང་ནས།

རེད། ཤ་སྣག་ཚང་མ་ཁྱོད་ཀྱིས་ཟོས། ཚིལ་ལུ་ཚང་མ་ངས་ཟ་ཟེར་གྱིན་ཤ་རྡོག་ཅིག་བཅད་དེ་མོའི་ཁ་ནང་ལ་བཞག་ཅིང༌། སྙིང་རྗེ་བའི་མཆུ་སྒྲོས་ལ་འོ་ཞིག་བྱས་ཏེ། ཚ་སྣོད་ཅིག་གི་ཁ་ཕྱེ་ནས་ཧྥིན་ཤ་ཚལ་དེ་ཅོག་ཙེའི་ཐོག་ལ་བཞག ཞོ་ཧྭས་ཀྱང་ཤེལ་དམ་གཉིས་བླངས་ཤིང་ཁོ་གཉིས་ལ་ཆུ་ཁོལ་རེ་བླུགས་ཏེ་ཐུར་མ་བཟུང་ནས་ཟ་མ་ཟ་འགོ་བརྩམས།

ཞོ་ཧྭ་ནི་ཞོ་གོ་དང་སྒྲོལ་མཚོ་གཉིས་ཀྱི་བུ་མོ་སྟེ། མོའི་ཕ་རྒན་རྒྱ་ཞིག་ཡིན། མོ་རང་ཆུང་དུས་ནས་རྫ་དམར་རྫོང་གི་བོད་རིགས་སློབ་ཆུང་དུ་སོང་ནས་ན་ནིང་ ༡༩༨༩ ལོར་མི་རིགས་སློབ་གྲྭ་ཆེན་མོ་ཐོན་པ་ཞིག་ཡིན། མོ་ནི་རྫོང་ཁག་ལྔ་བོའི་རྒྱ་རིགས་ལས་བྱེད་སྟོང་ཕྲག་ལྷག་གི་བུ་ཕྲུག་ཚོའི་ནང་ནས་བོད་ཀྱི་སློབ་ཆེན་མཐར་ཕྱིན་མཁན་གཅིག་པུ་ཡང་ཡིན། སྟག་ལྷ་དང་མོ་གཉིས་སློབ་ཆུང་ནས་མཐོ་སློབ་བར་སློབ་གྲོགས་ནས། (སྟག་ལྷ་སློབ་གྲྭར་བསྐྱོད་དུས་ལོ་བཅོ་ལྔ་དང་ཞོ་ཧྭ་ལོ་བདུན་ཡིན། ཐོག་མར་ཁོ་གཉིས་དུས་མཉམ་སྔོན་འགྲོའི་འཛིན་གྲྭར་ཞུགས་ན་ཡང༌། སྟག་ལྷ་ལོ་ཆེ་བའི་ཐོག་རིག་སྟོབས་དང་བརྩོན་སེམས་ཀྱང་ཆེ་བས་སྔོན་འགྲོ་ནས་ཐད་ཀར་འཛིན་རིམ་གཉིས་པར་འཕར་བས་མོ་རང་འཛིན་རིམ་གཅིག་གིས་དམའ།)རིམ་པས་དགའ་གྲོགས་སུ་གྱུར་ཏེ་ད་ལྟ་གཉེན་སྟོན་བྱེད་རྒྱུ་ལས་ལྷག་མེད། དེ་བས་ཁོ་རང་གཉི་གའི་བརྩེ་དུང་འདིར་རྩ་བ་བརྟན་ཞིང་ཡིད་ཆེས་ཐུབ་པ་ཞིག་ཡིན།

ཞོ་ཧྭའི་གཤིས་ཀ་དང་སྤྱོད་ལམ་གང་གི་ཐད་ནས་ཀྱང་བོད་རིགས་བུད་མེད་རྣལ་མ་ཞིག་གི་ཁྱད་ཆོས་མཐོང་ཐུབ་ལ་རྒྱ་བོད་མི་རིགས་གཉིས་ལ་ཁ་ཁོག་མེད་པར་འདྲ་མཉམ་གྱི་ལྟ་བ་འཛིན་མཁན་ཞིག་ཀྱང་ཡིན། ན་ནིང་སློབ་གྲྭ་ཆེན་མོ་ཐོན་མ་ཐག་མོ་རང་གི་འདོད་མོས་ལྟར་རྫ་དམར་རྫོང་གི་བོད་རྒྱའི་སྐད་སྒྱུར་སྡེ་ཚན་ནང་དུ་ལས་བགོས་བྱས་ན་ཡང༌། ད་ལོར་གློ་བུར་དུ་ལས་བསྒྱུར་གྱིས་རྨ་ཁུལ་ཀྲིག་ཉེན་རྟོག་ཅུས་ནང་དུ་མངགས་པ་འདིར་མོ་རང་ཡང་དེ་ཙམ་དགའ་མོས་མེད་ལ། ལྷག་པར་སྟག་ལྷས་འདིའི་ཐད་ལ་བསམ་གཞིགས་འདྲ་མིན་སྣ་ཚོགས་ཤིག་བྱེད་དགོས་བྱུང༌།

ཁོ་རང་ ༡༩༨༨ ལོར་སློབ་གྲྭ་ཆེན་མོ་ཐོན་པ་ནས་རང་གི་འདོད་པ་ལྟར་ས་གནས་ཉེན་རྟོག་ཁང་དུ་འཛུལ་ཐུབ་ཡོད་མོད། ཁོས་ད་དུང་ཀྲིག་ཉེན་རྟོག་ཁང་དང་དེ་ནས་ཞིང་ཆེན་ཉེན་རྟོག་ཁང་ལ་བསླེབ་རྒྱུའི་རེ་བ་བཅངས་ཡོད། དེང་སང་ཁོ་རང་རྒྱ་ནང་གི་སྐམས་ལུག་རྐུ་ཚོང་རྒྱག་མཁན་འཛིན་པའི་ཐད་ལ་གྲུབ་འབྲས་ཀྱང་གང་ལེགས་བྱུང་ཡོད།

ཁོ་གཉིས་ཀྱིས་ཟ་ཞོར་འཐུང་ཞོར་ལབ་གླེང་བྱེད་ཀྱིན་སྟག་ལྷས་རྩིབས་མ་ཚོན་པོ་ཁ་ཤས་ཤིག་ཟོས་ཤིང༌། ཞོ་ཧྭས་ཀྱང་ཧྥིན་ཤ་ཚ་སྣོད་གང་བོ་ཕལ་ཆེར་ཟོས་ཚར་སོང༌།

ཁོ་གཉིས་ལྟ་བུར་མཚོན་ན་ཕོ་བ་འགྲངས་རྗེས་ད་དུང་ཕོ་བ་སྦྱོར་དགོས་པའི་བྱ་བ་ཞིག་ལྷག་ཡོད། གློག་སྒྲོན་གྱི་འོད་མདངས་འོག་ཏུ་དམར་མདངས་ལྷག་པར་རྒྱས་པའི་ཞོ་ཧྭའི་གདོང་པ་དེ་དང་ཆགས་མིག་དང་བཅས་པའི་འགྲམ་ཆང་རེ་རེས་སྟག་ལྷའི་སྨུག་མདོག་གི་གདོང་པའང་རིམ་གྱིས་གློ་དམར་དུ་བསྒྱུར། དེའི་ཚུལ་ནི་སྙན་ངག་མེ་ལོང་མར།

མཛེས་མ་མྱོས་པའི་མཁུར་ཚོས་དམར།།

མིག་གི་ཨུཏཔལ་དམར་པོ་ཅན།།

ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི།།

འདིར་ཡང་དམར་བའི་རང་བཞིན་བྱས། །ཞེས་པ་ཇི་བཞིན་ནོ།

འགྲམ་ཆང་དེ་དག་ནི་རིམ་བཞིན་འབྱར་རྩི་ཞིག་ཏུ་གྱུར་བ་བཞིན་སྟག་ལྷའི་ཁ་ཤ་མཐུག་པོ་དང་ཞོ་ཧྭའི་མཆུ་སྒྲོས་སྲབ་མོ་གཉིས་འབྱར་བར་གྱུར་ཅིང་དེའི་མུར་སྟག་ལྷས་མོ་རང་ཉལ་ཁྲིའི་ཐོག་ལ་ག་ལེར་མནན་པ་དང༌། ཞོ་ཧྭས་སྔས་མགོ་ལ་ལག་སྙོབས་ཐེངས་གཅིག་གིས་གློག་སྒྲོན་ནག་ཚུབ་བེར་བསད། འབྱར་རྩི་དེ་བྲང་གཞུང་བརྒྱུད་དེ་བཞུར་བ་བཞིན་རིམ་པས་སྟོད་གོས་ཀྱི་སྒྲོག་གུ་བཀྲོལ་བའི་བྲང་ཁ་གཉིས་དང་སྨད་གོས་དོར་བའི་མདོམས་གཉིས་བཅས་ཚང་མ་འབྱར་བར་གྱུར། དེ་དང་ཆབས་ཅིག་ཏུ་ཞོ་ཧྭའི་དབང་མེད་དུ་ཤོར་བའི་ངུ་ངག་སྙན་མོ་དང་སྟག་ལྷའི་འཁུན་སྒྲ་བརྗིད་པོའི་དབྱངས་རྟ་གཅིག་ཏུ་འདྲེས་ཏེ་ཁུ་སུམ་པའི་མཚན་མོའི་རྣ་བ་ལའང་བདེ་བ་སྦྱིན།

ཁོ་གཉིས་ཟླ་གཅིག་ཙམ་ལ་མ་ཐུག་པས་བདེ་བ་དེ་ཡང་སྐད་ཅིག་ལ་རྫོགས། ད་བདེ་བ་གཞན་ཞིག་ཡོད་པ་ནི་གཉིད་སྐྱིད་པོ་ཞིག་ཁུག་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ལམ་མགྱོགས་པོ་གཉིད་ཁུག་ག་ལ་ཐུབ། སྟག་ལྷས་སླར་ཡང་གློག་སྒྲོན་སྦར་ཏེ་མལ་ཁྲི་ལས་ཡར་དགྱེས་ནས་ལོགས་ཀྱི་ཤེལ་ཕོར་ནང་གི་ཆུ་ཁོལ་གང་བོ་ཧུབ་ཆེན་གསུམ་གྱིས་བཏུངས་ཤིང་ཐ་མག་རྐང་གཅིག་བཏོན་ནས་དུ་བ་ཞིག་ལ་མེ་བསྒྲོན་ཏེ།

      “ད་ལྟ་ཁྱོད་ཀྱི་བྱ་བའི་གནས་ཚུལ་ཅི་འདྲ་རེད” ཅེས་དྲིས། མོས་ཀྱང་ཆུ་ཁོལ་གྲང་མོ་ཁམ་འགའ་འཐུངས་ནས།

      “བྱ་བ་འདི་ཉོག་འཛིང་ཆེན་པོ་ཞིག་རེད། ང་འདི་རིགས་ལ་མི་དགའ་། འོན་ཀྱང༌། ཀྲང་ཉེན་དཔོན་གྱིས་བྱ་བ་འདི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་ཚུལ་གསུང་གིན་འདུག” ཅེས་སྟག་ལྷའི་གདོང་ལ་བལྟས།

      “རེད། གལ་ཆེན་པོ་ལོས་ཡིན། ཀྲང་ཉེན་དཔོན་ཟེར་བ་དེ་ཆེད་མཁས་ཉེན་རྟོག་པ་ཞིག་ཡིན་རྒྱུ་རེད

      “ཁོ་རང་དམག་མི་རྒན་པ་དཔའ་བོ་བྱས་རྗེས་ཅན་ཞིག་ཡིན་པ་འདྲ། སྔོན་ཆད་ང་བརྒྱད་ལོར་ཡང་ས་འདིར་བཅིངས་འགྲོལ་གཏོང་དུ་ཡོང་མྱོང་ཟེར། ད་ལྟ་ཡང་ཁ་བྲལ་རིང་ལུགས་པའི་ཟིང་འཁྲུག་ཞི་འཇགས་ཆེད་ཀྲུང་དབྱང་ནས་ཆེད་དུ་མངགས་ཡོང་བ་ཡིན་ཟེར། ཁོ་ངོ་མ་རྒྱལ་ཁབ་དང་བོད་མི་རིགས་ལ་དགའ་ཞེན་ཤ་ཚ་ཅན་ཞིག་ཡིན་པ་འདྲ”མོས་རང་གི་འདོད་ཚུལ་དེ་ལྟར་བཤད།

      “འོ། སྔོན་ཆད་ཀྱང་ཡོང་མྱོང་ངམ། དེ་འདྲ་ཡིན་ན་ཁོ་ལ་མི་རིགས་འདིར་ཆ་རྒྱུས་ཀྱང་ཡག་པོ་ཡོད་རྒྱུ་རེད། ངོ་མ་རྒྱལ་གཅེས་པ་ཞིག་རེད། ཁོ་ལ་ཐུན་མོང་མ་ཡིན་པའི་འཇོན་ཐང་ཡོད་རྒྱུ་རེད”སྟག་ལྷས་ཐ་མག་འཐེན་གྱིན་དེ་ལྟར་བཤད།

      “ཁོང་གི་ཀླད་པ་དམར་པོའི་ཐོག་ན་རྨ་ཁ་ཆེན་པོ་ཞིག་འདུག དེ་ནི་སྔོན་ཆད་བོད་ཀྱི་ཇག་པ་དཔའ་བོ་ཞིག་གིས་ལྕགས་མགོར་གྱིས་བརྒྱབ་པ་རེད་ཟེར

      “འོ། ངོ་མ་ཡ་མཚར་རེད། དེ་་་་ཞེས་སྟག་ལྷ་ཅུང་ཧང་སངས་བའི་ཚུལ་གྱིས་མོའི་གདོང་ལ་བལྟས་ཏེ་སྐད་ཆའི་འཕྲོ་ཡང་ཆད།

      “ཡ་མཚར་ཅི། དམག་འཁྲུག་བརྒྱབ་ན་རྨས་སྐྱོན་ལོས་འབྱུང་མོས་སྟག་ལྷའི་གདོང་ལ་ལྟ་བཞིན་ཀྲང་ཉེན་དཔོན་དང་མོ་རང་གཉིས་གླེང་མོལ་ཅི་ཞིག་བྱས་ཚུལ་ཚང་མ་སྟག་ལྷ་ལ་སྙན་ཞུ་འབུལ་བ་བཞིན་བཤད་པས། སྟག་ལྷས། “ཀྲང་ཉེན་དཔོན་གྱིས་སྐད་ཆ་དེ་ཚོ་ཚང་མ་གཞན་ལ་མ་བཤད་མི་ཟེར་རམ

      “དེ་འདྲ་བཤད་མ་སོང། ཡིན་ན་ཡང་ངས་ཁྱེད་ལ་གནས་ཚུལ་འདི་རིགས་གསང་དགོས་དོན་ཅི། ལྷག་པར་ང་རང་གཉིས་ཉེན་རྟོག་པ་རེད

      “ངས་བལྟས་ན་ཁྱོད་ཀྱིས་ཀྲང་ཉེན་དཔོན་ལ་དོགས་པ་བྱེད་དགོས་པ་མ་ཟད་ད་དུང་ང་ལ་ཡང་དོགས་པ་བྱས་ན་བཟང་གི་རེདཅེས་ཀུ་རེའི་ཚུལ་གྱིས་བཤད་ཀྱིན་ལག་གཡོན་མས་མོའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ཏེ་རང་གི་བྲང་ཁར་སྦྱར།

      “གལ་ཏེ་གནས་ཚུལ་དེ་འདྲ་ཞིག་ཡིན་ན་འཇིག་རྟེན་འདིར་ངོ་མ་ཡིད་ཆེས་བྱེད་ས་གཅིག་ཀྱང་མེད་པ་རེད། ང་གཉིས་ཀྱང་གཉེན་སྒྲིག་རྒྱུ་ཁག་པོ་རེདཅེས་མོས་ཀྱང་ཀུ་རེ་དེ་འདྲ་ཞིག་དང་བཅས་འགྲམ་པ་ཁོའི་དང་གར་སྦྱར་ནས་འོ་བྱས་ཏེ།

      “ཁྱེད་རང་གི་རྐུན་ཇག་མི་གསོད་དེ་དག་གི་གནས་ཚུལ་སྐོར་ཅི་འདྲ་རེད

སྟག་ལྷས་འཐེན་བཞིན་པའི་ཐ་མག་སོར་གང་དེར་ཤུགས་ཆེན་པོས་ཐེངས་གཅིག་རྔུབ་ནས་དེ་དུ་སྣེ་བླུག་སྣོད་ནང་འཕངས་ཏེ།

གནས་ཚུལ་འདི་ངོ་མ་ཡ་མཚར་ཞིག་རེད། རྐུན་མ་ཧྭེ་རྒན་དེ་གསོད་མཁན་སུ་ཡིན་ཤེས་དཀའ་གི

ཁོ་རྐུན་མ་ཡིན་ཐག་ཆོད་རེད་དམ། ཁོ་ལ་རྐུན་གྲོགས་གཞན་ཡོད་དམ

རྐུན་མ་མིན་ན་ཁོའི་རོ་དེ་གཡག་བཅུ་བོ་དང་མཉམ་དུ་རྫ་ལུང་མདོ་ན་ཡོད་དགོས་དོན་མེད། རྟ་རྗེས་ལས་ཁོ་ལ་ད་དུང་རྐུན་གྲོགས་གཅིག་ཡོད་པ་རྟོགས་ཐུབ་པ་མ་ཟད་ཧྭེ་རྒན་དེ་དེ་སྔོན་རྫ་ལུང་སྡེ་བའི་ནང་ལ་ལུག་ཉོ་རུ་ཡང་སོང་ཟེར། མི་འགས་ངོ་ཤེས་ཀྱིན་འདུག

“དེས་ན་དེ་གསོད་མཁན་རྫ་ལུང་སྡེ་བ་རང་གི་མི་ཡིན་ཡང་སྲིད

གལ་ཏེ་དེ་ལྟར་ཡིན་ན་ཁོ་ཚོས་རང་གི་གཡག་རྣམས་ཕྱིར་དེད་མི་འགྲོ་བར་རྫ་ལུང་མདོ་ནས་འཇོག་དོན་ཅི་རེད

ངས་ཚོད་དཔག་བྱས་ན། ཁོ་ཚོས་མི་དེར་གཅར་རྡུང་བྱེད་པ་ལས་གསོད་འདོད་མེད་པ་རེད། འོན་ཀྱང་སྟབས་མ་ལེགས་པར་ཁོ་ཤི་སོང་བ་རེད། དེ་ནས་ཁོ་ཚོས་དོན་དག་དེ་གསང་བ་བྱེད་ཕྱིར་དེ་ལྟར་བཞག་པ་ཡིན་སྲིད

དེ་འདྲ་ཡིན་ན་ཐབས་ཤེས་དེ་ཁྱོད་ཀྱིས་འཐེན་པ་ཡིན་ནམ། ཕལ་ཆེར་རྐུན་མ་གསོད་མཁན་ཡང་ཁྱོད་་་” སྟག་ལྷས་དེ་ལྟར་ཀུ་རེ་ཞིག་རྩེད་ཀྱིན། “ད་དུང་ཁོའི་མགོ་ལ་རྡོ་ནར་ཞིག་གིས་གཅིག་བརྒྱབ་ཡོད་པ་ལས་གཞན་སྐྱི་བཤུ་ཞིག་ཀྱང་བྱས་མེད་པ་རེད། བསམ་བཞིན་དུ་བསད་པ་མིན་ན་ཡང་ཆེད་དུ་བརྒྱབ་པ་ཞིག་མ་རེད་ཅེས་ཇི་ལྟར་བཤད

འོ་ན། ཁོ་རང་རོགས་པས་བསད་ནས་ཁོའི་རྟ་དེ་ཁྲིད་སོང་བ་ཡིན་ནམ

ངས་བལྟས་ན་ཁོ་གཉིས་ལམ་ཁ་ནས་མི་གཞན་ཞིག་ལ་ཐུག་པ་འདྲ། མི་དེས་ཁོ་གཉིས་ལ་འཛིང་ནས་གཅིག་དེ་བསད་པ་དང་གཞན་དེ་བྲོས་སོང་བས། མི་དེས་རྟ་དེ་ཞོན་ནས་ཁོ་རང་ཡང་བྲོས་སོང་བ་འདྲ

ཧོ་ཧོ་ཡ་་་་ཆེས་དགོད་བྲོ་བོ། ང་ལས་ཀྱང་ཁྱེད་རང་གིས་རྨི་ལམ་ཁ་མཚར་བཏང་ཡོད་པ་འདྲ” ཞོ་ཧྭས་གད་མོ་དགོད་ཀྱིན་སྟག་ལྷའི་བྲང་ཁ་ལ་རྣ་སྦྱར་ནས། “ངས་ཁྱོད་ཀྱི་གློ་སྙིང་གི་གསང་བ་ལ་གཅིག་ཉན་དང་ཞེས་ཡང་བསྐྱར་གད་མོ་ཤོར་བས། སྟག་ལྷ་ཡང་གད་མོ་ཞིག་བགད་དེ།གལ་ཏེ་ངའི་གློ་སྙིང་གི་གསང་བ་གོ་སོང་ན་ཁྱོད་ཧ་ལས་ངེས། ཡང་ན་ངའི་སྙིང་ལ་སོ་འདེབས་ཀྱང་སྲིད” ཅེས་མཛུབ་མོ་མོའི་མཆུ་སྒྲོས་ལ་གླན།

མོས་ཀྱང་སྟག་ལྷའི་གདོང་ལ་ལྟ་བཞིན། “ཁྱེད་རང་གིས་གཡག་རྐུན་དེ་ཚོ་རྩད་གཅོད་པ་ལས་ངས་གཡག་རྒོད་ཚོགས་པའི་གནས་ཚུལ་རྩད་གཅོད་རྒྱུ་འདི་དཀའ་ངལ་ཆེ་བ་འདུག ད་དུང་ཉེན་ཁ་ཡང་ཆེན་པོ་འདུག གནས་ཚུལ་ལ་ལའི་སྐོར་ལ་ང་ངོ་མ་མགོ་ན་ཡོང་གི་འདུག

སྟག་ལྷས་ཀྱང་མོའི་གདོང་ལ་ལྟ་བཞིན། “དཀའ་ངལ་དང་ཉེན་ཁ་གང་ལ་ཆེ་ན་དེར་དོན་སྙིང་ཡང་ལྡན་པ་རེད། འོན་ཀྱང་ཁྱེད་རང་མ་འོངས་པར་གཡག་རྒོད་འདུལ་བའི་ཨ་སྟག་ལྷ་མོ་ཞིག་མི་ཡོང་བའི་སྨོན་ལམ” ཞེས་གཟབ་ནན་གྱིས་བཤད།

ཁྱོད་ཀྱིས་ཅི་ཟེར་རམ། ངའི་བྱ་བ་འདིར་ཁྱོད་ཀྱང་མི་དགའ་བ་ཡིན་ནམ

ལས་ཀ་དེའི་མཇུག་འབྲས་ཅི་འདྲ་ཞིག་འབྱུང་རྒྱུ་ཧ་ཅང་ཚོད་དཔག་དཀའ་བ་ཞིག་རེད། མ་གཞི་ཉེན་རྟོག་པའི་བྱ་བ་འདི་སོ་སོའི་སྲོག་ལའང་ཉེན་ཁ་ཡོད་པ་ཞིག་ཡིན་པས། རང་གིས་ལྷག་པར་གཟབ་གཟབ་བྱེད་དགོས

ངས་འདི་ལྟར་བྱས་ན་གཡག་རྒོད་ཚོགས་པས་ང་ལ་གནོད་སྐྱེལ་རྒྱུ་རེད་ཟེར་བ་ཡིན་ནམ། མ་གཞི་ཁོ་ཚོས་བོད་རང་བཙན་བྱེད་རྒྱུ་ཟེར་བ་འདི། ངས་བལྟས་ན་སྐེ་ཁྱེར་ནས་ཞགས་པ་ཉོ་བ་ཟེར་བ་རང་རེད

ཕལ་ཆེར་དེ་འདྲ་ཡིན་སྲིད། འོན་ཀྱང་ཁོ་ཚོའི་རྒྱབ་རྩ་བརྟན་པས་གནས་ཚུལ་གྱི་ཆེ་ཆུང་ལ་མ་ལྟོས་པར་བསམ་ཚུལ་འདི་མངོན་ལྐོག་གཉིས་ནས་ཇི་སྲིད་དུ་གནས་རྒྱུ་ཡིན་པ་གསལ་བོ་རེད

རྒྱབ་རྩ་བརྟན་པོ་ཅི། ཏཱ་ལའི་བླ་མར་ཅི་འདྲའི་ནུས་པ་ཆེ་རུང་མི་གཅིག་རེད

ངས་དེ་ཟེར་གྱི་མེད། ངས་ལོ་རྒྱུས་བཤད་ཀྱིན་ཡོད། ཁོ་ཚོས་ལོ་རྒྱུས་ཐོག་གི་མི་རིགས་ཀྱི་ཐོབ་ཐང་ཞིག་རྩོད་ཀྱིན་ཡོད་པ་རེད

ཞོ་ཧྭས་མགོ་ནང་ལ་ཅུང་ལྡེམ་བཞིན། “ཡིན་ན་ཡང་ལོ་རྒྱུས་ཚང་མ་འདས་ཟིན་པ་དང་འགྱུར་འགྲོ་བཞིན་ཡོད། གང་ལྟར་མི་ཉུང་ཤས་ཤིག་གིས་བྱ་བ་ཆེན་པོ་འདི་འདྲ་ཞིག་བསྒྲུབ་རྒྱུ་ཟེར་ན་དེ་སྟོང་བསམ་མ་རེད་དམ། ཡང་གཅིག་བཤད་ན། འདི་རྒྱལ་ཁབ་ལ་དྲིན་ལན་ལོག་འཇལ་བྱས་པ་ཞིག་དང་མི་རིགས་རང་ཉིད་ལའང་གནོད་པ་ཡོད་པ་ཞིག་མ་རེད་དམ

“ཁྱོད་ཀྱིས་གནས་ལུགས་དེ་ཚོ་ཇི་ལྟར་ཤེས་སོངསྟག་ལྷས་གཟབ་ནན་གྱིས་མོའི་གདོང་ལ་གཅིག་བལྟས།

འདི་ང་རང་གི་བསམ་ཚུལ་ཙམ་ཡིན། ཀྲང་ཉེན་དཔོན་གྱིས་ཀྱང་དེ་འདྲ་བཤད་མྱོང

ཏཱ་ལའི་བླ་མའི་དེབ་དེ་བཀླགས་ཚར་བ་འདྲ

ཚར་སོང༌། དེབ་དེས་ང་ལྷག་པར་མགོ་འཐོམ་དུ་བཅུག་སོང༌། ངོ་མ་དཀར་ནག་གི་དབྱེ་བ་དང་ཐིག་ནག་གི་མདུད་པ་འགྲོལ་དཀའ་བ་ཞིག་འདུག

དེ་འདྲ་རེད་ཡ། ང་རང་ཚོར་ལོ་རྒྱུས་དང་སྲིད་དོན་གྱི་ཤེས་བྱ་མང་པོ་མེད་པས་གནད་དོན་འདི་འདྲའི་ཐད་དུ་མགོ་རྨོངས་ཐེབས་ངེས་རེད། རང་ཉིད་མགོ་རྨོངས་བཞིན་དུ་གཞན་པ་ཞིག་གི་མགོ་འདྲེན་ཅི་ལྟར་ཡོངཞེས་ཐ་མག་རྐང་གཅིག་བཏོན་ནས་མེ་བསྒྲོན་ཏེ་མོའི་གདོང་ལ་ལྟ་བཞིན།

ཞོ་ཧྭ། ཁྱོད་ཀྱིས་སྔོན་ཆད་བོད་རྒྱའི་ཡིག་སྒྱུར་དང་ལྷག་པར་བོད་ཀྱི་ལོ་རྒྱུས་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ཞེས་ང་ལ་བཤད་མྱོང༌། ད་ལྟ་ཁྱོད་ཀྱིས་ཞིབ་འཇུག་འདི་དངོས་སུ་མགོ་བཙུགས་པ་དང་མཉམ་དུ་གནས་ཚུལ་ངོ་མ་ལག་ལེན་བྱེད་དགོས་པའི་དུས་ཤིག་ལའང་བསླེབས་པ་རེད། དྲང་བདེན་གྱི་ཤེས་ཡོན་པ་ཞིག་ལ་མཚོན་ན་འདི་ནི་ལོ་རྒྱུས་ཀྱི་ཉམས་སད་ཐེངས་གཅིག་ཀྱང་རེད། ཁྱོད་ཀྱིས་བོད་རྒྱའི་ལོ་རྒྱུས་མང་པོ་ཞིག་ཀློག་དགོས། འོན་ཀྱང་ཁྱེད་ཀྱིས་ཞིབ་འཇུག་གི་མཐའ་མའི་ཁ་ཕྱོགས་དེ་གང་ཞིག་ཏུ་འགྲོ་རྒྱུ་ཡིན་པར་བསམ་བློ་གཏོང་མྱོང་ངམ

“དེ་མ་མྱོང༌། གང་ལྟར་ཞིབ་འཇུག་གི་བྱ་བ་ཚང་མ་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པ་ཞིག་གི་ལམ་དུ་འགྲོ་དགོས་པ་སྤྱི་མཚུངས་རེད

རེད། འོན་ཀྱང་ང་གཉིས་ཀྱི་བྱ་བ་འདི་གཙོ་བོ་ཆབ་སྲིད་དང་འབྲེལ་ཡོད། ལྷག་པར་ཁྱོད་ཀྱི་བྱ་བ་འདི་ཐད་ཀར་སྲིད་དོན་གྱི་གནད་དོན་ལ་འབྲེལ་བ་ཞིག་རེད། རྒྱལ་ཁབ་གང་ཞིག་ཡིན་ན་ཡང་སྲིད་དོན་གྱི་ཆེད་དུ་ཐ་ན་ལོ་རྒྱུས་གང་ཞིག་འཁྱོག་བརྗོད་རྫུན་བཟོ་བྱེད་དགོས་པའང་ཡོང་གི་རེད

ཞོ་ཧྭས་མགོ་ནང་ལ་གུག་བཞིན་ལོགས་ཀྱི་ཤེལ་ཕོར་བླངས་ཏེ་ཆུ་ཁོལ་གྲང་མོར་ཧུབ་གཅིག་བྱས་ཏེ། “དེ་རེད། རྒྱ་བོད་ལོ་རྒྱུས་གཉི་གའི་ནང་དུའང་བདེན་རྫུན་མཉམ་བསྲེས་ཡོད་རྒྱུ་རེད། འོན་ཀྱང༌། ང་ ང་ ད་ངས་ཀྱང་བཤད་ཤེས་ཀྱི་མི་འདུག གང་ལྟར་ངས་བྱ་བ་ཚང་མ་དྲང་མོ་བསྒྲུབ་རྒྱུ་ཡིན

དཀར་ནག་གི་དབྱེ་བ་གསལ་བོ་མ་ཤེས་ན་རང་གིས་དྲང་མོ་བྱེད་ཀྱི་ཡོད་སྙམ་ཡང་བྱ་བ་ལ་ལ་དེའི་ལྡོག་ཕྱོགས་སུ་འགྲོ་བ་རེད། ངས་རྐུན་མ་འཛིན་པ་འདི་རྐུན་མ་ཁོ་ཚོས་ཀྱང་རང་ཉིད་ཉེས་ཅན་པ་ཡིན་པ་ཤེས་ཀྱིན་ཡོད་པ་རེད། དེ་སུས་ཀྱང་ཤེས་པས་འགྲེལ་བཤད་རྒྱག་མི་དགོས་པའི་གནད་དོན་ཞིག་རེད། རྐུན་མས་ཀྱང་ཉེས་པ་ཁས་བླངས་ཏེ་སྐྱིན་ཚབ་འཇལ་ན་ལས་ཀ་ཚང་མ་འགྲིག་སོང་བ་རེད། འོན་ཀྱང་རང་གི་བྱ་བ་འདི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མ་རེད། རྨ་ཁུལ་ཀྲིག་ཉེན་རྟོག་ཅུས་དང་རྫོང་ཁག་སོ་སོས་ལྷ་ས་དང་རྒྱལ་མཚམས་ཀྱི་འགྲམ་བར་ལ་རྩད་གཅོད་དོ་དམ་བྱས་ཏེ་ཟླ་གཅིག་འགོར་ཡང་འབྲུག་ལྷ་གཅིག་པུ་གར་སོང་གི་རྗེས་ཤུལ་ཙམ་ཡང་བརྙེད་མེད། གལ་ཏེ་ཁོ་ཚོ་སུ་ཞིག་བཟུང་ཡང་དེ་དག་གི་བསམ་བློ་བཅོས་སྒྱུར་བྱེད་མ་ཐུབ་ན་དོན་དག་གང་ཡང་མ་གྲུབ་པ་རེད” སྟག་ལྷས་དུ་བར་རྔུབ་འཐེན་ ཞིག་བྱས་ཏེ་མུ་མཐུད།

དཔེར་ན་ཉེ་ཆར་གྲ་བཞི་བཙོན་ཁང་གི་གཡག་རྒོད་གཅོད་པ་རྭ་ལོ་ཟེར་བ་དེ་ལོ་ཕྱེད་ཙམ་ལ་བཙོན་འཇུག་བྱས་ནས་ཞི་དྲག་གི་ཐབས་ཤེས་ཚང་མ་བཀོལ་ན་ཡང་ཐ་ན་ཁོའི་ཁ་ནས་གསང་བའི་གནས་ཚུལ་ཟུར་ཙམ་ཞིག་ཀྱང་མ་ལོན་པ་རེད། མཐའ་མར་དབང་བོ་སྐྱོན་ཅན་ཆགས་ནས་སྨན་ཁང་དུ་ཤི་སོང་བ་དེ་འདྲ་རེད། ང་ཚོས་གཡག་རྒོད་དེ་འདྲའི་རིགས་ཇི་ལྟར་འདུལ་རྒྱུ་ཡིན་ནམཞེས་བཤད་པ་ན་ཞོ་ཧྭ་དགོད་ཞོར་ཀུ་རེའི་ཚུལ་དུ།

དེ་འབྲོག་པས་གཡག་ལ་སྣ་ལོ་བཏུལ་བཏུལ་བྱས་ནས་བཙན་དབང་བྱེད་རྒྱུ་ལས་ཐབས་གཞན་ཅི་ཡོད

ཁྱོད་གཡག་སྣ་ལོ་ཅན་ཞིག་ལ་བསྐྱོན་ན་ཡང་ཞོན་ཐུབ་ཀྱི་ཡོད་མེད་ཅི་ཤེས་ཞེས་ཕྱིར་ཡང་ཀུ་རེ་ཞིག་བཤད་པས། “ངས་མ་མཐར་ཡང་གཡག་རྒོད་གཅིག་ཞོན་ཐུབ་ཀྱིན་ཡོདཅེས་སྟག་ལྷའི་ལྟོ་བའི་སྒང་ལ་ཞོན་ནས་འཕོངས་རྡེབ་འགའ་བྱས་པས་སྟག་ལྷས་ཀྱང་ཡ་ཞེས་འཕག་འཚག་གཅིག་བྱས་པས་མོ་སྟག་ལྷའི་བརླ་བར་དུ་གན་རྐྱལ་དུ་ལྷུང་བས་གཉིས་ཀ་གད་མོ་ཤོར།

མོའི་ལག་པ་གཉིས་ཀ་ཡར་བསྲིངས་པས་སྟག་ལྷས་མོའི་ལག་མགོ་གཉིས་ནས་བཟུང་སྟེ་ག་ལེར་ཡར་འཐེན་པ་དང་ཏག་ཏག་མདོམས་ཀྱི་སྦ་བ་དང་ཆོས་འབྱུང་པད་མ་གཉིས་ཀྱང་ཁ་སྤྲོད་དུ་ཆགས། མོས་མགོ་བསྒུར་ནས“ད་ངས་གཡག་གི་རྩིད་པ་འབལ་རྒྱུ་ཡིནཞེས་སོར་མོ་གཉིས་ཀྱིས་མདོམས་སྤུ་ཉག་མ་འགའ་ནས་འཐེན་ཙམ་བྱས་པ་དང་དྲན་པའི་ཀ་བ་དེ་ཡང་ཀྲོང་ངེར་ལངས་བྱུང་བས། མོས་ཀྱང་འཕོངས་ཚོས་ཡར་བཀྱགས་ཏེ་དལ་བུར་དགའ་བའི་བུ་གའི་ནང་དུ་འཛུལ་བཅུག་ནས། རིམ་པས་འཕོངས་རྡེབ་ཇེ་མྱུར་ནས་ཇེ་མྱུར་དུ་བཏང་སྟེ་གཡག་ངོ་མར་ཞོན་པ་ཇི་བཞིན་མགོ་ལག་ཚང་མ་གཡུག་གིན་གཡག་རྒྱུགས་བྱས་པས། གཡག་རྒོད་ཀྱི་ཧར་སྒྲ་དང་གཡག་རྫི་མའི་སྣ་གླུ་སྙན་མོ་གཉིས་སླར་ཡང་སྒེའུ་ཁུང་བརྒྱུད་ནས་མཚན་ལྗོངས་ཀྱི་གཉིད་ལམ་དཀྲོག་ཏུ་ཆས་སོ།།

 

འདི་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་རེད། ཟླ་འོད་ཀུན་ཏུ་འཕྲོས་པས་མཚན་མོར་རྒྱུ་བ་རྣམས་ལ་གོ་སྐབས་ཤིན་ཏུ་བཟང༌། སྐབས་འདིར་དར་རྒྱས་ཁྲོ་ཐུང་ཡང་ཏག་ཏག་དགའ་མ་སར་འགྲོ་བཞིན་ཡོད། ཁོ་ནི་མཚན་མོར་བཟའ་ཚང་ཡོད་པའི་མི་ཚང་རྣམས་ཀྱི་སྒོ་འགྲམ་བརྒྱུད་དེ་འཁྲིག་སྤྱོད་ལ་ལྐོག་ཉན་བྱེད་རྒྱུར་ཧ་ཅང་དགའ། དེ་དགོང་ཡང་ཁོས་ཞོ་ཧྭ་སྟག་ལྷ་སར་ཡོང་ཡོད་པ་མཐོང་ཡོད་ལ། ལམ་ག་འདི་བརྒྱུད་དེ་འགྲོ་སྐབས་ཏག་ཏག་སྟག་ལྷའི་ནང་གི་གློག་སྒྲོན་བསད་སོང་བ་མཐོང་བས། ཁོས་ཏག་ཏག་བྱ་བ་དེའི་མགོ་བརྩམས་སོང་བསམས་ཏེ་ཞི་མི་འཇབ་རྒྱུགས་བྱེད་པ་བཞིན་སྟག་ལྷའི་སྒོ་ཁར་རྒྱུགས་འོངས་ཏེ་རྣ་བ་སྒོ་ལ་གླན་ནས་ཉན་པ་དང༌། ཞོ་ཧྭས་ཤབ་ཤུབ་ཀྱིས་ཨ་ཡོ་ང་ཐང་ཆད་སོང་གཡག་རྒྱུགས་བྱས་ནས་ཐང་ཆད་སོང་ཟེར་བས།

སྟག་ལྷསཅི་འདྲ་འདུག གཡག་བྱས་ན་སྐྱིད་པོ་འདུག་གམ་གཡག་ཞོན་མཁན་བྱས་ན་སྐྱིད་པོ་འདུགཅེས་བཤད་པ་གོ་བས་ཁྲོ་ཐུང་གིས་ཁོ་གཉིས་ཀྱི་འདོད་པའི་དགའ་སྟོན་མཇུག་རྫོགས་མ་ཐ་ཡིན་པ་ཤེས་ནས་འགྱོད་པ་ཅུང་སྐྱེས་ན་ཡང༌། ཞོ་ཧྭས་དེ་རིང་གཡག་ཞོན་པ་དང་པོ་ཡིན་པ་ཤེས་ནས་རང་གིས་ཀྱང་མཛའ་མོ་གཡག་ཞོན་ཞོན་ཞིག་བྱེད་དུ་འཇུག་དགོས་སྙམ་ནས་བྲེལ་བ་ཞིག་ཀྱང་ལངས། འོན་ཀྱང་ད་དུང་ཆགས་གཏམ་འདྲ་གོ་རྒྱུ་མེད་དམ་སྙམ་ནས་ཅུང་ཉན་བསྡད་པ་ན། ཞོ་ཧྭས།

ཨ་ཡོ་ ད་སང་ཉིན་དར་རྒྱས་ཁྲོ་ཐུང་ལ་ཡང་བསྐྱར་སྐད་ཆ་ཞིག་འདྲི་དགོས་ཀྱི་འདུག འབྲུག་ལྷ་བྲོས་ཤོར་བ་དེ་ཡང་ངོ་མ་ཡ་མཚར་ཞིག་རེད

སྟག་ལྷས། “ཁྲོ་ཐུང་གིས་ཅི་ཤེས། ཁོ་རང་གིས་མཐོང་བ་དེ་མ་ཐག་ཡར་ཞུ་བྱས་ཚར་བ་རེད། ངོ་མ་བཤད་ན་འབྲུག་ལྷ་དང་ཁོ་གཉིས་གྲོགས་པོ་ཡང་རེད། མི་དེ་འདྲ་ཞིག་་་་

ཅི་རེད། ཁོ་མི་ཁྲེལ་མེད་ཅིག་རེད་ཟེར་བ་ཡིན་ནམ། ཁོས་གནས་ཚུལ་ཡར་ཞུ་བྱས་པ་དེ་ཡང་མ་འགྲིགས་པ་ཡིན་ནམ

དེ་འགྲིགས་ན་ཡང༌། གང་ལྟར་སྒོར་མོ་ཆིག་སྟོང་གི་ཆེད་དུ་གྲོགས་པོ་གཡོ་ཚོང་བྱེད་མཁན་ཞིག་ཁྲེལ་མེད་མིན་ན་ཅི་རེད། མ་གཞི་ཁོ་རང་གི་མཚང་ལ་ཁྲོ་ཐུང་རེད་པ

་་་ ་་་

དར་རྒྱས་ཁྲོ་ཐུང་གིས་དེ་ཐོས་མ་ཐག་གློ་བུར་གོམ་པ་ཕྱིར་བགྲོད་ཅིག་བྱས་ཏེ་རྡོ་ཞིག་ལ་ཐོགས་ནས་ས་ལ་འགྱེལ། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་ཁྲོག་སྒྲ་ཅང་མ་གྲགས་པས་སུས་ཀྱང་མ་ཚོར། ཁོ་ག་ལེར་ལངས་ཏེ་ཞི་མིའི་འགྲོས་ཀྱིས་ལམ་དུ་ཞུགས།

དར་རྒྱས་ནི་རྫ་དམར་རྫོང་གི་གློག་བརྙན་སྟོན་མཁན་ཡིན་ཞིང། བསམ་རྒྱུ་དྲན་རྒྱུ་རྒོད་པའི་མི་གཡོ་སྒྱུ་ཅན་ཞིག་ཡིན་ལ། སྡར་མ་ཁ་ཤོམ་ཅན་གྱི་མི་སྣང་བ་སྐྱིད་པོ་ཅན་ཞིག་ཀྱང་ཡིན་པས་མི་ཚང་མས་ཁོ་ལ་ཁྲོ་ཐུང་ཞེས་འབོད་ཀྱིན་ཡོད་ལ། ཁོས་ཀྱང་མིང་དེ་དང་ལེན་བྱས་ཡོད་དེ། སུ་ཞིག་གིས་ཁོ་ལ་ཁྲོ་ཐུང་ཞེས་བོས་ན་ཁོས་དེ་ལ་ཨ་ཞེས་ལན་སློག་ངེས་ཡིན།

ད་ལྟ་ཁོས་མཛའ་མོ་གཡག་ཞོན་ཞོན་འཇུག་འདོད་ཀྱི་བསམ་བློ་དེ་གར་སོང་མ་ཤེས་པར་འགྲོ་བཞིན་འགྲོ་བཞིན་དགོང་མོ་དེའི་གནས་ཚུལ་ལ་ཕྱིར་དྲན་བྱས།

གཟའ་ཉི་མའི་ཉིན་དེའི་ཉིན་གུང་དར་རྒྱས་ཁྲོ་ཐུང་འབྲུག་ལྷའི་ནང་ལ་སོང་དུས་ཚོང་པ་ནོར་ལྷ་ཡང་དེར་ཡོང་ཡོད།

ཁྲོ་ཐུང༌། གློག་བརྙན་འཕྲུལ་ཆས་བསྐྱར་བཟོ་བྱེད་ཐུབ་སོང་ངམ” འབྲུག་ལྷས་དེ་ལྟར་དྲིས།

མི་ཐུབ་ཀི

ཁྱོད་ཀྱིས་འཕྲུལ་ཆས་གསར་བཟོ་བྱེད་པའི་ལག་རྩལ་ཡང་ཡོད་ཟེར་བ་མིན་ནམ། ད་འཕྲུལ་ཆས་རྙིང་པར་ཞིག་གསོ་ཞིག་ཀྱང་བྱེད་མི་ཐུབ་པ་རེད་དམཁོས་བསྐྱར་དུ་དྲིས།

ངས་ཐེངས་མང་ཞིག་གསོ་བྱས་མྱོང། ད་ཕལ་ཆེར་སྐྱོན་ཆེན་པོ་ཞིག་ཤོར་བ་འདྲ། འཆི་ནད་ཕོག་ན་སྨན་པ་མཁས་ཀྱང་ཐབས་ཤེས་མེད་པ་ལྟ་བུ་རེད། ད་གསར་བ་ཞིག་ཉོས་ན་མ་གཏོགས་ཐབས་མི་འདུག

སྲོང་བཙན་སྒམ་པོའི་གློག་བརྙན་གསར་བ་ཞིག་ཐོན་འདུག་ཟེར། དེ་ལྷ་ས་ནས་སྟོན་རྒྱུའི་གསལ་བསྒྲགས་སྦྱར་ཀྱང་རྗེས་སུ་བཀག་འདུགནོར་ལྷས་དེ་ལྟར་བཤད།

འབྲུག་ལྷས།དེ་ཅི་ཡིན་ནམ། མ་གཞི་རྫུན་མ་ཞིག་འཁྲབ་ཡོད་ངེས་རེད

ཡ་ད་དེ་རིང་ངས་སྦྱིན་བདག་བྱེད། ང་ཚོ་བོད་ཀྱི་ཟ་ཁང་དུ་ཟ་མ་བཟའརུ་འགྲོརྫོང་འདིར་ཟ་ཁང་བཅུ་ལྷག་ནང་ན་བོད་ཀྱི་ཟ་ཁང་འདི་གཅིག་པུ་ལས་མེད་པས་མང་ཚོགས་ཀྱིས་ཟ་ཁང་དེརབོད་ཀྱི་ཟ་ཁང’ཞེས་འབོད། ཅེས་ནོར་ལྷས་ཁོ་གཉིས་ཁྲིད་དེ་ཁོ་ཚོས་ཟ་ཁང་དེར་ཟ་མ་ཟ་བཞིན་དུ་དགོད་བྲོ་བའི་སྐད་ཆ་འདྲ་མིན་བཤད། ལྷག་པར་ནོར་ལྷས། བླ་བྲང་མཐའ་བའི་རོང་མོ་ནས་ཟི་ལིང་གི་རྒྱ་མོ་སྨད་འཚོང་མའི་བར་ལ་འགྲོགས་ཚུལ་རེ་རེ་ནས་ཞིབ་བཤད་རྒྱས་བཤད་བྱས་པས་ཁྲོ་ཐུང་དགའ་ཐག་ཆོད་དེ་ཧབ་ཆ་རྒྱག་བཞིན་དུ་ནོར་ལྷའི་ཁ་ནང་ལ་ཅེར་ནས་ཕྱི་དྲོའི་བར་དུ་ལུས།

ནོར་ལྷ་འགྲོ་ཁར་འབྲུག་ལྷ་ལ་སྒོར་མོ་ལྔ་སྟོང་བརྩིས་ནས་སྤྲད་དེ། “འདི་ཁྱེད་ཀྱིས་རླུང་རྟ་དཔར་སྤྱད་ཡིནཞེས་བཤད་པ་དང༌། ཁྲོ་ཐུང་གིས།

 རླུང་རྟ་དཔར་སྤྱད་ཨེ། སྒོར་མོ་འདི་འདྲ་མང་པོས་ཤོག་གུ་ཉོས་ན་དེ་འཕྲོ་བརླག་མ་རེད་དམཞེས་ཕངས་སེམས་ཆེན་པོས་བཤད།

འབྲུག་ལྷས། “ཤོག་བུའི་རླུང་རྟ་ཟེར་གྱི་ཡོད་པ་མ་རེད། ངའི་ཁ་ལས་ཀླུང་རྟ་དར་སྤྱད་བྱོས་ཟེར་བ་རེད” ཅེས་ཁོའི་ལོག་ཤེས་དེ་ལ་ཡང་བསྐྱར་ལོག་འགྲེལ་ཞིག་བརྒྱབ་པས་ཁྲོ་ཐུང་གིས།

ཨ་ལེ། རང་གིས་ཀྱང་ཚོང་ཆེན་ཞིག་རྒྱག་འདོད་པ་ཡིན་ནམ། ཚོང་ཅི་རྒྱག་འདོད་ཡོདཅེས་དྲིས།

གཡག་ཚོང༌། ང་རོང་པ་ཡིན་པས་སྐམས་ལུག་གི་ཚོང་བརྒྱབ་ན་ངའི་ཀླུང་རྟ་དར་ཐག་ཆོད་ཡིནནོར་ལྷས། “གལ་ཏེ་གཡག་ཚོང་ཡག་པོ་རྒྱག་ཐུབ་སོང་ན་ང་ལ་སྐྱིན་པ་ཡར་འཇལ་བྱེད་རྒྱུ་མ་བརྗེད” ཟེར་བར་འབྲུག་ལྷས་ཀྱང༌།

གལ་ཏེ་མ་རྩ་བརྡིབས་སོང་ན། ང་ལ་ལེ་ལན་མ་འདེད་ཨཞེས་བཤད་པས་ཚང་མ་ཧབ་ཆ་ཞིག་དང་ལྷན་དུ་སོ་སོའི་སར་ཆས།

དར་རྒྱས་ཁྲོ་ཐུང་ཕྱིར་ནང་ལ་འགྲོ་བའི་ལམ་ཁར། རང་ལ་ཡང་ནོར་ལྷ་ལྟ་བུའི་ཚོང་གྲོགས་ཤིག་བྱུང་ན་ཅི་མ་རུང་སྙམ་ཞིང༌། གཅིག་བྱས་ན་འབྲུག་ལྷ་ཡང་ནོར་ལྷ་ལྟ་བུ་ཞིག་ཆགས་ན་རྗེས་སུ་རང་ལ་ཡང་ཚོང་གྲོགས་ཤིག་ཡོད་པ་མིན་ནམ་སྙམ་བཞིན་དགའ་བ་སྟོང་བ་ཞིག་སྒོམ་བཞིན་ནང་དུ་ལོག

དགོང་མོ་དེར། ཁྲོ་ཐུང་ནམ་རྒྱུན་བཞིན་རང་གི་དགའ་མ་སར་འགྲོ་འདོད་ཀྱིས་སྒོ་ཕྱིར་བུད་ནས་ཡོང་སྐབས། གློག་བརྙན་ཁང་གི་སྒོ་འགྲམ་ན་མི་ཞིག་གིས་ཅི་ཞིག་བྱེད་ཀྱིན་པ་མཐོང་ནས། ཁོས་ཐོག་མར་རྐུན་མ་ཞིག་མིན་ནམ་སྙམ་ནས་ཁང་པའི་ཟུར་ཅིག་ནས་བལྟས་བསྡད་པ་ན་ཟླ་འོད་ཀྱི་འོག་ནས་མི་དེའི་བཟོ་ལྟ་འབྲུག་ལྷ་འདྲ་བོ་ཞིག་མཐོང་མོད། དེ་ཡིན་རྒྱུ་མ་རེད་སྙམ། མི་དེས་སྒོ་འགྲམ་དང་རྩིག་པའི་ངོས་སུ་ཡི་གེ་འདྲ་བོ་ཞིག་སྦྱར་ནས་ཕྱིན་སོང་བས། ཁོ་འཇབ་ནས་སོང་སྟེ་བལྟས་པ་ན། བོད་རང་བཙན” ཞེས་པའི་ཁ་བྱང་ཅན་གྱི་ཡི་གེ་ཞིག་སྦྱར་འདུག་པས། ཁོས་དེ་མ་ཐག་དེ་ནི་གཡག་རྒོད་ཚོགས་པའི་མི་ཞིག་མིན་ནམ་སྙམ་ཞིང༌། ཡང་སྙིང་མི་དེ་སུ་ཡིན་མིན་ཤེས་འདོད་ཀྱིས། མི་དེའི་རྗེས་འདེད་བྱས།

མི་དེས་སློབ་གྲྭ་དང་སྨན་ཁང༌། གློག་བརྙན་ཁང༌། ཉེན་རྟོག་ཁང༌། མི་དོན་ཅུས་སོགས་ལས་ཁུངས་ཚང་མ་བརྒྱུད་དེ་སྦྱར་ཡིག་སྦྱར་སོང༌། ཁྲོ་ཐུང་གིས་ཟླ་འོད་མོག་མོག་གི་འོག་ནས་མི་དེ་ཕལ་ཆེར་འབྲུག་ལྷ་མིན་ནམ་སྙམ་པའི་དོགས་པ་ཆེ་རུ་གྱུར།

ཁྲོ་ཐུང་གི་ཡོན་ཏན་གཅིག་ནི་དྲན་རིག་ཧ་ཅང་རྒོད་པ་དེ་ཡིན། ཁོའི་སེམས་ལ་གལ་ཏེ་མི་འདི་འབྲུག་ལྷ་ཡིན་ན་་་ གལ་ཏེ་དེ་རིང་གི་སྒོར་མོ་ལྔ་སྟོང་བོ་དེ་ཡང་ནང་ལ་བཞག་ཡོད་ན་་་་ དེ་མེད་ཀྱང་བྱ་དགའི་སྒོར་མོ་ཆིག་སྟོང་དེ་་་་དེ་ལྟར་བསམ་བཞིན། ཡུད་ཙམ་ལ་བསམ་བློ་ཞིག་བཏང་སྟེ། ཅུང་ཟད་མི་དེའི་ཉེ་སར་སོང་ནས་སྐད་ཆུང་ངུས། “འབྲུག་ལྷ། འབྲུག་ལྷ” འདིར་ཤོག་དང་ཞེས་བོས་པས། མི་དེ་གློ་བུར་ཕྱིར་འཁོར་ནས་ཡར་ལྟ་མར་ལྟ་ཞིག་བྱས་ཏེ།

ཁྱོད་སུ་ཡིན་གང་ན་ཡོད” དྲིས་པས་ཁྲོ་ཐུང་གིས་ལས་སླ་བོའི་ངང་ནས་འབྲུག་ལྷའི་སྐད་ཡིན་པ་ཤེས་ནས།

མགྱོགས་པོ་ཚུར་ཤོག་དང༌། ང་དར་རྒྱས་ཡིནཞེས་བོས་པས་འབྲུག་ལྷ་ཡང་དོགས་པ་དང་བཅས་ཁོའི་སར་ཡོང་ནས།

ཁྱོད་ཀྱིས་འདིར་ཅི་བྱེད་ཀྱིན་ཡོད། ཁྱོད་ཀྱིས་ང་འདི་ན་ཡོད་པ་ཅི་ལྟར་ཤེས་སོང

ད་འགྲིགས་མ་སོང་། ཆག་སྒོ་བྱུང་སོང༌། ང་དགའ་རོགས་སར་འགྲོ་དུས་ལམ་ཁ་ནས། གློག་བརྙན་ཁང་གི་སྒོ་འགྲམ་ན་མི་ཞིག་གིས་ཡི་གེ་ཞིག་སྦྱོར་གྱིན་པ་མཐོང་བྱུང༌། ང་སོང་ནས་བལྟས་དུས་བོད་རང་བཙན་ཞེས་པའི་སྦྱར་ཡིག་ཅིག་རེད། དེ་ནས་ང་མར་སློབ་གྲྭའི་འཁྲིས་ལ་སླེབས་དུས་ཉེན་རྟོག་པ་གསུམ་གྱིས་སློབ་མའི་ཉལ་ཁང་གི་སྒོ་ངོས་ན་སྦྱར་ཡིག་འགའ་བཀོག་བཞིན་འདུག དེ་ནས་ཁོ་ཚོས་ཤབ་ཤུབ་ཅིག་བཤད་དེ་ཁྱེད་རང་གི་ཁང་པའི་འཁྲིས་ཀྱི་ནག་ཁུང་དེའི་ནང་ལ་ཡིབ་ནས་བསྡད་སོང༌། ངའི་སེམས་ལ་གློག་བརྙན་ཁང་གི་སྒོ་འགྲམ་གྱི་ཡི་གེ་སྦྱོར་མཁན་དེ་ཏན་ཏན་་ཁྱེད་རང་འདྲ་བོ་ཞིག་མཐོང་བྱུང་བས། གལ་ཏེ་ཁྱོད་རང་ཡིན་ན་དཔེ་བཞག་སོང་བསམ་ནས་ཕྱིར་འཁོར་ནས་ཁྱོད་བཙལ་ཡོང་བ་ཡིནཞེས་འཚབ་འཚུབ་ངང་བཤད།

འབྲུག་ལྷས། “ཨ་ཡ་མཚན། ཁོ་ཚོས་དེ་འདྲ་ལས་སླ་བོར་ཇི་ལྟར་ཤེས་བ་ཡིན་ནམཞེས་རང་བཞིན་གྱི་དོགས་འདྲི་ཞིག་དང་ལྷན་དུ། “ཁྲོ་ཐུང་ང་ལ་འཇིགས་སྐུལ་བ་ཡིན་ནམ

དཀོན་མཆོག་གསུམ། འདི་འདྲའི་རྩེད་མོ་རྩེད་སྲོལ་ཞིག་གང་ན་ཡོད། ད་མགྱོགས་པོ་བྲོས་ན་མ་གཏོགས་ཕྱིར་སོང་ན་འཛིན་ཐག་ཆོད་རེད། ཡིད་མ་ཆེས་ན་དེ་ག་རེད” ཞེས་འགྲོ་རྩིས་བྱས་པས་འབྲུག་ལྷས།

“དེས་ན་བཀའ་དྲིན་ཆེ། ཁྱོད་ཀྱིས་ང་ལ་ཕན་ཆེན་པོ་བཏགས་སོང

ང་ཚོ་གྲོགས་པོ་རེད། དོན་དག་འདི་འདྲའི་སྐབས་སུ་རོགས་བྱེད་མ་ཐུབ་ན་ནམ་བྱེད། ད་མགྱོགས་པོ་ཅིག་ལ་ཕྲོས

ཡ་བདེ་མོའབྲུག་ལྷས་ཁྲོ་ཐུང་གི་ལག་པ་གཉིས་ལ་འཇུས་ཏེ།རང་ཁྲོ་ཐུང་མ་རེད། རང་ལ་རྒྱ་ཅན་གྱི་དར་རྒྱས་རེདཅེས་སེམས་འགུལ་ཐེབས་བཞིན་རྫ་ལུང་མདོ་ཁའི་ཕྱོགས་སུ་ཆས་སོང༌།

ཁྲོ་ཐུང་གིས་ཁོའི་རྗེས་སུ་བལྟས་ཏེ་ཅུང་བསྡད་རྗེས། ཕྱིར་འཁོར་ནས་སྒོར་མོ་ལྔ་སྟོང་བོ་ཤུལ་ན་ལུས་ཡོད་པའི་རེ་བ་དང་བཅས་ཡུད་ཙམ་གྱིས་འབྲུག་ལྷའི་སྒོ་ཁར་བསླེབས་པ་དང༌། སྟབས་ལེགས་པ་ཞིག་ལ་ཟྭ་ཡང་མ་བརྒྱབ་པར་བཞག་འདུག་པས་ཁོ་ནང་དུ་སོང་ནས་ཡར་སློག་མར་སློག་ཅི་ཙམ་བྱས་ཀྱང་སྒོར་མོ་གཅིག་ཀྱང་མ་ལོན། མཐར་སྒྲ་སྡུད་དང་སྒྲ་ཕབ་ཉིས་ལྡན་གྱི་འཁོར་ལོ་གསར་བ་ཞིག་ཉོས་ཡོད་པ་དེ་དང་ཅ་ལག་ཙག་ཙིག་ཁག་ཅིག་ཁྱེར་ནས་ཁོ་རང་གི་ཁྱིམ་ལ་སྦས། དེ་ནས་ཕྱིར་ཡོང་ནས་གློག་བརྙན་ཁང་གི་སྒོ་ངོས་སུ་འཛེར་ལེབ་ཀྱིས་སྦྱར་བའི་ཡི་གེ་དེ་བཀོག་ནས་ཐད་ཀར་རྫོང་ཉེན་རྟོག་ཁང་ལ་སོང།

ཁོ་ཅུས་ཀྲང་ཅིན་གྱི་སྒོ་ཁར་སོང་ནས་སྦྱར་ཡིག་ཅིག་ཁོའི་སྒོ་ངོས་སུ་སྦྱོར་ཞོར་དང་ག་ལེར་སྒོ་རྡུང་ཞོར། ཅུས་ཀྲང་ལགས། གནས་ཚུལ་གལ་ཆེན་སྙན་ཞུ་འབུལ་རྒྱུ་ཡོད་ཅེས་ལན་འགའ་བོས་པ་དང༌། ཅུས་ཀྲང་གིས་གོ་ནས།

སུ་ཡིན། གནས་ཚུལ་ཛ་དྲག་ཅི་བྱུང་སོང་ཞེས་བཤད་ཀྱིན་སྒོ་ཕྱེས།

ཧེ་ཧེ། ང་་་ང་དར་རྒྱས་ཡིན། དར་རྒྱས་ཁྲོ་ཐུང་ཡིན། ལོག་སྤྱོད་པ་ཞིག་གིས་ལོག་སྤྱོད་ཡི་གེ་སྦྱོར་གྱིན་འདུག” ཞེས་གུས་གུས་ཞུམ་ཞུམ་གྱིས་བཤད།

      “སུ་རེད། གང་ན་འདུག

      “དགེ་རྒན་འབྲུག་ལྷ་ཟེར་བ་དེ་རེད། ང་ང་ད་ལྟ་དགའ་རོགས་སར་འགྲོ་དུས་ལམ་ཁ་ནས་མཐོང་བྱུང༌། ཧེ་ཧེ

      “སྦྱར་ཡིག་ཅི་རེད། རང་གིས་དངོས་སུ་རིག་བྱུང་ངམ

      “རིག་བྱུང༌། སྦྱར་ཡིག་དེ་འདྲ་ཞིག ཨང་་་འདི་ འདི་ན་ཡང་གཅིག་སྦྱར་འདུགཅེས་ཅུས་ཀྲང་གི་སྒོ་ལ་མཛུབ་སྟོན་ཞིག་བྱས།

      “སྙིང་སྟོབས་ཆེ་ག ངའི་སྒོ་ཁར་ཡང་ཡི་གེ་སྦྱར་ནསཞེས་འཛེར་ལེབ་གཅིག་གིས་སྦྱར་བའི་ཡི་གེ་དེ་བཀོག་སྟེ། ད་རེས་ཁྱོད་ཀྱིས་བྱ་བ་གལ་ཆེན་ཞིག་བསྒྲུབས་པ་རེད། བྱ་དགའ་ཡང་ཡོད།

      “ལགས་སོ། བྱ་དགའ་ད་བྱ་དགའ་རེད། འོན་ཀྱང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་བསམ་ཤེས་བྱེད་རྒྱུ་གལ་ཆེན་པོ་རེད”སེམས་ནང་གི་ལྡོག་ཕྱོགས་དེ་བཤད།

 

ཨ་ཡོ་ཡོ་་་ ”ཁྲོ་ཐུང་གིས་དེ་ལྟར་ཕྱིར་དྲན་བྱེད་ཀྱིན་དགའ་རོགས་ཚང་གི་འཁྲིས་ལ་སླེབས་པ་དང༌། རྐང་པ་ཐག་པ་ཞིག་ལ་ཐོགས་ནས་ཁ་སྦུབ་ཀྱིས་ས་ལ་འགྱེལ་བས་གློ་བུར་དུ། “ཨ་ཡོ་ཨ་ཡོ་ཞེས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན། གདོང་ཁེབས་ཅན་གྱི་མི་གཉིས་ཀྱིས་ཐག་པ་ཞིག་གི་སྣེ་གཉིས་ནས་བཟུང་སྟེ་ལམ་གྱི་གཡས་གཡོན་ན་བསྡད་འདུག་པ་མཐོང་ནས། སུ་ཡིན་ནམ་སྙམ་ནས་སྐྲག་སྣང་དང་བཅས། “ཁྱོད་གཉིས་སུ་ཡིན། ཅི་བྱེད་འདོད་ཡོད” ཅེས་འདྲི་བཞིན་ཡར་ལངས་པ་དང༌། མི་གཅིག་གིས།

ངེད་གཉིས་གཡག་ཡིན། ཁྱོད་ལ་རྡུང་གི་ཡོང་བ་ཡིནཞེས་གདོང་དཀྱིལ་ལ་ཁུ་ཚུར་གྱིས་གཅིག་གཞུས་ཏེ་ཕྱིར་ས་ལ་བསྒྱེལ།

དེ་ནས་ཁོས། “ཨ་ཁུ་ལེ་ལེ་གཉིས། ངས་ཅང་བྱས་མེད། ཨ་ཁུ་ལེ་ལེ། དྲིན་ཆེན་པོཞེས་པུས་མོ་བཙུགས་ཏེ་སྐད་ཆེན་པོས་ཞུ་བ་འཐེན།

ཁ་རོག་སྡོད། སྐད་རྒྱོབ་དང༌། ཁྱོད་གསོད་ལ་འཇོག” ཞེས་མི་དེ་གཉིས་ཀས་ཁྲོ་ཐུང་གི་སྟོད་གོས་ཕུད་དེ་ཁ་ནང་ལ་བརྫངས་ཤིང༌། སྐེ་རགས་བཀྲོལ་ནས་གྱོན་པ་ཚང་མ་བཤུས། ལག་པ་གཉིས་རྒྱབ་སྣོལ་དུ་བཀྱིགས་ཏེ་ཐག་སྣེ་ནས་གཅིག་གིས་བཟུང༌། 

སོང༌། ཅུས་ཀྲང་ཅིན་ཚང་གི་སྒོ་ཁར་རྒྱུགས། ཞེས་འབྲེང་གྱོང་ཞིག་གིས་གཅིག་བྲབས་པ་ན་ཁྲོ་ཐུང་གིས་མ་བཟོད་པར་སྔོན་ལ་རྒྱུགས།

མི་བཤད་དགུ་བཤད་བྱེད་པའི་ཁྲོ་ཐུང་ཁྱོདཅེས་གཅིག་བྲབས་པ་དང་ཡང་གཡས་ལ་རྒྱུགས།

གཅིག་གིས། “མི་རིགས་ཀྱི་རྐང་འདྲེན་ཁྱོད” ཅེས་གཅིག་བྲབས་པ་ན་ཡང་གཡོན་ལ་རྒྱུགས།

གྲོགས་པོ་བསླུ་བའི་གཡོ་ཅན་ཁྱོད” ཅེས་དང༌།ངོ་ཚ་ཁྲེལ་མེད་ཁྱོད

མི་ངན་ཁྱི་རྒན་ཁྱོད

སྒོར་མོ་ཆིག་སྟོང་གི་རིན་ལ་ལྕག་ཚན་ཆིག་སྟོང་གཞུ་དགོསཞེས་མཚང་ནས་འདྲུ་བཞིན་དུ་འབྲེང་ཐག་གིས་གཡས་ནས་བྲབ་ཅིང་གཡོན་ནས་གཞུས་པས། ཁྲོ་ཐུང་གིས་མ་བཟོད་པར་སྐོར་རྒྱུག་བྱེད་ཅིང་མཚམས་རེར་པུས་མོ་བཙུགས་ཏེ་མགོ་སྒུར་ནས་ཞུ་བ་ཡང་བྱས། དེ་ལྟར་ཉེན་རྟོག་ཁང་གི་རྒྱ་སྒོ་བར་ལ་རྡུང་རྡེག་བྱེད་ཀྱིན་དེད་སོང་ནས། 

ཁྱོད་ཀྱིས་རྗེས་མ་ནས་མི་རིགས་ཀྱི་རྐང་འདྲེན་འདི་འདྲ་བྱས་ན་རྐང་པ་གཅོག་གི་ཡིནཞེས་འཇིགས་སྐུལ་བྱེད་ཀྱིན་རྐང་ལག་ཚང་མ་ལུག་བཀྱིགས་བཀྱིགས་བྱས་ནས་རྒྱ་སྒོའི་ནང་ལ་གཡུགས་བཞག་སྟེ་བྲོས་སོང།

མི་དེ་གཉིས་ནི་གཅིག་གཟུགས་རིང་ཞིག་དང་ཅིག་ཤོས་གཟུགས་ཐུང་སྟོབས་ཆེན་ཞིག་ཡིན་པ་དེ་ཙམ་ལས་ཁྲོ་ཐུང་གིས་ཀྱང་སུ་ཡིན་ཆ་འཇོག་དཀའ་བར་གྱུར།།

 

 

 ག༽

 

 

དགུན་དུས་མགོ་ཚུགས་སོང༌། ས་གཞི་ཚང་མ་སྐྱ་ཐང་ངེར་གྱུར་ཅིང་གྲང་རླུང་གིས་རི་ཀླུང་ཚང་མར་བཙན་འཛུལ་བྱེད་ཀྱིན་པས་རྫ་དམར་རྩྭ་ཐང་གི་འབྲོག་པ་ཚོས་ཀྱང་ཝ་ཞྭ་གྱོན་པ་དང༌། སློག་པ་མཐུག་པོ་གྱོན་པ། ཀོ་ལྷམ་ཡུ་རིང་གོན་པ་སོགས་དགུན་འཁྱག་ལ་ཡ་ལན་སློག་པའི་གྲ་སྒྲིག་བྱེད་ཀྱིན་ཡོད། འོན་ཀྱང་ཨ་མྱེས་རྫ་ལུང་ནི་རྟག་ཏུ་ཀྲོང་ངེར་འགྱིངས་ཏེ་དཔའ་བོའི་བརྟུལ་ཞུགས་ངོམ་པར་བྱེད།

སྐབས་འདི་དག་ལ་ས་འདིའི་མང་ཚོགས་ཁྲོད་དུ་རིམ་བཞིན་ལྷ་སྒྲུང་གསར་བ་ཞིག་ཁྱབ་བཞིན་པ་སྟེ། ཨ་མྱེས་རྫ་ལུང་གི་ནང་ན་རྟ་དཀར་ཞོན་ཞིང་གོས་དཀར་གྱོན་པ་ཞིག་ཡོད་པ་དང༌། ཁོས་མཚན་མོར་ལབ་ཙེ་རི་བོའི་བསང་ཁྲིའི་ཐོག་ལ་བསང་མང་པོ་བཏང་ཡོད་པ་དང༌། རླུང་རྟ་གཏོར་བ་དང་དར་ལྕོག་གསར་འཛུགས་བྱས་ཚུལ། ཐེངས་ཤིག་ལ་ཟོག་ལུག་ནང་སྤྱང་ཀི་རྒྱུགས་པར་འགོག་སྲུང་བྱས་ཚུལ་དང༌། རྟག་པར་མཚན་མོར་རྫ་དམར་སྡེ་མཐར་སྐོར་བ་བརྒྱབ་ནས་ཇག་རྐུན་འགོག་གིན་ཡོད་ཚུལ་དང༌། ཡང༌། ཉེ་ཆར་ལུག་རྫི་བུ་མོ་ཞིག་གཡག་འདྲོགས་ནས་ས་ལ་ལྷུང་ནས་དྲན་པ་འཐོར་ཞིང་རྨས་སྐྱོན་བྱུང་བར་བདག་པོ་བརྒྱབ་ཚུལ་སོགས་ངས་མཐོང་བ་དང་ཁོས་མཐོང་བ་མང་པོ་བཤད་རྒྱུ་ཡོད། ཡང་ལ་ལས་དེ་ནི་གཞི་བདག་གསར་བ་ཞིག་ཡིན་ཚུལ་དང༌། རྒྱ་གར་ནས་ྋརྒྱལ་བ་རིན་པོ་ཆེས་མངགས་པའི་ལྷ་སྲུང་གསར་བ་ཞིག་ཡིན་ཚུལ་སོགས་ཀྱི་སྐད་ཆ་དེ་དག་རྩྭ་ཐང་དེར་ཁྱབ།

སྒྲོལ་མས་མཚར་སྒྲུང་དེ་དག་གོ་ཐེངས་རེ་ལ་སེམས་ལ་ཚ་ཤད་རེ་རྒྱག་གིན་ཨ་མྱེས་རྫ་ལུང་གི་ཕྱོགས་ལ་རྒྱང་ལྟ་རེ་བྱེད་ཀྱིན་གསང་བའི་གསོལ་འདེབས་རེ་བྱེད།

སྡེ་དཔོན་གྱིས་ཉེ་ལམ་ཕ་ཡུལ་ངེས་མེད་ཀྱི་རི་ཁྲོད་འགྲིམས་པའི་ཨ་ལགས་མཚམས་པ་ཚང་(ས་དེའི་མི་མང་གིས་དེ་ལྟར་འབོད)དེར་ཕེབས་ནས་མཚམས་ལ་བཞུགས་ཡོད་པ་གདན་དྲངས་ནས་དེ་དོན་ཅི་ཡིན་དང་ཇི་ལྟར་བྱེད་དགོས་ཐད་ལ་བཀའ་ལུང་གནང་རོགས་སྐྱབས་འཇུག་ཞུ་རྒྱུའི་གནས་ཚུལ་གོ་བས་སྒྲོལ་མ་ལྷག་པར་སེམས་ཁྲལ་དང་ཐེ་ཚོམ། དངངས་སྐྲག་བཅས་ཀྱི་ནང་ལ་ལྷུང༌།

སྡེ་བའི་དཔོན་པོ་ལྷག་བསམ་ཚང་གི་སྦྲ་ནག་གྲུ་བཞི་མའི་ཐབ་ཀའི་གཡས་གྲལ་མགོ་ན་ཁྲི་ཆུང་ངུ་ཞིག་བརྒྱབ་པའི་ཐོག་ཨ་ལགས་མཚམས་པ་ཚང་གིས་སྤྱན་ཟུང་བཙུམ་ཞིང་བག་ལྷོད་པོར་བཞུགས་ཏེ་བ་སོའི་ཕྲེང་བ་ཟད་པོ་ཞིག་ཕྱག་གཉིས་བར་ལ་འཕུར་འཕུར་བྱེད་གྱིན་གསོལ་བ་སྨོན་ལམ་གང་ཞིག་འདེབས་ཀྱིན་པའི་གྲལ་གཤམ་ན་སྡེ་དཔོན་དང་རྒད་པོ་འགའ་དང་གསར་བུ་འགས་སློག་པའི་ཕུ་ཐུང་གཡས་པ་ཕྲག་མགོར་འཕངས་ཤིང་ལག་གཉིས་ཐལ་མོ་སྦྱོར་གྱིན་ཙོག་པུར་བསྡད་འདུག ཐབ་ཀྱི་གཡོན་ཕྱོགས་ན་སྡེ་དཔོན་གྱི་ཆུང་མ་དང་བུ་མོ་སྒྲོལ་མ་གཉིས་ཀྱང་ལག་པ་ཐལ་མོ་སྦྱར་ཅིང་མགོ་རབ་ཏུ་བསྒུར་ནས་ཅི་ཞིག་གསུང་བར་ངང་སྒུག་བྱས་འདུག ལྷག་པར་སྒྲོལ་མའི་སྙིང་ཆུང་དམར་པོ་ལྷོག་ལྷོག་འཕར་བཞིན་པས་ཐལ་མོ་སྦྱར་བའི་ལག་པ་གཉིས་ཀྱང་འདར་འདར་བྱེད་ཀྱིན་འདུག་ལ་གདོང་མདོག་ཀྱང་ཇེ་དམར་ནས་ཇེ་དམར་ལ་འགྱུར་བཞིན་པའི་སེམས་ཁམས་ཀྱི་གསང་བའི་རྣམ་འགྱུར་གང་དེར་ཨ་ལགས་ཚང་ལས་གཞན་སུས་ཀྱང་དོ་སྣང་འབྱུང་གིན་མེད།

གང་འཚམས་ཤིག་ནས་ཨ་ལགས་ཚང་གིས་ཕྱག་ཕྲེང་ཕྱག་མཛུབ་མགོར་ལན་འགའ་དཀྲི་བཞིན་ཕྱག་མོ་ཞིག་བཏབ་ནས། ཞལ་འཛུམ་མདངས་དང་བཅས་ཚང་མའི་གདོང་ལ་གཟིགས་བཞིན།

ཡ་མཚན་རེད། ཡ་མཚན་རེད། དོན་བཟང་རེདགསུངས་པས་ཚང་མའི་གདོང་ལའང་དགའ་སྣང་ཞིག་སྐྱེས་ཏེ་ཡ་མཚར་དོན་བཟང་གང་ཞིག་ཡིན་ནམ་སྙམ་བཞིན་ཨ་ལགས་ཚང་གི་ཞལ་ནང་ལ་མིག་ཅེར་ནས་ལུས། སྒྲོལ་མ་ལྷག་པར་འཚུབ་ཆ་ལངས་ཏེ་ཨ་ལགས་ཚང་གི་ཞལ་ལ་བལྟ་ཙམ་ཡང་བྱེད་མི་ཕོད། འོན་ཀྱང་ཨ་ལགས་ཚང་གིས་སྒྲོལ་མ་ལ་གཅིག་གཟིགས་བཞིན་གསུང་ངག་འཇམ་པོའི་ངང་ནས།

མི་དཀར་རྟ་དཀར་ཅན་དེ་ནི་ཨ་མྱེས་རྨ་ཆེན་གྱི་སྲས་ཆུང་བ་ཕྱིང་དཀར་དུང་ལྷ་ཟེར་བ་རེདཅེས་གསུངས་མ་ཐག་སྒྲོལ་མའི་སེམས་སྐད་ཅིག་ལ་ལྷོད་ལ་བབས་པ་དང་དོགས་སྣང་གཞན་ཞིག་ཀྱང་སྐྱེས།

ཁོ་སྡེ་བ་འདིའི་བུ་མོ་མཛངས་མ་ཞིག་ལ་ཞེ་ཆགས་ནས་གནས་འདིར་འཁོར་གྱིན་འདུགསྒྲོལ་མས་སླར་ཡང་ཨ་ལགས་ཚང་གི་གསུང་འདི་ཐོས་པ་དང་ཡ་མཚན་དང་འཚུབ་ཤ་ལངས།

སྡེ་དཔོན་དང་རྒད་པོ་འགས་སྒྲོལ་མ་ལ་ལྟ་ཙམ་ཞིག་བྱས་ན་ཡང་སྒྲོལ་མས་མགོ་ས་ལ་གཏུགས་པ་བཞིན་བསྡད་ཡོད་པས་རྣམ་འགྱུར་གསལ་བའི་གདོང་མདོག་དེ་མ་མཐོང་ཞིང༌། ལྷག་པར་ཨ་ལགས་ཚང་གིས་སྒྲོལ་མ་ལ་གཟིགས་ཙམ་ཡང་མི་བྱེད་པར་སྣང་མེད་ཀྱི་ཚུལ་དུ་བཞུགས་པས་ཁོ་ཚོའི་དོགས་སྣང་ཡང་ཆུང་བར་གྱུར།

ཁྱེད་རང་གསར་བུ་ཚོས་རེས་བྱོས་ལ་ནུབ་རེ་བཞིན་དུ་ལབ་ཙེ་རི་བོའི་རྩེ་མོར་བཟའ་བཏུང་གང་ལེགས་རེ་ཕུལ་ན་ཁོང་གིས་དངོས་སུ་བཞེས་ངེས། དེ་ལྟར་རིམ་པས་འདྲིས་ན་ཁོ་མི་ངོ་མར་གྱུར་ནས་སྡེ་བ་འདིར་མག་པ་ཡོང་སྲིད་པ་དང༌། དེ་ལྟར་བྱུང་ན་སྡེ་བ་འདིའི་ཁ་ལས་ཀླུང་རྟ་ཤིན་ཏུ་དར་ཅིང་ངོ་མཚར་བའི་དཔའ་བོའི་བུ་རྒྱུད་བྱུང་ནས་སྡེ་མགོ་རང་མགོ་ཐོན་རྒྱུ་རེད། གལ་ཏེ་རྟེན་འབྲེལ་ནོར་ན་བུ་མོ་དེ་མནའ་མར་ཤོར་འགྲོ གང་ལྟར་ལས་དབང་དེ་ནི་འགོག་ཐབས་མེད་པ་ཞིག་དང་འགོག་མི་རུང་བ་ཞིག་ཀྱང་རེད། ཁྱོད་ཚོས་ནམ་ཡིན་ན་ཡང་ཁོ་ལ་དགའ་གུས་འཕྲིན་བཅོལ་བྱེད་དགོས། དེ་ནི་བོད་གངས་ཅན་དང་སངས་རྒྱས་བསྟན་པའི་དོན་དག་ཅིག་ལའང་ཐུག་ཡོད” ཅེས་ལུང་བསྟན་ནན་མོ་ཞིག་གནང་པས། གདོང་པར་རྔུལ་ཆུ་འཛུམ་བཞིན་པའི་སྒྲོལ་མ་ལ་ལྷག་པར་ཡ་མཚན་དང། དད་པ། དགའ་སྣང༌། ཐེ་ཚོམ་སོགས་བརྗོད་མི་ཤེས་པའི་ཚོར་སྣང་སྣ་ཚོགས་ཤིག་དུས་གཅིག་ལ་བྱུང་བ་ཨ་ལགས་ཚང་ཁོ་ནས་ཚོད་དཔག་ཐུབ།

ཉི་མ་དེ་ནས་བཟུང་སྡེ་བ་དེའི་གསར་བུ་རེ་རེ་ནས་ས་སྲོད་ལ་ཟ་མ་ཡག་པོ་རེ་ཁྱེར་ནས་ལབ་ཙེ་རི་བོར་སྐྱེལ་གྱིན་ཡོད་ལ། ཕྱི་ཉིན་ནམ་ལངས་དུས་སྣོད་ཆས་མ་གཏོགས་ཟ་མ་ཚང་མ་བཞེས་འདུག་པའི་གནས་ཚུལ་ཡང་དངོས་སུ་འབྱུང་བཞིན་ཡོད།

ཟླ་གཅིགཙམ་རྗེས། སྡེ་དཔོན་ཚང་གི་བུ་མོ་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་ཅིང༌། ལབ་ཙེ་རི་བོའི་སྒང་ལ་མཆོད་པའི་ཞལ་ཟས་དག་ཀྱང་བཞེས་མཁན་མེད་པར་གྱུར་བས། སྡེ་དཔོན་སླར་ཡང་ཨ་ལགས་མཚམས་པ་ཚང་གི་མདུན་ལ་གནས་ཚུལ་ཞུ་བར་ཕྱིན་པས། ཁོང་གིས། གནས་སྐབས་རིང་ལ་བུ་མོ་ཁོས་མནའ་མར་ཁྲིད་འདུག་ཅིང་ཉེན་ཁ་ཅི་ཡང་མི་འདུག མོ་རང་སྐྱིད་པོ་བདེ་མོ་རེད། ད་དུང་བུ་མོས་སྡིག་སྒྲིབ་སྦྱང་ཕྱིར་ལྷ་ཡུལ་དང་ཀླུ་ཡུལ་སོགས་སུ་གནས་མཇལ་ལ་ཁྲིད་འདུག རྗེས་མ་ཕྱིར་ཡོང་གི་རེད། ཟླ་ཤས་རྗེས་ནས་སྟོད་ལྷ་ཡུལ་ནས་གསུང་འཕྲིན་འབྱོར་གྱི་རེད། ཅེས་གསུངས་པས་སྡེ་དཔོན་ཤིན་ཏུ་ངོ་མཚར་དང་དགའ་དད་སྐྱེས་ནས་ཕྱིར་ལོག་ནས་ཀུན་ལ་བསྒྲགས།

ཡ་མཚན་དངོས་བྱུང་དེ་དག་དང་ལྷན་དུ་ཉེ་ཆར་དར་རྒྱས་ཁྲོ་ཐུང་དང་ཅུས་ཀྲང་ཅིན་གྱི་ཆུང་མ་རྒྱ་མོ་དཀར་ལུག་མ་གཉིས་ལྐོག་ཏུ་ལུས་འབྲེལ་བྱས་པ་ལ་གཞི་བདག་འདྲེ་ནག་གིས་ཆད་པ་བཅད་དེ་ཁོ་གཉིས་ཀྱི་གོན་པ་བཤུས་ནས་དམར་ཧྲེང་དུ་ཕུད་དེ་རྟ་ལྕག་གིས་དགུ་བཅུ་གོ་དགུ་གཞུས་ཚུལ་དང༌། རྒྱ་མོ་ལ་གདོན་འདྲེ་ཞུགས་ཡོད་པ། ཉེ་སྔོན་གྱི་ཧྭེ་ཧྭེ་ཇག་རྐུན་ཞིག་བསད་པ་དེ་ཡང་གཞི་བདག་འདྲེ་ནག་གིས་ཚར་བཅད་པ། འབྲུག་ལྷ་ཡང་གཞི་བདག་གིས་ཁྲིད་ནས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང༌། ལྷ་འདྲེ་དག་གི་རོགས་མགོན་ལ་བརྟེན་ནས་འབྲུག་ལྷས་མུ་མཐུད་དུ་བོད་དོན་ཡིག་ཆ་གང་སར་འགྲེམས་སྤེལ་བྱེད་པ་སོགས་ཀྱི་མཚར་གཏམ་མང་པོ་དང༌། ལྷག་པར་རང་ཉིད་ཀྱི་རྒྱ་མོ་སྨྱོས་ནས་སྨན་ཁང་དུ་ད་དུང་ཡང་མ་དྲག་པར་ལུས་ཡོད་པའི་གུང་ཁྲན་ཏང་ཡོན་ཅུས་ཀྲང་ཅིན་ལགས་ཀྱང་ད་ལྟར་མགོ་འཐོམས་ཤིང་བླ་འཁྱམས་པ་བཞིན་དུ་གྱུར་ཡོད།

ལྐོག་གྱུར་དང་མངོན་སུམ་འདྲེས་མའི་གནས་ཚུལ་དེ་དག་གསར་འགྱུར་ཚགས་པར་ནང་ལ་ཡང་ཐོན་པས་མི་མང་པོ་རྨོངས་པར་བྱས་ཤིང༌། ལྷག་པར་ལྷ་འདྲེ་སྨྲ་བ་རྣམས་ཀྱིས་ཡིད་ཆེས་གཙང་མའི་ཐོག་ཚིག་ལ་ལྷན་པ་དང་དོན་ལ་སྣོན་པ་བྱས་ཏེ་གཏམ་རྒྱུད་དེ་དངོས་ཡོད་སྒྱུ་འཕྲུལ་གྱི་བརྩམས་སྒྲུང་སྙན་མོ་ལྟ་བུ་ཞིག་ཆགས་ཀྱིན་ཡོད།

གནས་ཚུལ་དེ་འདྲའི་འོག་ཀྲང་ཉེན་དཔོན་གྱིས་ཁུལ་ཡོངས་ཀྱི་ཉེན་རྟོག་འགོ་དཔོན་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་བསྐོངས་ཏེ་ཚོགས་འདུ་ཆེན་པོ་ཞིག་ཚོགས་དགོས་བྱུང༌།

ཏག་ཏག་ཉིན་དེའི་དགོང་དྲོར་ལྷ་སའི་སེ་ར་དགོན་པའི་གྲྭ་ཤག་ཅིག་གི་ནང་ལ་གཡག་རྒོད་ལྔ་ཡིས་ལོ་གསར་སྐབས་སུ་བྱ་འགུལ་ཇི་ལྟར་སྤེལ་ཕྱོགས་ལ་གསང་གྲོས་བྱས། ཁོ་ཚོས་གྲོས་མོལ་གང་འཚམས་བྱས་རྗེས་གཡག་གུ་ནག་ཐུར་གྱིས་ཁུལ་མི་དམངས་སྲིད་གཞུང་གི་གཞུང་འབྲེལ་བདུན་རེའི་ཁྲིམས་ལུགས་ཚགས་པར་གསར་བ་ཞིག་བཟུང་ནས། ད་ངས་ཚང་མ་ལ་ཡ་མཚན་དངོས་བྱུང་གི་གཏམ་རྒྱུད་ཐུང་ངུ་ཞིག་ཀློག་གི་ཡིན་ཞེས་བཤད་པ་དང་ཚང་མས་ཁོ་ལ་ལྟ་བཞིན་ཉན་བསྡད།

ཁོས་ཚགས་པར་ཐོག་གི་<འཇིགས་སྐུལ་རིང་ལུགས་པའི་གྲིབ་ནག>ཅེས་པའི་གནས་ཚུལ་གསར་བ་དེ་བཀླགས།

སྤྱི་ཚོགས་གཏོར་བཤིག་དང་མི་རིགས་ཁ་བྲལ་གཏོང་བའི་གཡག་རྒོད་ཚོགས་པས་བོད་ཀྱི་ས་གནས་གང་སར་བྱ་ངན་སྤྱོད་ངན་རབས་དང་རིམ་པ་སྤེལ་བཞིན་པ་ཚང་མས་ཤེས་གསལ་བཞིན་རེད། ཉེ་ལམ་ཁོ་ཚོས་མི་ལ་ཉེས་རྡུང་དང༌། ད་དུང་གནས་ཚུལ་ངོ་མར་ལྷ་འདྲེའི་གནོད་པ་གཏོང་བར་ཁ་གཡར་ནས་མགོ་སྐོར་དང་འཇིགས་སྐུལ་བྱེད་པའི་བྱ་ངན་ཡང་སྤེལ་བཞིན་པ་རེད།

དཔེར་ན་བློ་མཐུན་དར་རྒྱས་ལགས་ལ་མི་ངན་སྐོར་ཅིག་གིས་རུབ་རྡུང་འཇིགས་སྐུལ་བྱས་པའི་གནས་ཚུལ་བཅར་འདྲི་བྱས་པ་འདི་ལྟར།

དྲི་བ། བློ་མཐུན་དར་རྒྱས་ལགས། མི་ངན་དེ་ཚོས་ཁྱེད་ལ་ཅིའི་ཕྱིར་གཅར་རྡུང་བྱས་པ་ཡིན་ནམ།

ལན། ངས་ཁ་བྲལ་རིང་ལུགས་པ་འབྲུག་ལྷས་སྦྱར་ཡིག་བཀྲམས་པའི་གསང་གནས་ཡར་ཞུ་བྱས་པས་རེད།

དྲི་བ། སྐབས་དེར་ཁྱེད་གང་དུ་ཡོད་ཅི་ཞིག་བྱེད་ཀྱིན་ཡོད།

ལན། ང་རྫ་དམར་རྫོང་ན་ཡོད། མཚན་མོ་དེར་ཡང་ངས་ཁ་བྲལ་རིང་ལུགས་པ་ཚོས་ཡི་གེ་སྦྱར་གྱིན་ཡོད་མེད་ལ་མེལ་ཚེར་འགྲོ་བཞིན་ཡོད།

དྲི་བ། ཐོག་མར་ཁོ་ཚོ་དང་ཇི་ལྟར་ཐུག་སོང༌།

ལན། ང་སོང་དུས་མི་ཞིག་གིས་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་ལ་ཡི་གེ་ཞིག་སྦྱོར་གྱིན་འདུག མི་དེས་གདོང་པ་རས་ནག་པོ་ཞིག་གིས་བཀབ་འདུག ངས་ཁོ་སུ་ཡིན་ཤེས་ན་བསམ་ནས་སུ་ཡིན། ཅི་བྱེད་ཀྱིན་ཡོད། སྡོད་ཅེས་ཁོའི་འགྲམ་ལ་བཅར་བ་དང་མི་དེས་འཚབ་འཚུབ་བྱེད་ཀྱིན་ང་ལ་ངོ་ཡ་བྱེད་རྩིས་བྱས་པས་ངེད་གཉིས་འཛིང་ནས་ངས་ཁོ་མནན་ནས་གདོང་རས་འགོག་གྲབས་བྱེད་སྐབས་མི་དེ་འདྲ་བཞི་འོང་ནས་ངའི་རྐང་ལག་ཚང་མ་ནས་བཟུང་སྟེ་མནན་སོང༌།

དྲི་བ། དེ་ནས་ཁོ་ཚོས་ཁྱོད་ལ་ཅི་བྱས་སོང༌། ཅི་བཤད་སོང༌།

ལན། ཁྱོད་ཁ་རོག་མ་བསྡད་ན་ཁ་བསུམ་ནས་གསོད་རྒྱུ་ཡིན། ཁྱོད་སུ་ཡིན་ཟེར། ངས། ང་གཡག་རྒོད་འཛིན་མཁན་དར་རྒྱས་སྤྱང་ཡིན་བཤད་པ་དང༌། གཅིག་གིས། ངར་བ་རེད། ང་སྤྱང་ཀི་དུམ་བུར་གཤགས་མཁན་གཡག་རྒོད་རྭ་རིང་ཡིན། ངས་ཁྱོད་རྭ་རྩེའི་བྲོ་བ་ཞིག་མྱོང་གི་འཇུག་དགོས་ཞེས་ངའི་གདོང་དཀྱིལ་ལ་ཁུ་ཚུར་གཅིག་གཞུས་ཤིང་རོགས་པ་གཞན་པ་ཚོས་ངའི་ཁ་ནང་ལ་རས་ཤིག་བརྫངས་སོང༌། དེ་ནས་རྒྱབ་ཀྱི་གོན་པ་བཤུས་ནས་ལྕགས་ཐག་ཅིག་གིས་ཤུགས་ཆེན་པོས་གང་སར་བྲབས་སོང༌། དེ་ནས་ཐག་པས་བཀྱིགས་སོང༌།

མཚམས་འདིར། “ཁྲིགས་སེ་རེད། རྐང་འདྲེན་པ་དེ” ཞེས་གཡག་གུ་རྒྱ་ཐོས་ཡིད་ཚིམ་པའི་ངང་བཤད།

དྲི་བ། དེ་ནས་ཁྱོད་ཀྱིས་ཅི་བྱས་པ་ཡིན།

ལན། དེ་ནས་ངས་འཕག་འཚག་བརྒྱབ་ནས་འགྲེ་ལྡོག་རྒྱག་གིན་ཅུས་ཀྲང་ཅིན་ལགས་ཀྱི་སྒོ་ཁར་བསླེབས་པ་དང༌། ལྕམ་ཞོ་ཅིན་སྒོ་ཕྱིར་གཅིན་པ་གཏོང་གིན་ཡོང་བས་མཐོང་མ་ཐག་མོ་འཇིགས་ནས་སྐད་ངན་ཞིག་ཤོར་ཏེ་ངའི་ཐོག་ལ་འགྱེལ་བ་དང་མགོས་ས་ལ་བརྡབས་ཏེ་དྲན་པ་ཤོར་སོང༌།

བར་འདི་ནས། “ཨ་ཧ་ཧ་་ ཧི་ཧི་་་་གཡག་རྒོད་ཚང་མ་གད་མོ་བགད།

དྲི་བ། འོ་ན། དེ་རྗེས་གནས་ཚུལ་ཅི་བྱུང་སོང༌།

ལན། སྐབས་དེར་མི་དེ་དག་ཡང་བསྐྱར་ཡོང་ནས་ང་དང་ཞོ་ཅིན་གཉིས་དམར་ཧྲེང་ལ་ཁ་སྦྱོར་དུ་ཐག་པས་བསྡམས་ནས་ཕྱིན་སོང༌།

ཨ་ཧཧ་ཧ་ཧ་ ་ཧི་ཧི་ཧི་་་་གཡག་ཁ་ཤས་བགད་ནས་མིག་ཆུའང་ཤོར།

དྲི་བ། དེ་རྗེས།

ལན། དེ་ནས་ཅུང་ཞིག་འགོར་བ་དང་ཞོ་ཅིན་དྲན་སོས་ནས་འཕག་འཚག་འགའ་བྱས་ཏེ་སྐད་ངན་ཞིག་ཤོར་ནས་སླར་ཡང་བརྒྱལ་སོང༌། སྐབས་དེར་ཉེན་རྟོག་པ་སྟག་ལྷ་གང་ཞིག་ནས་ཐོན་ནས་རོགས་པ་བྱས་སོང༌། ཞོ་ཅིན་བརྒྱལ་སངས་རྗེས་སྨྱ་སེ་སྨྱོ་སེ་ཞིག་ཆགས་འདུག

ཧི་ཧི་ཧི་་་གཡག་རྒན་གྭ་པས་དགོད་བཞིན་དུ། “ངོ་མ་དགོད་གཏམ་ཡ་མཚར་ཞིག་རེད་ཡ

དྲི་བ། མི་དེ་དག་ཅི་འདྲ་ཞིག་འདུག དེ་ཚོ་འབྲུག་ལྷས་བཏང་བ་ཡིན་ནམ། ཁྱོད་ཀྱིས་སུ་ཡིན་ཚོད་དཔག་ཐུབ་བམ།

ལན། མི་གཉིས་གཟུགས་རིང་སྟོབས་ཆེན་ཞིག་དང་གཉིས་གཟུགས་ཐུང་ཞིག གཅིག་གཟུགས་འབྲིང་ཞིག་རེད། སྦྱར་ཡིག་གི་ཡིག་གཟུགས་འབྲུག་ལྷའི་ཡིག་གཟུགས་དང་གཅིག་པ་རེད། གསང་མིང་ལ་འབྲོང་རྒོད་ཅེས་བྲིས་འདུག ཕལ་ཆེར་འབྲུག་ལྷའི་གྲོགས་པོའམ་ཁོ་ཚོའི་ཚོགས་པའི་མི་ཡིན་ས་རེད།

དྲི་བ། སྐད་ཆ་ཚང་མ་བདེན་པ་ཡིན་ནམ། ཁྱོད་སྐྲག་གི་འདུག་གམ།

ལན། མི་ཚོས་ང་ལ་ཁྲོ་ཐུང་ཟེར་ན་ཡང༌། དོན་དངོས་སུ་ང་དེ་འདྲའི་སྡར་མ་ཞིག་དང༌། དགྲ་གྲོགས་ངོ་མི་ཤེས་མཁན་ཞིག་དང༌། ལས་བཟང་ངན་གྱི་དབྱེ་བ་མི་ཤེས་མཁན་མིན། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་འབུལ་ཐུབ་མཁན་ཞིག་ཡིན།

ཨ་ལ་ལ་ཁ་ཕོ་ཆེ་བ་ལ། ངོ་མ་རྐང་འདྲེན་པ་ཞིག་རེདགཡག་གུ་ནག་ཐུར་གྱིས་བཀླགས་ཚར་བ་དང་དེ་ལྟར་བཤད།

འབྲུག་ལྷ་ཟེར་བ་དེ་རྫ་དམར་རྫོང་གི་འབྲོང་རྒོད་ཡིན་ནམ” གཡག་གུ་སེར་ཐོས་དོགས་འདྲི་ཞིག་བྱས་པ་དང༌།

རེད་ཡ་་་འབྲོང་ཚས་མགོ་གནམ་ལ་དགྱེས་ཏེ་རང་དབང་མེད་པར་ངག་ལས། “འབྲོང་རྒོད་ལགས། ཁྱོད་ངོ་མ་གང་ཞིག་ཏུ་ཡོད་དམཞེས་བར་སྣང་སྟོང་བ་ལ་དྲི་བ་ཞིག་བཀོད་པས་ཚང་མ་ཡུད་ཙམ་ལ་ཁུ་སུམ་མེར་གྱུར།

 

གློ་བུར་དུ་སྒེའུ་ཁུང་ཕྱི་ལོགས་ནས། “འབྲོང་ཚ་ལགས། འབྲོང་རྒོད་འདི་ན་ཡོད” ཅེས་པའི་ངར་སྐད་ཅིག་གིས་ཚང་མ་འཇིགས་ཡེ་རེར་བཏང༌།

འབྲོང་ཚ་མྱུར་དུ་སྒོར་བུད་པ་དང༌། རྒྱ་ཆས་སྤུས་དག་ཅིག་གྱོན་པའི་གསར་བུ་གཟུགས་སྟོབས་ཅན་གཡག་རྔ་འདྲ་བའི་སྐྲ་ལོས་གདོང་པ་ཁེབས་པ་ཞིག་འགྱིངས་ནས་འདུག་པ་མཐོང་བས་ངོ་མ་འབྲོང་རྒོད་ཅིག་གི་སྤྲུལ་བ་མིན་ནམ་སྙམ་པ་ཞིག་རེད། ཁོས་ག་ལེར་ངོ་གདོང་གི་སྐྲ་ཕར་ཚུར་འདེད་ཙམ་གྱིས་སྨུག་མདོག་གི་བཞིན་རས་འཛུམ་མུལ་ལེར་དུང་སོ་དཀར་མོ་བསྟན་ཙམ་ཞིག་བྱས་པ་དང༌།

འབྲོང་རྒོད”ཅེས་འབྲོང་ཚས་ངོ་ཤེས་ནས་འཐམས་པས། གཡག་གུ་ཚོས་གཅིག་གཅིག་གི་གདོང་ལ་ལྟ་ཙམ་རེ་བྱེད་ཀྱིན་མཚར་སྣང་དང་དགའ་སྤོབས་ཤིག་གིས།

“ཁྱོད་ངོ་མ་འབྲོང་རྒོད་འབྲུག་ལྷ་ཡིན་ནམ”ཞེས་ཁ་མཉམ་གྲགས་ཀྱིས་འཚང་ཁའི་ངང་འཚམས་འདྲིའི་ལག་འཇུ་གཏོང་བཞིན་ནང་དུ་གདན་དྲངས།

ཁྱོད་ག་དུས་ཡོང་བ་ཡིན། ང་ཚོས་ཁྱེད་ལ་སེམས་ཁྲལ་ཆེན་པོ་བྱས་པ་ཡིན” འབྲོང་ཚས་གསོལ་ཇ་འདྲེན་བཞིན་དེ་ལྟར་བཤད།

ང་དེ་རིང་ཐོན་པ་ཡིན། ཁྱེད་བཙལ་ཡོང་བ་ཡིན། འདི་ལྟར་ལས་སླ་བོར་ཐུག་ཐུབ་རྒྱུ་རེད་བསམ་མ་སོང

འདི་ང་ཚོའི་དམ་ཚིག་མཐུན་པའི་རྟགས་རེད། ད་ཡག་པོ་བྱུང༌། ངས་ངོ་སྤྲོད་ཅིག་བྱེདཅེས་འབྲོང་ཚས་རང་གི་གཡས་གཡོན་ན་ཡོད་པའི་གྲོགས་པོ་ཚོ་རེ་རེར་མཛུབ་སྟོན་དང་བཅས།

འདི་གཡག་གུ་ནག་ཐུར་ལྷ་ས་སློབ་གྲྭ་ཆེན་མོའི་སློབ་མ་ཟླ་བ་རེད། འདི་གྲྭ་བ་བློ་བཟང་གཡག་གུ་སེར་ཐོ་ཟེར་བ་རེད། འདི་གཡག་གུ་རྒྱ་ཐོ་གྲྭ་བ་རྒྱ་མཚོ་རེད། ཨ་ནེ་འདི་གཉིས་ཐུལ་མ་སེར་ཐོ་མ་དང་རྒྱ་རིལ་མ་ཟེར་བ་གཉིས་རེདཅེས་རེ་རེ་བཞིན་གྱི་གསང་མིང་དང་བཅས་ངོ་སྤྲོད་བྱས་པ་དང་མཉམ་དུ། འབྲོང་ཚས་ཀྱང་རེ་རེ་ལ་འཚམས་འདྲིའི་ཕྱག་འཇུ་གནང༌།

གཡག་གུ་སེར་ཐོས། “ཡ། གསོལ་ཇ་མཆོད་དང༌། ད་ང་ཚོས་དགོང་ཟས་བཟོ་དགོས

ངས་ནུབ་ཚ་འཐུང་ནས་ཡོང་བ་ཡིན། ཟ་ས་འཐུང་ས་མེད། ཅང་ལས་མི་དགོས

ཞལ་ལག་དགོས་ད་དགོས། ང་ཚོས་ཀྱང་ཁ་ལག་བཟས་མེད” འབྲོང་ཚས། “ཁྱེད་ཚོས་ཤ་དེ་རྡོག་བཙོས་བྱས་ནས་འཐེན་ཐུག་ཅིག་བཟོས་དངཞེས་རོགས་པ་ཚོར་བཤད།

ང་ཚོས་ད་ལྟ་རང་ཁྲིམས་ལུགས་ཚགས་པར་ཐོག་ནས་ཡ་མཚར་མངོན་བྱུང་གི་དགོད་གཏམ་ཞིག་བཀླགས་པ་ཡིན། གཅིག་བྱས་ན་རང་ལ་དེ་བས་ཀྱང་ངོ་མཚར་བའི་སྒྲུང་དེ་འདྲ་གསུང་རྒྱུ་ཡོད་རྒྱུ་རེདཅེས་ཟླ་བས་འབྲུག་ལྷའི་གནས་ཚུལ་ཤེས་འདོད་ཀྱིས་དེ་ལྟར་དྲིས་པ་དང༌། འབྲོང་ཚས་ཀྱང།

དར་རྒྱས་ཁྲོ་ཐུང་ཟེར་བ་དེ་ངོ་མ་ཁྲོ་ཐུང་རང་ཞིག་ཡིན་པ་འདྲ། མི་ངན་དེས་ཁྱེད་རང་དཀའ་ལས་ཁག་པོ་བཟོས་འདུག

ངོ་མ་ཡིན་ན་ཁོས་ང་ལ་རོགས་བྱས་སོང་འབྲུག་ལྷས་ཁོ་ཚོའི་གདོང་པར་ལྟ་བཞིན།དགུང་མོ་དེར་ཁོས་ང་ལ་ཉེན་རྟོག་པས་ཤེས་འདུག་ཅེས་གསང་བརྡ་བརྒྱབ་སོང༌། ཡིན་ན་ཡང༌། སྤྱི་བདེ་ལས་ཁུངས་ནས་ཀྱང་དར་རྒྱས་ཀྱིས་གནས་ཚུལ་ཡར་ཞུ་བྱས་སོང་ཞེས་བད་འདུག ཨ་ཁུ་ཁྲོ་ཐུང་གི་བྱེད་སྟངས་དེ་གཅིག་བྱས་ན་ཁོ་ཚོར་མགོ་སྐོར་གཏོང་བའི་གཡོ་སྒྱུ་ཞིག་རེད

ཡ་མཚར་འོ་ན། ཁོས་ཚགས་པར་ཐོག་ལ་ལན་འདེབས་བྱས་པའི་གནས་ཚུལ་དེ་དག་ཀྱང་རྫུན་ཡིན་ནམ། དེ་ལྟར་བྱེད་དོན་ཅི་ཡིན་ནམ” སེར་ཐོས་དྲི་བ་བཀོད།

དེ་ངས་ཀྱང་མི་ཤེས། གལ་ཏེ་ཁྲོ་ཐུང་གིས་ང་ལ་གནོད་པ་བྱས་མེད་ན་ཁོ་ལ་གཅར་རྡུང་བྱས་པ་དེ་འགྲིགས་མ་སོང༌། སྙིང་རྗེ” 

འབྲུག་ལྷས་གད་མོ་མོ་ཞིག་དགོད་ཀྱིན། “ཁོ་ཚོས་རྩེད་མོ་དེ་ངོ་མ་དགོད་བྲོ་བོ་ཞིག་བརྩེས་འདུག ཕལ་ཆེར་སྐད་ཆ་དེ་ཚོའི་ཕྱེད་བདེན་ཕྱེད་རྫུན་འདྲ་བོ་ཞིག་རེད

འབྲོང་ཚས། “ད་ཁྱོད་རང་གི་སྒྲུང་ཞིག་གསུངས་དང༌། ང་ཚོའི་དཔའ་རྒོད་ཚོའི་གནས་ཚུལ་རྣམས་གཅིག་གཅིག་གིས་གསལ་བོ་ཤེས་རྒྱུ་གལ་ཆེན་པོ་རེད

རེད། ང་ཚོར་ཁྱེད་རང་གི་གནས་ཚུལ་ཤེས་འདོད་ཆེན་པོ་འདུག” ཅེས་ཐུལ་མ་གཉི་གས་ཀྱང་དགའ་བས་ངང་ནས་བཤད་པས། འབྲུག་ལྷས་ཇ་ཁམ་འགའ་བཏུངས་ནས་ཁོ་ཚོར་རང་གི་གཏམ་རྒྱུད་གསར་བ་དེ་བཤད་འགོ་བརྩམས།

དགུང་མོ་དེར་ངས་སྦྱར་ཡིག་སྦྱོར་བཞིན་པའི་སྐབས། གློ་བུར་ཁྲོ་ཐུང་གིས་བོས་བྱུང༌། ཁོས་འཚབ་འཚུབ་ངང་ནས་ཁྱེད་རང་གིས་ཡི་གེ་སྦྱོར་བཞིན་པ་ཉེན་རྟོག་པས་ཤེས་ནས་ཁྱོད་ཀྱི་ཁང་པའི་ནང་ལ་འཛུལ་ནས་སྒུག་བསྡད་འདུག ད་ཕྱིར་འགྲོ་ས་མི་འདུག མགྱོགས་པོ་བྲོས་ན་བཟང་ཟེར། ངས་ཀྱང་སྐབས་དེར་ཐབས་ཤེས་དེ་རང་ལས་ཅང་དྲན་ཁོམ་མ་བྱུང

དེ་ངོ་མ་ཡ་མཚར་རེད། འོ་ན་ཁོས་ཕྱོགས་གཅིག་ནས་ཉེན་རྟོག་པར་ཡར་ཞུ་དང་ཕྱོགས་གཅིག་ནས་ཁྱོད་ལ་གསང་བརྡ་སྐྱེལ་བ་ཡིན་ནམ” འབྲོང་ཚས་དྲི་བ་ཞིག་བཏོན།

དེ་འདྲ་བྱས་ནས་ཁོ་ལ་ཁེ་ཕན་ག་རེ་ཡོད་དམ” ཟླ་བས།

གཅིག་བྱས་ན་ཁོས་སྒོར་མོ་བསམ་པ་ཡིན་རྒྱུ་རེད། འོན་ཀྱང་ཁྲོ་ཐུང་ངེད་གཉིས་ངོ་ཤེས་གྲོགས་པོ་ཡིན་པས་ཁོས་དེ་འདྲ་རང་བྱེད་སྲིད་དམའབྲུག་ལྷས་དེ་ལྟར་ཚོད་དཔག་བྱས།

མཚང་ལ་ཁྲོ་ཐུང་མ་རེད་དམ། དེ་ནས་ཁྱེད་རང་ག་པར་བྲོས་ཕྱིན་པ་ཡིནསེར་ཐོས་དེ་ལྟར་བཤད།

དེ་ནས་ངས་གཞུང་ལམ་དེད་དེ་སོང་བ་ཡིན། མཚན་མོ་དེར་ཟླ་བ་ཤར་འདུག རྫ་ལུང་མདོར་སླེབས་པ་དང༌། མདུན་ནས་ནག་སོབ་སོབ་མང་པོ་ཞིག་ཡོང་གིན་འདུག ང་ལམ་འགྲམ་གྱི་གད་ཁུང་ཞིག་གི་ནང་ལ་སྦས་ནས་བསྡད་པ་དང༌། ཟོག་དེད་པའི་རྟ་བ་གཉིས་རེད། ངའི་སེམས་ལ་ཁོ་གཉིས་སྐམསལུག་རྐུ་འཚོང་བྱེད་མཁན་གྱི་ཇག་རྐུན་དེའི་རིགས་ཡིན་ཐག་ཆོད་རེད་སྙམ་ནས་གསལ་བོར་བལྟསབསྡད་པས་འཁྲིས་ལ་སླེབས་པ་དང་རྒྱ་ལྭ་གོན་པ་གཉིས་ཀྱང་རེད། ངས་མིག་གིས་མཐོང་མཐོང་ལ་ཇག་རྐུན་འདི་ལྟར་ཚེ་ཐར་བཏང་ན་མི་འགྲིགས་སྙམ་ནས་རྡོ་ནར་ཞིག་བཟུང་ནས་ག་ལེར་གད་ཐོག་ལ་བུད་དེ་རྗེས་སུ་རྒྱུགས་སོང་ནས་ཚུར་ཕྱོགས་རྟ་དཀར་དཀར་ཞོན་མཁན་དེའི་མགོ་ལ་གཟས་ནས་རྡོ་འཕངས་པས་ཏག་ཏག་ལྟག་ཁུང་ལ་ཕོག་པ་དང་རྟ་ཡང་འདྲོགས་ནས་ཟུར་ལྡིང་ཞིག་བྱས་པས་སྟབས་ལེགས་པ་ཞིག་ལ་ཁོ་ངའི་མདུན་ལ་གཡུགས་བྱུང༌། དེ་མ་ཐག་ངས་ཁོའི་རྟའི་སྲབ་མདའ་ནས་འཛིན་ཐུབ་སོང༌། ཁོ་དྲན་པ་འཐོར་ནས་འགུལ་རྒྱུ་མི་འདུག སྐབས་དེར་ཁོའི་རོགས་པ་དེས་གཡག་ཚང་མ་བཞག་ནས་བྲོས་སོང༌། ངས་རྟ་ཞོན་ནས་རྗེས་འདེད་ཅུང་ཞིག་བཏང་ནས་བཞག་པ་ཡིན། ཁོས་རོགས་པ་བསྐྱུར་ནས་འབྲོ་སྟངས་ལ་བལྟས་ན་ཁོ་ཕྱིར་འོང་ནས་གཡག་འདེད་མི་ཐུབ་པ་ཐག་ཆོད་རེད། ང་ཕྱིར་འོང་ནས་བལྟས་པས་ཧྭེ་རྒན་དེ་ད་དུང་འགུལ་རྒྱུ་མི་འདུག གཅིག་བྱས་ན་ཤི་སོང་ཡོད་རྒྱུ་རེད་བསམས་བྱུང

དེ་ངོ་མ་བྱ་རྡོ་ལམ་འཕྲད་ཟེར་བ་རང་རེད། ཤི་སོང་ནའང་ཏག་ཏག་རེད། ཀླ་ཀློ་ཇག་རྐུན་དེ་ཚོ” ཟླ་བས་ཡིད་ཚིམ་པའི་ངང༌། “ཁྱེད་རང་ལ་ངོ་མ་ཀླུང་རྟ་རྒྱུགས་འདུག

རེད། ཁྱི་རྒན་འདུར་བ་དང་རྩམ་རིལ་རིལ་བ་ཐོ་ཐུག་པ་བཞིན་ང་ལའང་རྟ་ཞིག་ཞོན་རྒྱུ་ལོན་པ་རེད། ད་དུང་ཧྭེ་རྒན་གྱི་ཏ་ལེན་ནང་ན་ཟ་རྒྱུ་འཐུང་རྒྱུ་ཡང་ཅུང་ཞིག་འདུག

དེ་ནི་ཁྱོད་ལ་སུ་ཞིག་གིས་གྲོགས་བྱས་པ་དང་གཅིག་པ་རེད” སེར་ཐོས་གསོལ་ཇ་ཁ་སྣོན་བྱེད་ཀྱིན། “དེ་ནས་ག་རེ་བྱས་པ་ཡིན

དེ་ནས་ཨ་མྱེས་རྫ་ལུང་གི་ནགས་གསེབ་ལ་སོང་ནས་བསྐང་བསྡད་པ་མིན་ནམའབྲོང་ཚས་ལམ་སང་དོགས་འདྲི་ཞིག་བྱས།

འབྲོང་རྒོད་ཀྱིས་མགོ་ནང་ལ་ལྡེམ་ཙམ་གྱིས། “ཚོད་དཔག་བྱས་པ་ནོར་མ་སོང༌། ང་ཉིན་མོར་རྫ་ལུང་ནས་འུག་པ་དང་མཉམ་དུ་བསྐུངས་ནས་མཚན་མོར་ཡང་འུག་པ་དང་འགྲོགས་ནས་ལ་ལུང་ལ་སོང་ནས་བསྡད་པ་ཡིན

འོ་ན། ཉེ་ཆར་ཚགས་པར་ཐོག་བཀོད་པའི་ཨ་མེས་རྫ་ལུང་གི་གཞི་བདག་རྟ་དཀར་ཅན་ཟེར་བ་དེ་ཡང་རང་ཡིན་པ་རེདཟླ་བས་དགའ་སྣང་གིས་དྲིས་པ་དང་འབྲོང་རྒོད་ཀྱིས་ཡིན་པའི་བརྡ་ལ་མགོ་ལྕོག་ལྕོག་ཅིག་བྱས།

ཨ་ལེ་དེ་འདྲ་ཡིན་པ་རེད། ཡ་མཚར་བའི་ལྷ་སྒྲུང་དེ་ཁྱེད་རང་གིས་བཟོས་པ་རེད་འདུག་ག ད་རང་གིས་གནས་ཚུལ་དེ་ཚོ་གསལ་བོ་ཞིག་གསུངས་དངཞེས་ཇོ་མོ་གཉིས་ཀྱིས་ཀྱང་ཁ་ལག་བཟོ་མཚམས་བཞག་ནས་མཚར་སྣང་གིས་འབྲོང་རྒོད་ལ་བལྟས།

ང་རི་ལ་བྲོས་ནས་ཉིན་གསུམ་གྱི་རྗེས་ཀྱི་དགོང་མོར་རྫ་དམར་སྡེ་བའི་ནང་ལ་གནས་ཚུལ་རྩད་གཅོད་དུ་སོང་བ་ཡིན། སྡེ་བ་དེ་ན་ངའི་གསང་བའི་དགའ་རོགས་ཤིག་ཡོད། ང་ཐུག་པ་དང་འདི་རྨི་ལམ་རེད་ངོ་མ་རེད་ཅེས་ཡུད་ཙམ་ལ་ཡིད་ཆེས་ལ་མ་ཆེས་ལ་བྱེད་ཀྱི་འདུག མོ་རང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་འདུག མོས་ཕལ་ཆེར་ང་ལ་ཐུག་ཐུབ་རྒྱུ་མ་རེད་བསམས་འདུག མཚན་མོ་དེར་ངས་མོའི་ཕ་རྒན་གྱི་ཆུ་ཕྱིང་གསར་བ་ཞིག་ཡོད་པ་དེ་ཁྱེར་ནས་གོན་བསྡད་པ་ཡིན། ང་དེ་ལྟར་ཉིན་མོ་ལྷ་དང་མཚན་མོའི་འདྲེ་ལྟ་བུ་བྱས་ཏེ་ཡུན་རིང་འགོར་བའི་རིང་ལ་གནས་ཚུལ་ཁ་ཤས་བྱུང་བ་དེ་ཚོར་མི་རྣམས་ཀྱི་རྣམ་རྟོག་གིས་དཔྱད་པ་མང་པོ་རྒྱག་དགོས་བྱུང་བ་རེད།

འབྲོང་ཚས་འབྲོང་རྒོད་ཀྱི་དཔུང་མགོར་རྡེག་བཞིན། “ངོ་མ་གསང་བ་ངོ་མཚར་བ་རེད། འོ་ན་དེར་བླ་མ་ཞིག་ཕེབས་ནས་ཁྱེད་རང་རྨ་ཆེན་སྦོམ་རའི་སྲས་དུང་ལྷ་དཀར་པོ་རེད་ཟེར་འདུག་ག ད་དུང་ལུང་བསྟན་བཞིན་རྫ་དམར་སྡེ་བའི་མཛེས་མ་ཞིག་མནའ་མར་འཁྲིད་ཀྱི་རེད་ཟེར་བ་དེ་ཚོ་ཡང་ཡ་མཚར་འདྲ་བོ་འདུག་ག

འབྲོང་རྒོད་ཀྱིས་འབྲོང་ཚ་དང་རོགས་པ་ཚོའི་གདོང་ལ་ལྟ་ཙམ་གྱིས་བསམ་བློ་ཅུང་བཏང་སྟེ། “དེ་འདྲ་རང་རེད། བླ་མ་དེས་ཕལ་ཆེར་ངའི་གནས་ཚུལ་ཚང་མ་མཁྱེན་ཡོད་པ་འདྲ། དེའི་སྐོར་ངས་ཀྱང་གསལ་བོ་མི་ཤེས། གང་ལྟར་ཁོས་ལབ་ཙེ་རི་མགོར་ཟ་མ་ཞིམ་པོ་མང་པོ་སྐྱེལ་བཅུག་ནས་ང་ལ་ཕན་ཐོགས་སོང” ཞེས་དགོད་ཀྱིན། “གཅིག་བྱས་ན་ཁོང་གིས་ཆེད་དུ་ཐབས་ཤེས་དེ་འདྲ་བཀོལ་ནས་ང་ལ་རོགས་རམ་གནང་བ་རེད

ཁོང་སུ་ཡིན་ནམ། གསེར་གཡག་ཡིན་ནམ” འབྲོང་ཚས་དོགས་འདྲི་ཞིག་བྱས།

དེ་སུ་ཡིན་རྗེས་ཕྱོགས་ཤེས་རྒྱུ་རེད། གཅིག་བྱས་ན་བླ་མ་རྫུན་མ་ཞིག་ཡིན་རྒྱུ་རེད། དེ་ནས་ང་ཡུན་རིང་དེ་ལྟར་བསྡད་ན་གསང་བ་ཤེས་རྒྱུར་ཉེན་ཁ་ཡོད་པས་མོ་རང་ཁྲིད་ནས་ཡོང་བ་ཡིནཅེས་འབྲོང་རྒོད་ཀྱིས་དེའི་སྐོར་གླེང་རྒྱུ་མཚམས་བཞག་པ་དང༌། འབྲོང་ཚས་ཀྱང་ཅི་ཞིག་བསམས་པ་ལྟར། “འོ། ག་འདྲ་བྱས་ནས་ཡར་ཕེབས་པ་ཡིན

གནས་ཚུལ་ཡ་མཚན་གཅིག་བྱུང་བ་ནི། དགོང་མོ་ཞིག་ལ་ང་ལབ་ཙེ་རི་བོའི་རྩེར་ཟ་མ་ལེན་དུ་སོང་དུས་རི་རྩེ་ན་མི་ནག་རྟ་ནག་ཞོན་པ་ཞིག་འོང་ནས་བསྒུགས་འདུག ཁོས་ང་དང་བར་ཐག་ཅུང་རིང་ས་ནས། 

ཁྱོད་འབྲོང་ངོ་མ་མིན་པས། རྫ་རི་ནས་མི་ཚེ་འཁྱོལ་གི་མ་རེད། དོ་དགོང་ཁྱོད་ས་འདི་ནས་ཁ་མ་བྲལ་ན་རྔོན་པས་འཇིགས་པ་ཆེན་པོ་འདུག འབྲོང་ཚ་དང་གསེར་ཡག་བཙལ་ནས་ལམ་གཞན་ཞིག་ཚོལད”ཟེར་གི 

ངས་ཁོ་ལ་ཁྱོད་སུ་ཡིན” ཞེས་དྲིས་པར།

ཁོས། “ང་སུ་ཡིན་རྗེས་མ་ཧ་གོ་གི་རེད། དེ་ལས་མགྱོགས་པོ་ཟ་མ་འདི་ཁྱེར་ནས་སོངསཟེར་ནས། ཁུག་མ་ཞིག་ས་ལ་གཡུགས་སོང༌།

ངའི་སེམས་ལ་ཁོ་ཕལ་ཆེར་རྨ་ཆེན་གངས་རིའི་གངས་གཡག་དཀར་པོ་ཟེར་བ་མིན་ནམ་སྙམ་ནས། རྟ་ལས་བབས་ཏེ་གུས་པ་དང་བཅས། “ཁྱེད་རང་མྱུལ་ཞིབ་དཔོན་པོ་གངས་གཡག་ཡིན་ནམཞེས་དྲིས་པ་དང༌། ཁོས་ཅི་ཡང་མི་ཟེར་བར་རྟ་ཁ་དཀྱུས་ཏེ་ཕྱིར་ཆས་སོང༌།

གཡག་གུ་ནག་ཐུར་གྱིས་དགའ་སྣང་གིས། “ཡང་ཨ་མྱེས་རྫ་ལུང་ན་རང་གི་ཚབ་ལ་མི་ནག་རྟ་ནག་ཅན་གྱི་གཞི་བདག་གསར་བ་ཞིག་ཡོད་པ་མ་རེད་དམཞེས་དྲིས་པས་ཚང་མ་བགད། དེ་ནི་དགའ་ཚོར་གསར་བ་ཞིག་གི་དགོད་སྒྲ་རེད། ངོ་མཚར་དང་སྤོབས་པ་སོགས་ཀྱི་་་་

འབྲོང་ཚས།ཁོང་ངོ་མ་སུ་ཡིན་ནམ། གངས་གཡག་དཀར་པོ་ཁོང་གང་དུ་བཞུགས་ཡོད་དམ

ཕལ་ཆེར་ཡིན་རྒྱུ་རེད། ལྷ་གཡག་དང་གངས་གཡག་གཉིས་ངས་ཀྱང་ངོ་མི་ཤེསཞེས་འབྲོང་རྒོད་ཀྱིས་མགོ་འཕྲེད་གཡུག་གིས་འགྲམ་ངོགས་ཀྱི་སྐྲ་ལོ་རིང་པོ་རྣམས་ལྟག་རྒྱབ་ལ་འཕངས་ཏེ།

ཁོས་གསང་བརྡ་དེ་བརྒྱབ་པ་དང་ང་མྱུར་དུ་མོ་རང་ལ་བདེ་མོ་འཇོག་གི་སོང་བ་ཡིན། ཡིན་ན་ཡང༌། མོ་རང་ཡང་ང་མཉམ་དུ་འགྲོ་རྒྱུ། འཆི་ན་གསོན་ན་མི་ཚེ་མཉམ་སྐྱེལ་བྱེད་རྒྱུ་ཟེར་ནས་ང་ལ་འཐམས་ཏེ་ངུས་ནས་མི་གཏོང་གི ངའི་སེམས་ལའང༌། གལ་ཏེ་རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་ན་མོ་ལའང་ཐག་ཞོར་འབྲེང་འདྲུད་འོང་སྲིད་བསམས་ནས་ཁྲིད་ཡོང་བ་ཡིན

འགྲིགས་འདུག མོ་ཡང་དཔའ་མོ་ཞིག་ཡིན་པ་འདྲ” འབྲོང་ཚས་དེ་ལྟར་བཤད་པ་དང༌། ཟླ་བས། “འོ་ན། ད་ལྟ་མོ་རང་ག་པར་ཡོད

མོ་རང་མགྲོན་ཁང་ཞིག་ནང་ངལ་གསོ་རྒྱག་བཅུག་བཞག་ཡོད

ད་རང་གིས་ག་རེ་བྱེད་འདོད་འདུག ང་ཚོས་ག་རེ་བྱས་ན་བཟང་ངམ” འབྲོང་ཚས་དྲིས།

“ང་མགྱོགས་པོ་གསེར་གཡག་རིན་པོ་ཆེར་གཅིག་ཐུག་དགོས་ཀྱི་འདུག གཅིག་བྱས་ན་ང་རྒྱལ་མཚམས་བརྒལ་ནས་གནས་སྐབས་ཤིག་རིང་ཕར་སྡོད་རྒྱུ་ཡིན། རྗེས་ནས་གཡག་གུ་གྭ་ཐོ་དང་འབྲེལ་བ་བྱས་ནས་གསང་བ་སྒྲུབ་ནའང་ཆོག་ག”

དེ་ཡག་པོ་འདུག ད་ལོ་གསར་ལ་ཉེ་བས་ང་ཚོས་ལོ་གསར་སྐབས་དང་བསྟུན་ནས་བྱ་འགུལ་ཞིག་སྤེལ་རྩིས་ཡོད།”

བཟང་གི ང་ཡང་ལས་འགུལ་དེར་ཞུགས་ཆོག

རྒྱ་མཚོས།ཁྱེད་རང་གིས་ད་བར་ཡིག་ཆ་ག་ཚོད་ཅིག་སྦྱར་འགྲེམས་གནང་ཐུབ་སོང

ས་གནས་མི་འདྲ་བ་ཁག་བཅུའི་ནང་ལ་སྦྱར་ཡིག་མི་འདྲ་བ་ཐེངས་བཅུ་དགུ་དང༌། ཤོག་གྲངས་སུམ་སྟོང་ལྷག་སྦྱར་གཏོར་གཉིས་ཀ་བྱས་ཡོད། འོན་ཀྱང་དེ་བོད་ཁུལ་ཡོངས་ལ་མཚོན་ན་ཧ་ཅང་ཉུང་ཉུང་རེད

ཡིན་ན་ཡང༌། མི་གཅིག་ལམཚོན་ན་ཧ་ཅང་མང་པོ་ཞིག་རེད། གལ་ཏེ་ང་ཚོའི་གཡག་རྒོད་རེ་རེ་ནས་བྱ་འགུལ་དེ་འདྲ་ཞིག་སྤེལ་ཐུབ་ན་ལོ་གཅིག་ནང་ལ་བོད་ཁ་བ་ཅན་ཡིག་ཆའི་ཁ་བས་གཡོགས་ཐུབ་ངེས་རེད། ང་ཚོ་འདིར་ཚོགས་མི་མང་ཙམ་ཡོད་ཀྱང་ཡིག་ཆ་དེ་འདྲ་མང་པོ་བཀྲམ་ཐུབ་མེདའབྲོང་ཚས་ཡིད་སྨོན་དང་བཅས་བསྟོད་བསྔགས་བྱས།

ཡ་ད་ཤ་ཚོས་སོང༌། ཐུག་པའང་ཁོལ་སོངགཡག་གུ་སེར་ཐོས་དེ་ལྟར་བཤད་ཀྱིན་ཟ་མ་མདུན་ཅོག་ཐོག་ལ་བཞག་པ་དང་ལ་ལས་འབྲོང་རྒོད་ལ། “ཡ་ཟོ་ཟོ”ཞེས་ཟེར་བ་དང་ལ་ལས། “མཆོད་དང་བཞེས”དང་ཞེས་མགྲོན་བསུ་བྱེད་ཀྱིན་ཚང་མ་དགོང་ཟས་ལ་རོལ།

 

སྐབས་ཤིག་ལ་མེ་མདའ་ཞིག་གི་སྐད་ཅིག་གྲགས་པ་དང་ལྷན་དུ་ཁྱི་འཁྱམ་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་ཟུག་སྐད་བརྒྱབ་བྱུང།

འགྲིགས་མ་སོང༌། དོན་དག་ཅིག་བྱུང་སོང༌།” ཞེས་འབྲོང་ཚས་དེ་མ་ཐག་གློག་སྒྲོན་བསད་དེ་སྒོ་ཕྱིར་ཐོན་པ་དང༌། གྲྭ་བ་འགའ་ཞིག་གིས་སྐད་རྒྱག་བཞིན་རྒྱུག་འོང་གིན་ཡོད་པས། འབྲོང་ཚ་དང་ནག་ཐུར་གྱིས་འབྲོང་རྒོད་ཁྲིད་དེ་གསང་ལམ་གཞན་ཞིག་ནས་ཆས་པ་དང་རོགས་པ་གཞན་དག་སོ་སོའི་ས་ལ་གྱེས།

 

མཚན་མོའི་མུན་ནག་གི་ནང་དུ་ཡོད་ཚད་ནག་རུབ་རུབ་དང་ནག་འཐོམ་མེར་འདུག་གོ།

 

 

 ང༽

 

 

བོད་ལྕགས་ལུག་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཟླ་བའི་དཀྱིལ་འཁོར་མཁའ་ལ་འཕགས་པའི་འོད་དཀར་བདུད་རྩིའི་ཟེགས་མ་གངས་རིའི་དཔལ་དུ་འཕྲོ་བའི་སྐབས་དེར། ཆབ་རོམ་གུར་དུ་ཉལ་བའི་སྐྱིད་ཆུའི་ངོགས་སུ། མི་རིགས་ཤིག་གི་བདེ་སྡུག་ལ་བསམ་གཞིགས་དང་འགན་འཁུར་ལེན་པའི་གཡག་རྒོད་འགའ་ཞིག་དུས་ཆད་ལྟར་ལྷན་འཛོམས་བྱུང༌། དེ་དག་ནི་གསེར་གཡག་རིན་པོ་ཆེ་དང༌། གཡག་དཀར། འབྲོང་རྒོད་དང་འབྲོང་ཚ། གཡག་རྒོད་ནག་ཐུར་བཅས་རེད། ཁོང་ཚོས་ཕན་ཚུན་ངོ་ཤེས་ཀྱིན་ཡོད་ལ་ཆ་རྒྱུས་ཀྱང་གང་འཚམ་ཡོད་པས་གཅིག་གཅིག་ལ་འཚམས་འདྲིའི་ཕྱག་འཇུ་དང་འཐམ་འཁྱུད་རེ་གནང་ནས་སར་བསྡད། ཟླ་བ་འོད་དུ་འབར་བས་ཕན་ཚུན་བཞིན་དཀྱིལ་གསལ་བར་མཐོང༌། བག་ཕེབས་ཤིང་ཐུགས་འཇམ་ཤིང་། སྐུ་རྩེད་ལ་དགྱེས་པའི་གསེར་གཡག་རིན་པོ་ཆེས། འབྲོང་རྒོད་ཀྱི་ཕྲག་པ་ལ་རྡེབ་ཙམ་གནང་བཞིན།

ངོ་མ་རྫ་རི་ལ་ཤོར་ན་འབྲོང་རྒོད་རང་རེད་འདུག་གབཞད་མོ་དང་བཅས་གསུངས།

ཁྱེད་ཚང་གི་ཐུགས་རྗེ་མིན་ན་ལྟོགས་ཤི་ཐེབས་ཉེན་བྱུང༌། ངོ་མ་ཐུགས་རྗེ་ཆེ

ཁོང་གཉིས་ཀྱི་སྐད་ཆ་དེས་རོགས་པ་ཚོ་རེ་ཞིག་ལ་མགོ་འཐོམ་དུ་བཅུག

གཡག་དཀར་གྱིས་འཛུམ་དམུལ་དང་བཅས། “ཨ་ལེ། བལྟས་ཡོང་ན་འབྲོང་རྒོད་རྨ་ཆེན་གངས་རིའི་སྲས་དུང་ལྷ་དཀར་པོ་རེད་ཅེས་ལུང་བསྟན་གནང་མཁན་བླ་མ་དེ་གསེར་གཡག་རིན་པོ་ཡིན་པ་རེད

མྱུལ་ཞིབ་པ་རང་རེད། ཚིག་ཟུར་ཙམ་གྱིས་ཚོད་དཔག་བྱེད་ཐུབ་ཀྱིན་འདུག” འབྲོང་རྒོད་ཀྱིས་གཡག་དཀར་ལ་མཐེ་བོང་ཞིག་བསྟན།

ང་ལའང་དེ་འདྲའི་དོགས་པ་བྱུང་མོད། ཁྱེད་ཀྱིས་དེ་ནུབ་གསང་བ་བྱས་སོང༌། མ་རེད་དམཞེས་འབྲོང་ཚས་འབྲོང་རྒོད་ཀྱི་གདོང་པར་བལྟས།

བདེན། དེ་ནུབ་མི་ཅུང་མང་བས་ངས་གསང་བ་བྱས་པ་ཡིན། མ་གཞི་ང་ཕྱི་གསལ་ནང་གསལ་ཆགས་ཡོད་པས་གསང་དགོས་དོན་མི་འདུག འོན་ཀྱང་ཁྱེད་རང་ཚོ་གཟབ་གཟབ་བྱེད་དགོས། ལྷག་པར་ཚོགས་མི་གསར་བ་ཡོད་ས་ནས་གསང་མིང་ལས་མ་བཤད་ན་ཡག་ག

ཁྱེད་གཉིས་ཇི་ལྟར་གསང་འབྲེལ་བྱུང་བ་ཡིན་ནམཞེས་འབྲོང་ཚས་ཡང་བསྐྱར་སྒྲུང་ཐུང་ངོ་མཚར་ཅིག་གོ་འདོད་ཀྱི་དགའ་སྣང་དང་བཅས་དྲིས།

གསེར་གཡག་གིས། “འདི་འདྲ་རེད། སྐབས་དེར་ང་གནས་སྐོར་བྱེད་ཀྱིན་བླ་བྲང་ལ་འབྱོར་དུས། འབྲོང་རྒོད་ལ་དོན་དག་བྱུང་བའི་གནས་ཚུལ་དེ་གོ་ཐོས་བྱུང༌། དེ་ནས་ང་གནས་ཚུལ་རྩད་གཅོད་ཆེད་རྫ་དམར་སྡེ་བར་སོང་དུས་ལྷ་སྒྲུང་གསར་བ་ཞིག་གོ་བྱུང༌། ངས་མི་དཀར་རྟ་དཀར་ཅན་དེ་འབྲོང་རྒོད་མིན་ནམ་སྙམ་ནས་མོ་ལུང་བརྟགས་པ་ན། ཡིན་པའི་རྟགས་མཚན་གསལ་བོ་བྱུང་བས། ང་དངོས་སུ་ཨ་མྱེས་རྫ་ལུང་གི་ནང་ལ་སོང་ནས་ཉིན་མཚན་གཉིས་ལ་བཙལ་བས་ཇག་པ་སྐུང་ས་ཞིག་ནས་འབྲོང་རྒོད་ཀྱི་རྟ་མཐོང་སོང༌། དེ་ནས་ཅུང་བསྒུགས་མོད་རིག་རྒྱུ་མི་འདུག ཕལ་ཆེར་ཁུག་ཀྱོག་ཅིག་ན་གཉིད་ཁུག་ནས་བསྡད་ཡོད་པ་མིན་ནམ་སྙམ་ནས། བྲག་ཅ་འཁོར་བའི་ཀུ་རིང་ཞིག་བཏབ་རྗེས། སྐད་གསངས་མཐོན་པོས། རྩེད་མཚར་གྱིས།

ཨོ་ན་ཡང༌། གླུ་ཨ་ལ་ལ་ལོ་ཨ་ལ་ལེན། རྗེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། བོད་མགོ་ནག་ཡོངས་ལ་ཐུགས་རྗེས་གཟིགས། ས་འདི་ཡི་མིང་ལ་ཅི་ཞིག་ཟེར། རྟ་འདི་ཡི་བདག་པོ་སུ་ཞིག་ཡིན། མྱི་ང་དང་ང་ངོ་མ་ཤེས་ན། ངའི་གསང་བའི་མཚན་ལ་གསེར་གཡག་ཟེར། མོ་ལུང་བསྟན་ཕྱོགས་ལ་ཐོགས་པ་མེད། ཁྱོད་འབྲོང་རྒོད་ཡིན་ན་ཡར་ལ་ལོངས། འབྲོང་རུ་དམར་ཉལ་ནས་ཡིབ་ནི་མེད། ཁྱོད་ལྟོགས་ན་ཤ་མར་རྩམ་གསུམ་ཡོད། ཁྱོད་སྐོམ་ན་ཞོ་དང་འོ་མ་ཡོད། ཅེས་པ་ལ་སོགས་པའི་གླུ་བླངས་པ་དང༌། ཁོས་སྒང་གི་བྲག་ཐེམ་ཞིག་གི་ཐོག་ནས་འབྲོང་རྒོད་འགྱིངས་འགྱིངས་བྱས་ནས་གད་མོ་ཞིག་དགོད་ཀྱིན་ཐོན་བྱུང་ཞེས་གསུངས་པ་དང༌། འབྲོང་རྒོད་ཀྱིས་དེར་མཐུད་དེ།

ཉིན་དེར་ངོ་མ་གཅིག་དགའ་སོང༌། དཔའ་གླུ་ཡག་པོ་ཞིག་འཐེན་སོང་འཐེན་སོང། བྲོ་ཆད་པའི་ལྟོགས་སྐོམ་ཡང་སེལ་སོང་བ་འདྲ་ཞིག་བྱུང༌། དགུང་མོ་དེར་མཚན་གང་བོར་སྐད་ཆ་བཤད་ནས་ལུས་སོང་ངོ་མ་སྐྱིད་པོ་བྱུང་ཞེས་ཁོང་གཉིས་ཀྱིས་སྒྲུང་རྙིང་དེ་སླར་ཡང་ཕྱིར་དྲན་དང་བསྐྱར་གླེང་མགོ་བརྩམས་པས་གྲོགས་པོ་ཚོས་དགའ་མགུའི་ངང་ཉན།

གཡག་དཀར་གྱིས། “ཁྱོད་གཉིས་ཀྱིས་ངོ་མཚར་བའི་ལྷ་སྒྲུང་ཞིག་འཁྲབ་པ་རེད། ཡིན་ན་ཡང་འབྲོང་རྒོད་ཀྱིས་སྐུ་ཚེགས་ཆེན་པོ་ཞིག་མྱངས་འདུག། ངོ་མ་མིང་དོན་མཚུངས་པའི་འབྲོང་རྒོད་ཅིག་རེད། དེ་བས་ཁྱེད་རང་གི་བདེ་འཇགས་ལ་མུ་མཐུད་དུ་ཉེན་ཁ་ཡོད་པས། ང་ཚོ་ཁྱེད་རང་གི་བདེ་འཇགས་ལ་སེམས་ཁྲལ་འདུག ད་ཕལ་ཆེར་རྒྱ་གར་ལ་ཕེབས་ན་ཡག་ཤོས་མ་རེད་དམཞེས་གསེར་གཡག་གི་ཞལ་ལ་གཅིག་བལྟས་པས།

རེད། ངས་ཀྱང་བརྟག་དཔྱད་བྱས་པ་ཡིན། ཁྱེད་རང་གང་མྱུར་སོང་ན་ཡག་པོ་འདུག ཕར་སོང་ནས་ང་ཚོར་གནས་ཚུལ་མཁོ་འདོན་དང་འབྲེལ་བ་གནང་ན་དེ་ཡང་དགོས་ངེས་ཤིག་རེད

ལགས་སོ། ང་འགྲོ་ཆོག ང་གང་དུ་སོང་ན་འདྲ། གང་དུ་བསྡད་ན་ཡང་ང་ཚོའི་དམིགས་ཡུལ་དང་རྩ་དོན་བརྗེད་མི་སྲིད། འོན་ཀྱང་དེང་སང་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་འདུག་པས་ཁྱེད་ཅག་གི་གནས་བབ་ཀྱང་ལྷིང་འཇགས་ཤིག་གཏན་ནས་མ་རེད” ཅེས་ཚང་མའི་གདོང་ལ་གཅིག་བལྟས།

གསེར་གཡག་གིས། “དེ་བདེན་པ་རེད། ང་ཚོའི་ལས་དོན་ཐོག་ལ་མོ་ལུང་ཅུང་འཚུབ་སེ་འདུག ཉེ་ཆར་ཡང་ང་ཚོའི་མི་འགའ་བཟུང་སོང་བ་རེད། ང་ཚོས་གནས་སྐབས་རིང་བྱ་འགུལ་སྤེལ་མཚམས་ཀྱང་བཞག་ན་ལེགས། ཁྱེད་རང་ལ་དགོངས་ཚུལ་ག་འདྲ་ཡོད་དམཞེས་གཡག་དཀར་གྱི་གདོང་ལ་གཅིག་བལྟས་པས་ཁོས།

ངས་ཐོག་མར་སེ་ར་དགོན་པའི་ནང་ལ་བྱུང་བའི་གནས་ཚུལ་དེ་གསལ་བོ་ཞིག་ཤེས་དགོས་ཀྱི་འདུགཅེས་འབྲོང་ཚའི་གདོང་ལ་བལྟས།

དགོང་མོ་དེར་ང་ཚོས་གསང་གྲོས་བྱེད་བཞིན་པའི་སྐབས་སུ་འབྲོང་རྒོད་ཀྱང་འབྱོར་བ་རེད། ཆུ་ཚོད་བཅུ་གཉིས་ལ་སླེབས་ཙམ་ཞིག་ལ་མེ་མདའ་ཞིག་གི་སྒྲ་ཐོས་བྱུང༌། གནས་ཚུལ་ཅི་ཡིན་མ་ཤེས་མོད་གཡག་གུ་ནག་ཐུར་ངེད་གཉིས་ཀྱིས་འབྲོང་རྒོད་ཁྲིད་ནས་གསང་ལམ་ནས་བྲོས་ཡོང་བ་ཡིན། ཕྱི་ཉིན་གནས་ཚུལ་གོ་དུས། མི་གཉིས་ཀྱིས་ཁྲོམ་ལམ་དུ་སྦྱར་ཡིག་ཅིག་སྦྱོར་བཞིན་པ་སྤྱི་བདེ་མི་སྣ་གསུམ་གྱིས་མཐོང་ནས་རྗེས་འདེད་བཏང་འདུག ཁོ་གཉིས་སེ་ར་དགོན་པའི་ཐག་ཉེར་སླེབས་སྐབས་རྗེས་འདེད་གཏོང་གིན་ཡོད་པ་ཤེས་ནས་གློ་བུར་དུ་འབྲོ་རྩིས་བྱས་འདུག སྐབས་དེར་སྤྱི་བདེ་མི་སྣས་སྐད་ཆེན་པོས་སྡོད་ཅིག བྲོས་ན་མེ་མདའ་རྒྱག་གི་ཡིན་ཞེས་འཇིགས་བསྐུལ་བྱས་ཀྱང༌། མ་བསྡད་པར་བྲོས་འདུག་པས་རྗེས་ལ་མེ་མདའ་གཅིག་བརྒྱབ་པ་རོགས་པ་གཅིག་གི་རྐང་པར་ཕོག་ནས་འགྲོ་ཐུབ་མི་འདུག རོགས་པ་གཞན་དེ་ཚུར་བྲོས་ཡོང་དུས་དགོན་པའི་གྲྭ་བ་འགའ་ལ་ཐུག་ཁོ་ཚོས་འགེབས་སྲུང་ཆེད་དུ་མི་གསོད་ཀྱིན་འདུག་ཅེས་འུར་སྐད་བརྒྱབ་ནས་ཁོ་ཁྲིད་དེ་དགོན་པ་ནང་ལ་བྲོས་ཡོང་འདུག

འབྲོང་ཚས་མུ་མཐུད་དུ། “དེ་ནས་ཅང་མ་འགོར་བར་སྤྱི་བདེ་མི་སྣ་མང་པོ་ཞིག་བསླེབས་འདུག ཕོ་གསར་དེ་ང་ཚོས་ཐུལ་མ་སེར་ཐོ་མ་དང་རྒྱ་རིལ་མ་གཉིས་ཀྱིས་ཁྲིད་ནས་རི་སྒང་ལ་བྲོས་འདུག ཁོ་ཚོས་མི་མ་བརྙེད་པས་ཁྱོད་ཚོའི་དགོན་པའི་ནང་ན་ཉེས་ཅན་པ་དང་ངན་འབྲེལ་བྱེད་མཁན་འདུག་ཅེས་ཚང་མ་ཕྱིར་ཕུད་དེ་གྲྭ་ཤག་ཚང་མ་སྔོག་བཤེར་བྱས་འདུག སྟབས་མ་ལེགས་པར་གྲྭ་ཤག་མང་པོ་ཞིག་གི་ནང་ནས་ྋརྒྱལ་བ་རིན་པོ་ཆེའི་སྐུ་པར་དང༌། གསུང་འཕྲིན་སོགས་ཡིག་ཆ་མང་པོ་ཞིག་བརྙེད་དེ་གཡག་གུ་སེར་ཐོ་དང་རྒྱ་ཐོ་གཉིས་སོགས་ང་ཚོའི་ཚོགས་པའི་མི་ལྔ་དང་དེ་མིན་གྲྭ་བ་བཅུ་སྡེབ་གཅིག་ལ་བཟུང་བ་རེད། དོན་རྐྱེན་དེའི་བྱུང་རིམ་རགས་པ་དེ་འདྲ་ཞིག་རེདཅེས་དབུགས་རིང་ཞིག་འཆོར་བཞིན་གཡག་དཀར་གྱི་བཞིན་ལ་གཅིག་བལྟས།

གཡག་དཀར་གྱིས་མགོ་ནང་ལ་ལྡེམ་ཙམ་ངང༌། “གནས་ཚུལ་དེར་ད་དུང་རྒྱུས་ལོན་གསལ་བོ་ཞིག་བྱེད་དགོས་ཀྱི་འདུག ངས་བལྟས་ན་དེ་དེ་འདྲའི་སྟབས་བདེ་ཞིག་མ་རེད། ང་ཚོས་ད་དུང་བཟུང་སོང་བའི་མི་དེ་སུ་ཡིན་ཅི་བྱུང་གི་གནས་ཚུལ་རྟོགས་ཐུབ་མེད་པ་རེད” ཅེས་འབྲོང་་ལ་ལྟ་བཞིན།

ཁྱེད་ཚོས་ལོ་གསར་སྐབས་སུ་སྤེལ་བའི་བྱ་འགུལ་དེའི་བརྒྱུད་རིམ་སྐོར་ཡང་ངས་གཅིག་ཤེས་འདོད་འདུག

གནས་ཚུལ་དེ་ཚོའི་སྐོར་ཞིབ་ཕྲ་མི་ཤེས། ངས་བལྟས་ན་དེར་དོགས་པ་བྱེད་དགོས་པ་ཅང་མི་འདུག་སྙམ། ད་ལོའི་ལོ་གསར་གྱི་བྱ་འགུལ་འདི་ཐོག་མར་ང་ཚོས་ལྷ་ས་གཅིག་པུའི་ནང་མ་གཏོགས་སྤེལ་འདོད་མེད་ཀྱང༌། འབྲོང་རྒོད་ཀྱི་དགོངས་ཚུལ་ལྟར་རྗེས་སུ་རྒྱ་ཆེ་རུ་བཏང་ནས། ང་ཚོས་བོད་ཆོལ་ཁ་གསུམ་ནང་གི་ས་གནས་འགོ་བ་ཁག་ལ་འབྲེལ་བ་བྱས་ནས་ལོ་གསར་ཚེས་གསུམ་ཉིན་ལྷ་ས་གཙོས་ས་ཁུལ་ཁག་བཅུའི་ནང་ལས་འགུལ་མཉམ་སྤེལ་ཐུབ་པ་བྱུང༌། ཐེངས་འདིར་ང་ཚོས། ‘རང་བཙན་རླུང་རྟ’ཟེར་བ་ཞིག་གསར་གཏོད་བྱས་པ་ཡིན། དེའི་ཐོག་ལ་བོད་ཀྱི་རྒྱལ་རྟགས་དང་ཟུར་བཞི་ལ། “གངས་ ་ལྗོངས་ ་རང་ ་བཙན”ཞེས་པའི་ཡི་གེ་ཡོད་པ་ཆིག་ཁྲི་ལྔ་སྟོང་དང༌། བདེན་གསོལ་སྨོན་ཚིག་དང༌། བོད་སྐྱོང་ལྷ་སྲུང་གི་འཕྲིན་བཅོལ་ཚར་ཆིག་ཁྲི་རེ་བཅས་ས་ཁུལ་སོ་སོར་ཡོངས་ཁྱབ་འགྲེམས་སྤེལ་དང༌། དེ་མིན་ཡན་ལག་ཚོགས་ཆུང་ཁག་དང་ཚོགས་མི་སྒེར་བ་བཅས་ནས་བོད་དོན་སྐོར་གྱི་འགྲེམས་ཡིག་ཅི་རིགས་འགྲེམས་སྤེལ་ཐུབ་པའི་རེ་སྐུལ་བྱས་ཡོདཅེས་འབྲོང་རྒོད་ལ་གཅིག་ལྟ་བཞིན།

འདི་གར་ཡང་ང་དང་འབྲོང་རྒོད། གཡག་གུ་ནག་ཐུར། ཐུལ་མ་སེར་ཐོ་མ་དང་རྒྱ་རིལ་མ་བཅས་གཙོས་ཆོགས་མི་ཉེར་གཅིག་ཁག་བགོས་ནས་བར་སྐོར་དང༌། ལྕགས་པོ་རི། སློབ་གྲྭ་ཆེན་མོ། གདན་ས་གསུམ་སོགས་མི་མང་འདུ་འཛོམས་ཆེ་ཁག་ལ་སོང་ནས་ཡོངས་ཁྱབ་འགྲེམས་ཡིག་རྣམས་བཀྲམ་པ་ཡིན

འབྲོང་ཚས་མུ་མཐུད་དུ་སྐྱོ་ཉམས་ཀྱིས། “ཡིན་ན་ཡང་ཡ་མཚར་བ་ཞིག་ལ། དགོང་མོ་དེ་ག་རང་ལ་སྤྱི་བདེ་མི་སྣ་འགའ་ཆུ་བཟང་དགོན་པར་ཡོང་ནས་ཨ་ནེ་ཐུལ་མ་སེར་ཐོ་མ་དང་རྒྱ་རིལ་མ་གཉིས་བཟུང་བ་དང༌། སློབ་གྲྭ་ནང་ལ་སོང་ནས་གཡག་གུ་ནག་ཐུར་ཡང་བཟུང་བ་རེདཅེས་སྐད་ཆའི་བཤད་མཚམས་བཞག་ནས་ཅུང་ལུས་པ་དང༌། འབྲོང་རྒོད་ཀྱིས་དེར་མཐུད་དེ།

གཅིག་བྱས་ན་ཉིན་དེར་ཁོ་ཚོའི་གདོང་པ་མཐོང་མཁན་མི་ངན་རེ་གཉིས་བྱུང་བ་ཡིན་རྒྱུ་རེད། གང་ལྟར་ཁོ་ཚོར་གསང་བ་སྐྱེལ་མཁན་ཞིག་བྱུང་ཐག་ཆོད་རེད།”

གཡག་རྒོད་ནག་ཐུར་གྱིས་ཀྱང། “དེ་སུ་ཞིག་ཡིན་ནམ། ལྕེ་གཅོད་རྒྱུ་དེ” ཞེས་རང་བཞིན་གྱིས་དྲི་བ་ཞིག་ཐལ་བ་དང༌།

གཡག་དཀར་གྱིས། ཡང་ན། བཙོན་ཁང་གི་ཚོགས་མི་ཞིག་གིས་གསང་བ་ཤོར་བ་འདྲ། དྲག་སྤྱོད་གདུག་རྩུབ་ཆེ་བའི་བཙོན་ལས་དེས་མི་མང་པོའི་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད་པ་རེད། གལ་ཏེ་དེ་འདྲ་ཞིག་ཡིན་ན་ང་ཚོ་ཚང་མ་ལ་ཉེན་ཁ་ཆེན་པོ་ཡོད་རྒྱུ་རེད། ལྷག་པར་འབྲོང་རྒོད་དང་འབྲོང་ཚ་གཉིས་ཀྱིས་གཟབ་གཟབ་བྱེད་དགོས་རྒྱུ་རེད

གསེར་གཡག་གིས། ང་ཚོའི་ཚོགས་མིའི་ནང་ན་དོགས་གཞི་བྱེད་དགོས་ས་རེ་མེད་དམ། ཡང་ན་ཁོང་ཚོའི་ངོ་ཤེས་གྲོགས་པོའི་ནང་ན་མི་ངན་རེ་ཡོད་པ་མིན་ནམ། ཚོགས་མི་གསར་ཞུགས་པ་སུ་ཡོད་དམ

འབྲོང་ཚས། “ཉེ་ཆར་སེ་ར་དགོན་པར་སྤྱི་བདེ་མི་སྣས་རྗེས་འདེད་བྱས་འོང་པའི་དོན་གྲུབ་ཟེར་བ་དེ་ཞུགས་ཡོད་པ་རེད

གསེར་གཡག་གིས། “འོ། ཁོ་ཇི་ལྟར་ཞུགས་སོང༌། ལོ་རྒྱུས་གསལ་བོ་ཤེས་བྱུང་ངམ

འབྲོང་ཚས། “ལོ་རྒྱུས་གསལ་བོ་རྩད་གཅོད་བྱས་མེད། ཕ་ཡུལ་ལྷོ་ཁ་ནས་རེད་ཟེར། ཁོས་ང་ཚོའི་ཨ་ནེ་གཉིས་ལ་ཁོ་རང་གཡག་རྒོད་ཚོགས་པར་ཞུགས་འདུན་ཆེ་བས་རོགས་པ་ཞིག་བྱེད་ཐུབ་མིན་དྲིས་འདུག ཨ་ནེ་གཉིས་ཀྱིས་ཁོ་ལ་དོགས་པ་གང་ཡང་མེད་པར་སྐད་ཆ་དྲང་མོར་བཤད་ནས་དགའ་བསུ་བྱས་འདུག ངས་ཀྱང་ཡིད་ཆེས་ཀྱིས་ཆོག་མཆན་སྤྲད་དེ། ཁོའི་གསང་མིང་ལ་གཡག་གུ་ཁྲ་ཐོ་བཏགས་ཡོད། འོན་ཀྱང་ང་ད་དུང་ཁོ་ལ་ངོ་ཐུག་མ་བྱུང

གསེར་གཡག་གིས། “འོ་ན་ཉེ་ཆར་ལས་འགུལ་སྤེལ་བའི་ནང་ལའང་ཞུགས་ཡོད་དམ

དེའི་ནང་ལ་ཞུགས་ཐུབ་ཡོད་པ་མ་རེད། ངས་ཆོག་མཆན་བཀོད་པ་དེའི་རྗེས་རེད

གསེར་གཡག་གིས། གཟབ་ནན་གྱི་ཚུལ་དུ། “ཁ་སང་ང་ལ་གངས་གཡག་གི་གསང་ཡིག་ཅིག་འབྱོར་སོང༌། དེའི་ནང་ལ། ཉེ་ཆར་སེ་ར་དགོན་པར་བྲོས་ཤོར་གྱི་མི་དེར་དོགས་ཟོན་གྱིས། གསང་བ་དམ་པོ་བྱོས། ཚོགས་མི་གསར་ཞུགས་སུ་ཡིན་ཡང་འགོ་གཙོ་དག་གི་གནས་ཚུལ་ཤེས་མ་འཇུག་ཞེས་འཁོད་འདུགཅེས་འབྲོང་ཚའི་གདོང་ལ་ལྟ་བཞིན།

མི་དེ་ཉེན་ཁ་ཅན་ཞིག་ཡིན་པ་འདྲ། ང་ཚོའི་དེའི་ལོ་རྒྱུས་རྩད་གཅོད་ཡག་པོ་ཞིག་བྱེད་དགོས་ཀྱིན་འདུག

འབྲོང་ཚས་གསེར་གཡག་གི་ཞལ་ལ་ཅེ་རེར་ལྟ་བཞིན། ཨ་ལེ། འོ་ན་ཁོ་གསང་མྱུལ་བ་ཞིག་རེད་ཟེར་བ་མིན་ནམཞེས་ཡ་མཚར་བའི་ཚུལ་གྱི་དོགས་འདྲི་ཞིག་དང་ལྷན་དུ།

ཁྱེད་རང་གིས་གངས་གཡག་ངོ་ཤེས་སམ

གསེར་གཡག་གིས་མནོ་བསམ་ཅུང་གཏོང་བཞིན་དབུ་འཕྲེད་ལ་གཡུག་ཅིང༌།

མི་ཤེས། གངས་གཡག་དང་ལྷ་གཡག་གཉིས་ང་ཚོ་སུས་ཀྱང་ངོ་མི་ཤེས་པ་རེད། འོན་ཀྱང་ཁོང་གཉི་གས་ཕལ་ཆེར་ང་ཚོ་ཚང་མ་ངོ་ཤེས་པ་རེད། གངས་གཡག་གི་ཡི་གེའི་ནང་ད་དུང༌། ཀྲང་ཉེན་དཔོན་ཟེར་བ་གཡོ་སྒྱུ་ཧ་ཅང་ཆེ་བས། ང་ཚོས་ཕྱོགས་ཡོངས་ནས་དོགས་ཟོན་མཐོར་འདེགས་བྱེད་དགོས་ཟེར་གསུངས་འདུག རྒྱ་རྒན་དེ་བཅིངས་འགྲོལ་དམག་མི་རྒན་ཡོལ་བྱས་རྗེས་ཅན་ཞིག་ཡིན་པ་འདྲ

མི་དེ་ཉེ་ཆར་ལྷ་སར་འབྱོར་འདུག ཁོས་རང་ཉིད་ངོ་མས་བཙོན་མ་ཚོར་འདྲི་རྩད་རྟོག་ཞིབ་བྱེད་ཀྱིན་འདུག ད་དུང་ཁོ་ལ་དྲུང་ཡིག བུད་མེད་ཉེན་རྟོག་པ་ཞོ་ཧྭ་ཟེར་བའི་བོད་སྐད་བོད་ཡིག་ཐོགས་པ་མེད་པའི་རྒྱ་མོ་ཞིག་འདུག་ཟེརགཡག་དཀར་གྱིས་དེ་ལྟར་བཤད་པ་དང༌། འབྲོང་རྒོད་ཀྱིས་དེར་མཐུད་དེ།

དེ་རྒྱ་མོ་ངོ་མ་ཞིག་མ་རེད། རྒྱ་མ་བོད་ཅིག་རེད། རྫ་དམར་རྫོང་གི་ཅིན་ཀྲང་གཞོན་པ་སྟག་ལྷའི་དགའ་བོ་རེད། ཉེ་ལམ་སེ་ར་དགོན་པའི་ནང་དུ་མི་དེ་རྗེས་འདེད་བཏང་ནས་འོང་མཁན་ནང་ན་ཡང་མོ་ཡོད་པ་འདྲ” ཞེས་ཅུང་རྒྱུས་ཡོད་ཀྱི་ཚུལ་དུ་གསལ་བཤད་ཅིག་བྱས།

གསེར་གཡག་གིས་ཀྱང་དབུ་ནང་ལ་ལྡེམ་གྱིན། “ཉེན་དཔོན་ཀྲང་གིས་ཉེ་ཆར་ཆེད་དུ་གཡག་རྒོད་ཚོགས་པ་ལ་རྩད་གཅོད་རྡུང་རྡེག་བྱེད་པའི་ཉེན་རྟོག་ཚོགས་པ་ཞིག་ཀྱང་བཙུགས་འདུག་ཟེར། ད་ཕལ་ཆེར་ཅུང་གཞི་རྒྱ་ཆེ་བའི་དམ་བསྒྲགས་ཤིག་བྱེད་རྒྱུ་ཡིན་པ་འདྲ

འབྲོང་ཚས། “ང་ཚོས་ཀྱང་དེའི་ཚོད་ཀྱིས་ལས་འགུལ་སྤེལ་དགོས་པ་རེད། ཁུ་སུམ་པོར་བསྡད་ན་མི་འགྲིགས

འབྲོང་རྒོད་ཀྱིས། “རེད། འོན་ཀྱང་གནས་སྐབས་རིང་ང་ཚོས་ནང་ཁུལ་ལ་རྩད་གཅོད་དང་ཞིབ་འཇུག་བྱེད་རྒྱུ་གལ་ཆེ། ང་ཚོའི་གྲོགས་པོ་ཚོ་འདི་ལྟར་ལས་སླ་བོའི་ངང་ནས་སྤྱང་ཚང་ནང་ལ་ལྷུང་བ་ཡིན་ན། འདི་ཚང་མའི་ཆག་སྒོ་ཆེན་པོ་ཞིག་རེད

གཡག་དཀར་གྱིས། “བདེན་པ་རེད། ལོ་གཅིག་ལྷག་རིང་ལ་ང་ཚོའི་ཚོགས་མི་སུམ་ཅུ་བཙོན་ཁང་ལ་འགྲོ་དགོས་བྱུང་བ་རེད། དེའི་ནང་ནས་མི་གཉིས་མ་གཏོགས་བཙོན་གྲོལ་བྱུང་མེད། དེ་ཡང་རྡུང་རྡེག་ཤུགས་ཆེན་ཕོག་ཡོད་པས་གཅིག་གྲོངས་སོང་བ་དང༌། གཅིག་དབང་བོ་སྐྱོན་ཅན་ཆགས་ཡོད་པ་རེད། བཙོན་ཁང་དུ་ཡོད་པ་མང་ཆེ་བར་ལོ་ལྔ་ནས་བཅོ་ལྔའི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ད་ཁོང་ཚོ་ལའང་རྡུང་རྡེག་དང་ཁྲིམས་ཆད་ལོ་ག་ཚོད་ཅིག་གཅོད་རྒྱུ་ཚོད་དཔག་དཀའ་བ་ཞིག་མ་རེདཚང་མས་སྐྱོ་ཉམས་དང་བཅས་གཡག་དཀར་གྱི་བཞིན་རས་ལ་ཅེར་ནས་ཉན་འདུག ཁོང་གིས་ཀྱང་ཚང་མའི་གདོང་ལ་གཅིག་ལྟ་བཞིན་མུ་མཐུད་དེ།

ཡིན་ན་ཡང༌། ང་ཚོས་འདི་ལྟར་གདུང་སེམས་མཉམ་བསྐྱེ་ཙམ་བྱས་ཏེ་བལྟས་ནས་ཉན་ནས་སྡོད་པ་ཙམ་ལས། སྤྱང་ཚང་ནས་ཕྱིར་ལེན་ཐབས་མེད་པ་ཞིག་རེད། འདི་ནི་ཆེས་ཐབས་སྐྱོ་ཤོས་ཤིག་རེད། ང་ལྷ་ས་གྲོང་ཁྱེར་ནང་གི་སྤྱི་བདེ་ཅུས་ཀྱི་ཁྲིམས་ཞིབ་ཁང་གི་ནང་ལ་ཡོད་ན་ཡང༌། ང་སྤྱིར་བཏང་གི་ལས་བྱེད་ཅིག་ལས་མིན་པས། ངས་སྤྱང་ཕྲུག་ཚོ་དང་མཉམ་དུ་སྤྱང་ཀིར་ཞབས་ཞུ་བྱེད་རྒྱུ་ཙམ་ལས་ཅི་ཡང་འཇོན་གི་མི་འདུག” ཁོང་ཅུང་ངར་ལངས་པའི་ཚུལ་གྱིས།

མཚམས་རེར་ངས་ཅི་བྱུང་ན་བྱུང་བཙོན་ཁང་གཏོར་ནས་བཙོན་པ་མང་ཙམ་ཞིག་སྐྱོབ་ཐུབ་ན་བསམས་བྱུང་། ངོ་མ་ཡིན་ང་མི་གཅིག་གི་སྲོག་འཆོར་དགོས་པ་ཕངས་སེམས་དང་སྐྲག་སྣང་ཅི་ཡང་ཡོང་གི་མི་འདུག འོན་ཀྱང༌། གལ་ཏེ་ངས་ཉམ་ཆུང་གི་ལུ་གུ་དེ་ཚོ་སྤྱང་ཚང་ལས་ཕྱིར་བཏོན་ཐུབ་པ་བྱུང་ནའང༌། ཁོང་ཚོ་བྲོས་ནས་འགྲོ་ས་མེད་ལ། སྤྱང་ཀི་འགོག་ཐུབ་མཁན་གྱི་ལུག་རྫི་ཡང་མེད་པ་རེད། དེ་བས་ངས་སྲོག་བློས་བཏང་ཡང་དོན་གོ་ཆེན་པོ་མི་འདུག་བསམས་ནས་སྤུན་ཟླ་ཚོའི་གདོང་པར་ལྟ་མི་ཕོད་བཞིན་དུ་སྡོད་རྒྱུ་ལས་ཐབས་མི་འདུག” ཅེས་སྐྱོ་བས་བཤད།

གསེར་གཡག་གིས། “ང་ཚོར་མྱུལ་ཞིབ་འགོ་བ་གངས་གཡག་དང་ཁྱེད་རང་གཉིས་ལས་མེད་པ་རེད། ལྷག་པར་ཁྱེད་རང་གནད་འགག་ས་ཁུལ་ཞིག་ནང་ཡོད་པས། ང་ཚོར་མཚོན་ན་གནད་འགག་གི་ལྷུ་ལག་ཅིག་རེད། ང་ཚོས་ཕན་ཚུན་ངོ་ཤེས་པས་དེ་རིང་འདིར་འཛོམས་པ་མ་གཏོགས་ཚོགས་མི་གཞན་པ་ཚོ་སུ་ཡང་ཁྱེད་རང་གི་གནས་བབ་གསང་དགོས་པ་ཞིག་རེད

འབྲོང་རྒོད་ཀྱིས། “རེད། གསང་བའི་བྱ་བ་ལ་གསང་བ་གལ་ཆེ་ཤོས་རེད། ལྷག་པར་ཁྱོད་རང་གི་མྱུལ་ཞིབ་བྱ་བ་འདི་ཧ་ཅང་གལ་ཆེ་ཞིང། ལས་ཀ་འདིའི་ངོ་བོ་ཞི་བ་རེད། ནམ་ཡིན་ཡང་དྲག་ཤུགས་དང་ཐལ་སྐྱོན་མི་འབྱུང་བ་བྱེད་རྒྱུ་གལ་ཆེ། ད་དུང་ཚོགས་མིའི་ནང་ནས་ཡིད་ཆེས་ཆོག་པའི་ཤེས་ཡོན་ཅན་རེ་ལས་ཁུངས་ནང་ལེན་ཐུབ་ན་ཡག་པོ་འདུག ང་ཚོའི་གནད་འགག་གི་ལས་རིགས་འདྲ་མིན་ནང་འཛུལ་ཐུབ་པ་བྱ་རྒྱུ་འདི་བྱ་བ་དོན་ཆེན་ཞིག་རེད། དཔའ་ངར་དཔུང་ངོམ་ཁོ་ན་བྱ་རྒྱུ་མི་འདུག

ངའི་བསམ་ཚོད་ལ་ང་ཚོས་དྲག་རྒོལ་ཚོགས་པ་ཞིག་ཀྱང་རྩ་འཛུགས་བྱས་ན་ཡག་པོ་འདུག ཀྲང་ཉེན་དཔོན་ཟེར་བ་དེ་རིགས་འགོ་གཏེ་བྱེད་གཏེ་ཁ་ཤས་རེའི་མགོ་ལེན་དགོས་ལེ་རེད། ཁོ་ཚོས་ཁྲིམས་དྲག་པོ་ཞིག་བཅད་ནས་ངའིསྤུན་ཟླ་ཚོ་འཆི་ལམ་མ་གཏོགས་མེད་པ་ཞིག་བཟོས་ན། ངས་བཟོད་སྒོམ་ཐུབ་ས་མ་རེད་ཀོ ང་ཚོ་བོད་ཁ་བ་ཅན་གྱི་མི་ཚང་རེ་རེ་ནས་རྒྱ་མི་དམར་པོས་མི་བསད་མ་སོང་བ་ཞིག་ཕལ་ཆེར་མེད་ལེ་རེད། ཨེ་རེད” གཡག་རྒོད་ནག་ཐུར་ཅུང་ཁྲོ་ཉམས་དང་བཅས་མུ་མཐུད།

ང་ཚོའི་ཕ་མེས་ཡང་མེས་ཚོས་ཀྱང༌། རང་སྲོག་འབེན་ལ་བཙུགས་ནས་སྟག་འཛུམ་དྲུག་གྱི་ལེ་ཤི་བ་ལས་ཝ་རྔ་མ་དྲུད་ནས་བྲོས་པ་ཡོད་ལེ་མ་རེད། དེ་ནས་རིག་གནས་གསར་བརྗེ་ཟེར་བའི་ནང་ལའང་མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་ནས་འཐབ་རྩོད་བྱས། དགོས་པའི་མཆོད་རྟེན་བཤིག མི་དགོས་པའི་ས་ལས་རྡོ་ལས་བྱེད་བཅུག དེང་སང་ཡང་ཁ་སྙན་མོ་བཤད་ལག་རྩུབ་པོ་བྱས་ན་ད་དུང་མགོ་སྒུར་ནས་སྡོད་ཐུབ་ས་མ་རེད་ཀོ སྤྱིར་ན་ང་ཚོགས་པ་འདིའི་ནང་ལ་འཛུལ་དོན་ཡང་དགྲ་ཤ་རྩོད་འདོད་ཡིན། ང་ཚོའི་སྒེར་དགྲ་ཟེར་ན་འདྲ། བོད་ཀྱི་སྤྱི་དགྲ་ཟེར་ན་འདྲ། སངས་རྒྱས་བསྟན་པའི་དགྲ་བོ་ཟེར་ན་རེད། རྒྱ་མི་གུང་ཁྲན་ལ་གྲི་དང་མེ་མདའ་ཡིས་འཁོན་ལན་ཞིག་འཇལ་མ་ཐུབ་ན་ངའི་སྙིང་ནད་ཀྱང་སངས་ས་མ་རེད་ཀོ རྣམ་པ་ཚོས་ཐབས་ཤེས་འདྲ་མིན་དང་དགོངས་པ་ཆེན་པོ་བཞེས་ཀྱི་ཡོད་ལེ་རེད་དེ། ང་ཁམས་པ་གྲི་རིང་ཅན་པོ་འཐབ་ས་ཞིག་དང་འཛིང་ས་ཞིག་རག་ན་དགའ་ལེ་ཡིན

ཚང་མ་དལ་ཅག་གེར་སོ་སོའི་ས་ནས་བསམ་གཞིགས་རེ་བྱེད་ཀྱིན་འདུག མཁའ་དབྱིངས་ཀྱི་སྤྲིན་པ་ཐར་ཐོར་ཕག་ལ་གཞའ་བའི་ལྷ་ཟླ་དཀར་པོ་ནི་ནམ་ཡང་བདུད་རྩིའི་རང་བཞིན་ཅན་དང་འོད་དཀར་ཀུན་ལ་སྙོམ་པ་ཞིག་ཡིན་ན་ཡང༌། ཁོའི་མཐའ་འཁོར་གྱི་མག་མོག་གི་རྒྱུ་སྐར་མང་པོ་ཞིག་བག་འཁུམས་པའི་ཚུལ་དུ་འདར་ཡོམ་བྱེད། འོན་ཀྱང་དགུན་གྱི་ལྷགས་རླུང་གིས་གཙེས་པའི་མ་ཡུམ་ས་གཞི་ཆེན་པོ་དང་གངས་རི་དཀར་པོ་རྣམས་ནི་གཡོ་མེད་བརྗིད་ཉམས་ངང་མིརིགས་ཤིག་གི་ངར་ཤུགས་སློང་བྱེད་འདྲ།

ཁྱོད་ཀྱིས་བཤད་པ་ཚང་མ་བདེན་པ་རེད། ང་ཚོའི་ལོ་རྒྱུས་འདི་ད་བར་དུ་ཤ་ཁྲག་གི་དམར་མཆོད་བཏང་ནས་བསྐྲུན་ཡོང་བ་ཞིག་ཡིན་པ་བདེན་པ་རེད། ང་ཚོ་སུ་ཡང་འཆི་ཕོད་པའི་དཔའ་རྒོད་ཡིན་པར་ཡང་ང་ལ་ཡིད་ཆེས་ཡོད། དཔའ་བོ་བྱེད་རྒྱུ་ཞིག་དང་སྲོག་ལ་འཛེམས་རྒྱུ་ཞིག་མི་ཡོང་བ་རེད་ལ། སྟག་འཛུམ་དྲུག་གྱི་ལེ་འཆི་ཚུལ་དེ་དཔའ་ཉམས་དང་གཟི་བརྗིད་ཅིག་ཡིན་ན་ཡང༌།སེང་གེས་ཁྱུ་མཆོག་གསོད་པའི་ཚེ། རྭ་ལ་གཟུར་བ་སྡར་བག་ལ་ཡིན།’ གསུངས་པ་བཞིན། ང་ཚོས་སེང་གེའི་དཔའ་རྩལ་ངོམ་ཚུལ་གྱི་ཐབས་རྩལ་བླངས་ནས་སྟག་མ་ཤི་བར་འཛུམ་དྲུག་ངོམ་ཐུབ་པ་ཞིག་བྱེད་དགོས། ང་ཚོ་ཐབས་ལ་མཁས་ཤིང་དགྲ་ལ་རྒོལ་བའི་དཔའ་མཛངས་ཉིས་ལྡན་ཞིག་བྱེད་དགོས་པ་དེ་ཕ་རོལ་དགྲ་འདུལ་གྱི་རྒྱལ་ཐབས་གཙོ་བོ་ཞིག་མ་རེད་དམ། ང་ཚོའི་ལོ་རྒྱུས་སུ་དཔའ་བོ་ཁྲི་སྟོང་མང་པོ་བྱུང་ཡོད་ན་ཡང་ངས་བསམ་ཚོད་ལ་མང་ཆེ་ཤོས་དཔའ་བོ་གླེན་པ་ཤ་སྟག་རེད། ངས་གླིང་གེ་སར་རྒྱལ་པོའི་སྒྲུང་དང་ཆུ་ངོགས་གཏམ་རྒྱུད་སོགས་རྒྱ་བོད་ཀྱི་དཔའ་བོའི་གཏམ་རྒྱུད་མང་པོ་བཀླགས་མྱོང༌། ཆེས་ཕུལ་བྱུང་གི་དཔའ་བོ་རྣམས་ནི་ཞི་དྲག་ཉིས་ལྡན་གྱི་དཔའ་རྟུལ་ཡིན་པ་ཙམ་དུ་མ་ཟད། ཕུགས་རྒྱང་རིང་ལ་བྱམས་བརྩེ་ལྡན་པ་ཞིག་ཀྱང་རེད། ལྷག་པར་མ་འགག་མོའི་ལྷ་སྲས་ཇོ་རུ་དེས་ཀྱང་གཡོ་ཐབས་སྣ་ཚོགས་དང་རྫུ་འཕྲུལ་ཅི་རིགས་ལ་བརྟེན་ནས་རྒྱལ་ཁའི་རྟིང་མ་བླངས་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོར་དོན་དངོས་སུ་དེ་འདྲའི་དཔའ་རྟུལ་ཧ་ཅང་ཉུང་་་

ཚང་མ་འཇམ་མོག་གེར་འབྲོང་རྒོད་ཀྱི་ཁ་ནང་ལ་ཅེར་ནས་འདུག ཁོས་མུ་མཐུད་དེ།

ང་ཚོའི་བོད་འདི་རྒྱ་ནག་གུང་ཁྲན་ལག་ལ་ཤོར་བ་འདི་ཡང༌། ང་ཚོར་དཔའ་བོ་མེད་སོང་བ་དང༌། ང་ཚོས་ཚེ་སྲོག་གི་ལེགས་སྐྱེས་འབུལ་མ་ཐུབ་པས་མ་རེད། འདི་ནི་དུས་དང་མཐུན་པའི་དམག་འཐབ་མ་ཤེས་པ་དང༌། དགྲ་སྡེའི་གནས་ཚུལ་རྒྱུས་མ་ལོན་པ། ཆབ་སྲིད་ཀྱི་གོ་རྟོགས་དམན་པ་སོགས་ཀྱིས་ནང་རྒྱུ་བྱས། གུང་ཁྲན་ཏང་གི་ཞི་དྲག་ཐབས་མཁས་ཀྱི་བཙན་འཛུལ་གྱིས་ཕྱི་རྐྱེན་བྱས་ནས་ཤོར་སོང་བ་ཞིག་དང་ང་ཚོ་ཕམ་སོང་བ་ཞིག་རེད། དེང་སང་ཡང་རྩ་དོན་དེ་བཞིན་དམག་འཁྲུག་རྒྱག་བཞིན་ཡོད་པ་རེད། འདི་འདྲའི་དམག་འཁྲུག་ཅིག་གི་གདོང་ལེན་ལ་ང་ཚོས་ཁུ་ཚུར་དང་གྲི་གཅིག་པུ་ཕྱར་ནས་རྒྱུགས་ན། དེ་སྒོ་ང་བྲག་ལ་བརྒྱབ་པ་རེད། མ་རེད་དམ། སྤྱིར་ན་ང་ཚོའི་འཐབ་རྩོད་འདིའི་ངོ་བོ་ཡང་འཚེ་མེད་དང་བདེན་པའི་རང་བཞིན་དུ་གྲུབ་པ་ཞིག་དགོས་པ་ྋརྒྱལ་བ་རིན་པོའི་དགོངས་པ་ཡང་རེད། ཁོང་ནི་ང་ཚོའི་དམག་སྤྱི་ངོ་མ་དེ་རེད། ང་ཚོས་དེ་འདྲ་ཞིག་དཀའ་ན་ཡང་གང་ལྟར་རང་ལ་ཚོད་འཛིན་ཐུབ་པའི་སྒོ་ནས་འགྲོ་ཤེས་འདུག་ཤེས་དང་བློ་སྤོབས་ཆེན་པོས་བྱ་བ་འདིའི་མཇུག་སྐྱོང་རྒྱུ་གལ་ཆེན་པོ་རེད། ང་རི་དྭགས་བཞིན་རི་ལ་བྲོས་པ་དང༌། རྒྱ་གར་ལ་འགྲོ་འདོད་པ་འདི་ཡང་དགྲ་ཐབས་ཤིག་ཡིན་བསམས་པ་ལས་ཝ་བྲོས་རྒྱག་པ་ཞིག་མིན” ཞེས་ཁ་ཚུར་འཁོར་ནས་ནག་ཐུར་ལ་གཅིག་ལྟ་བཞིན།

      “འོ་ངས། གཡག་རྒོད་ནག་ཐུར་གྱིས་ང་ལ་ཟུར་ཟའི་རྭ་རྩེ་སྟོན་གྱིན་འདུག་ཟེར་བ་མིན། སྤྱིར་བཏང་ང་རང་གི་བསམ་ཚུལ་བཤད་ཀྱིན་ཡོད། དཔའ་ཨ་ཕོ་རང་ལ་ཡོད་ན་ཐབས་ཟེར་བ་དེ་སློབ་རྒྱུ་ཞིག་དང་བཙལ་རྒྱུ་ཞིག་དང་རྙེད་རྒྱུ་ཡོད་པ་ཞིག་རེད། ངས་གྲོགས་པོ་སུ་ཡིན་ཡང་གཅེས་སྲོག་དམར་པོ་དོན་མེད་དུ་བརླག་འཇུག་འདོད་མེད། འོན་ཀྱང་ང་ཚོས་གཡག་རྒོད་སུ་ཞིག་གིས་རྒྱ་དམག་སུ་ཞིག་ལ་བརྡུངས་ནས་བསད་ན་འདྲ། གསོད་མ་ཐུབ་པར་རང་ཉིད་ཤི་ན་ཡང་ངས་དེ་ལ་གུས་འདུད་ལོས་ཞུ”  རེ་ཞིག་ལ་ཚང་མ་ཁུ་སུམ་མེར་གྱུར།

 

གཡག་དཀར་གྱིས། ཁྱེད་རང་གཉིས་ཀས་ཚོར་བ་ཤུགས་དྲག་པོས་བཀའ་མོལ་ཡག་པོ་གནང་སོང། དགའ་སྤོབས་སྐྱེ་འོས་པ་ཞིག་རེད། ཞི་དྲག་གཉི་ག་ཟེར་བ་དེ་ངོ་མ་དགོས་ངེས་ཤིག་རེད། ང་ཚོའི་ལས་ཀ་འདི་ཚང་མ་ཡང་ཞི་བའི་སྒོ་ནས་སྤེལ་བཞིན་པ་རེད། འོན་ཀྱང་ང་ཚོ་ཚུར་ལ་དྲག་འདུལ་བྱེད་ཀྱིན་པ་རེད། དེ་ལའང་དེའི་ལན་ཞིག་འཇལ་དགོས། ཞི་དྲག་གཉི་ག་ཟེར་བ་དེ་མི་གཅིག་གིས་བྱེད་ཐུབ་ན་རབ་རེད། འོན་ཀྱང་ང་ཚོ་ཚོགས་པ་ཞིག་ཡིན་པའི་ཆ་ནས་མི་འགའ་རེས་དྲག་པོའི་ལས་འགུལ་དང་མི་ལ་ལས་ཞི་བའི་ངོ་རྒོལ་གཉིས་ཟུང་འབྲེལ་བྱས་ནའང་མ་འཚམས་པ་མི་འདུག དེ་བས་གཡག་རྒོད་ནག་ཐུར་གྱིས་གསུངས་པ་ལྟར་དྲག་ཤུགས་ཚོགས་པ་ཞིག་ཀྱང་ཟུར་འཛུགས་ཐུབ་ན་ཡག་པོ་རེད། འོན་ཀྱང་ངས་ཨུ་ཚུགས་བཟོད་བསྲན་གྱིས་རང་གི་ལས་ཀ་འདི་མུ་མཐུད་རྒྱུན་འཁྱོངས་ཀྱིས་རྗེས་ཕྱོགས་ནུས་པ་ཆེ་ཙམ་ཐོན་པའི་རེ་བ་ཡོད། རྣམ་པ་ཚོས་ང་ལ་རེ་བསྐུལ་དང་ཁ་ཏ་བྱས་པ་ངའི་སེམས་ལ་འཛིན་ཆོག

འབྲོང་ཚས། “རེད། ཡིན་ན་ཡང༌། ང་ཚོས་དྲག་པོའི་ལས་ཀ་ག་རེ་སྤེལ་དགོས་པ་རེད། ཤུགས་ཆེན་པོ་ནུས་པ་ཐོན་པ་ཞིག་ཁག་པོ་རེད། མི་གཅིག་གཉིས་རེ་གསོད་ཐུབ་པ་བྱུང་ན་ཡང་དེས་དེ་ཙམ་ཕན་ཐོགས་ཨེ་ཡོང༌། མ་གཞི་ང་ཁྱིམ་པ་ཞིག་རེད་མོད། འོན་ཀྱང་ངས་བྱ་དེ་ཞིག་ཀྱང་གསོད་མ་མྱོང༌། དེ་བས་ང་རང་ལ་མཚོན་ན་ཡང་མི་ཞིག་གསོད་དགོས་ཟེར་ན་གསོད་ཐུབ་ས་མ་རེད། འོན་ཏེ། ང་ཚོས་མི་རིགས་ཤིག་གི་ཆེད་དུ་ལས་ཀ་རྩོམ་གྱིན་ཡོད་དུས། ངས་སུ་ཡང་གསོད་ཆོག་གི་མ་རེད། གནོད་འཚེ་གཏོང་རྒྱུ་ཡོད་པ་མ་རེད་ཅེས་བཤད་མི་ཐུབ། འདི་ལ་དགེ་སྐྱོན་གང་ཞིག་ཆེ་བ་ཡང་ཤེས་ཀྱིན་མི་འདུགཅེས་གསེར་གཡག་གི་ཞལ་ལ་གཅིག་བལྟས།

གཡག་རྒོད་ནག་ཐུར་གྱིས། “ངའི་ལས་ཀ་གཙོ་བོ་ཕྱི་འབྲེལ་རེད། ང་རྒྱ་གར་ལ་ཐེངས་གཉིས་ཕྱིན་པ་ཡིན། གཉིས་ཀ་ལ་འཛིང་རེས་རྡུང་རེས་བརྒྱབ་ནས་སོང་བ་ཡིན། རྒྱ་མི་ཞིག་ལ་འཛིངས་པ་ཡིན། ནེ་པ་ལ་ཞིག་ལའང་བརྡུངས་པ་ཡིན། བོད་མིའི་ནང་ཁུལ་ལ་ཡང་ཁ་འཛིང་ལག་འཛིང་ཤོར་སོང

ཧི་ཧི་་་་

ཧ་ཧ་་་་རོགས་པ་འགས་གད་མོ་རེ་ཤོར།

ཁོས་མུ་མཐུད་དེ། “ངོ་མ་ཡིན། ཡིན་ན་ཡང་ངའི་སྒྲུང་དེ་ཚོ་བཤད་དགོས་ལེ་མི་འདུག རླུང་ཚ་བ་དེ་མི་ང་རང་གི་གཤིས་ཀ་རེད། སྒྱུར་ཐུབ་ལེ་མི་འདུག དེ་གཅིག་ཡིན། གཉིས་པ་དེ་ལ་བྱེད་གཏེ་འགོ་བ་གཅིག་རེ་སོད་ན་ཡང་ཕན་ཐོགས་ཆེ། གཙོ་འཛིན་ཞིག་ལོ་རྒས་ནས་ཤི་སོང་ནའང་གྱོང་རག་སོང་ལབ་ཀི་ཡོད་རེད། དེ་འདྲ་གཅིག་སྔ་ས་ནས་བསད་སོང་ན་ཕར་ལ་གྱོང་མེད་ནའང་ང་ཚོར་ཕན་ཐོགས་ཡོད་ལེ་རེད། ཁོ་ཚོ་ང་ཚོར་རྩ་བ་ཉིད་ནས་སྐྲག་གི་ཡོད་པ་མ་རེད། ང་ཚོ་ཕར་ལ་ག་དུས་ཡིན་ན་ཞེད་སྣང་བྱས་ནས་འགྲོ་དགོས་པ་རེད། དེ་ག་རེ་ཡིན་ནམ། ང་ཚོ་ཚུར་རྡུང་གི་ཡོད་པ་རེད། བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། གསོད་ཀི་ཡོད་པ་རེད། ཁོ་ཚོ་ལ་འཛིང་མཁན་རྡུང་མཁན་གསོད་མཁན་མེད་པ་རེད། རྒྱ་རྒན་དེ་ཚོར་དཔའ་ཆེ་སོང་བ་མ་རེད། དབང་ཆེ་སོང་བ་རེད། སྤྱང་ཀི་ལུག་ལ་སྐྲག་གི་མ་རེད། ལུག་སྤྱང་ཀི་ལ་སྐྲག་གི་རེད། འོ་དེ་འདྲ་དང་གཅིག་པ་རེད། དེའི་མགོ་གནོན་ལ་འདི་དང་འདི་མ་གཏོགས་ཡོད་ལེ་མ་རེད་ཀོཞེས་ཁོའི་ཁུ་ཚུར་དང་གྲི་རིང་གཉིས་སྟོན་ཙམ་གྱིས་དཔའ་བཤད་བྱས།

འབྲོང་རྒོད་ཀྱིས་མགོ་ནང་ལ་ལྡེམ་ཙམ་ངང༌། “དེ་ཚོ་བདེན་པ་རེད། ངས་བཤད་པ་དེ་ཚོ་སྤྱིར་ང་ཚོའི་དཔའ་རྒོད་ཚང་མས་ཡུལ་དུས་གནས་བབ་ལ་དཔག་ནས་ཞི་དྲག་གི་འཐབ་འཛིང་བྱེད་མཁས་པོ་ཞིག་དགོས་ཀྱི་འདུག་ཟེར་བ་ལས། ང་ཚོས་ཞི་བ་མ་གཏོགས་དྲག་སྤྱོད་སྤེལ་མི་རུང་ཟེར་གྱི་མེད། ཐབས་ཤེས་ཡོད་ན་ཞི་རྒོལ་གཙོ་ཆེ་བ་དང༌། ཐབས་ཤེས་མེད་པ་དང་ཉེན་ཁར་ཐུག་ན་དཔའ་མེད་ཀྱང་མིག་བཙུམ་དགོས་པ་རེད། འུ་ཐུག་ན་ར་མས་སྤྱང་ཀིར་དཔའ་བཤད་བྱས་པ་ལྟར་རེད། དེ་ཁྱོད་ལ་ཁག་མི་འདུག ཁ་འཛིང་ལག་འཛིང་གང་ཤོར་སྲིད་པ་ཞིག་རེད། འོན་ཀྱང།སྤོ་ཐུང་ཐུང་གིས་མི་རྫོད’ཅེས་པའི་ཁ་དཔེ་དེ་ཡང་ཁྱེད་རང་གིས་ཁ་ཏོན་བྱེད་འོས་པ་ཞིག་རེད། ང་ཚོས་དྲག་པོའི་བྱ་འགུལ་སྤེལ་དགོས་མིན་དང་དུས་ལ་བབ་མིན་དེ་ལྟ་དགོས་པ་ཞིག་རེདཅེས་གཡག་རྒོད་ནག་ཐུར་གྱི་གདོང་ལ་གཅིག་བལྟས་པས་ཁོས་ཅུང་ཁྲོ་ཉམས་དང་བཅས་འབྲོང་རྒོད་ལ་ལྟ་བཞིན།

ཁོ་རེ། ཁྱོད་ཅི་ཟེར་ལེ་ཡིན། ང་ལ་ཁ་ཏ་བྱེད་ཀྱི་ཡོད་ལེ་འདྲ་བོ་ངོ་མཚང་འདྲུ་བ་འདྲ་བོ། ད་ངེད་གཉིས་དཔའ་གཏམ་བཤད་དགོས་ལེ་ཅང་མི་གདའ། དགྲ་ཆེན་པོ་ངེད་གཉིས་མདུན་ལ་ཡོད་ལེ་རེད། ག་ལེར་ལྟ་ཆོག་གི་རེད། ཨེ་གོ

འབྲོང་རྒོད་འཛུམ་ཆུང་ཞིག་དང་ལྷན་དུ། “ཁྱེད་རང་གོ་བ་མ་ལོག ངའི་རང་གི་བསམ་ཚུལ་ཞིག་བཤད་པ་ཡིན། གླུ་གོ་ན་རྣ་བའི་བུ་རམ་དང༌། མ་གོ་གླུ་ལ་འགྲེལ་བ་ཡོད། ཐུགས་རྒྱལ་མ་བཞེངས

སྐབས་འདིར་གཡག་རྒོད་གྲོགས་པོ་ཚོའི་སེམས་ལའང་ཅུང་མ་བདེ་བ་ཞིག་བྱུང་བས་གཅིག་གཅིག་གི་གདོང་ལ་ལྟ་ཙམ་རེ་ལས་ཅི་ཡང་མི་སྨྲ་བར་རེ་ཞིག་ཟླ་འོད་འོག་ཏུ་ཚང་མ་དལ་ཅག་གེར་གྱུར།

ལྷག་པར་གསེར་གཡག་ཚང་གིས་སྤྱན་བཙུམ་ནས་བསམ་གཞིགས་གཏིང་རིང་ཞིག་གནང་སྟེ། གློ་བུར་སྤྱན་ཕྱེ་ནས་ངག་འཇམ་ལ་གདངས་རིང་མོའི་སྒོ་ནས།

ཡ་ད་རྣམ་པ་ཚོས་བོད་སྤྱི་བའི་དོན་དུ་ཁ་ཁོག་པ་མེད་པར་དོན་ཆེན་ཞིག་སྒྲུབ་ཀྱིན་ཡོད་པ་རེད། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་ལྟར། སོ་སོའི་བསམ་ཚུལ་ཡིན་ན་འདྲ། ཉམས་མྱོང་ཡིན་ན་འདྲ། ཁ་ཏ་བསླབ་བྱ་ཡིན་ན་འདྲ། སྐད་ཆ་ཚིག་རེ་རེ་ཡང་རིན་ཐང་ཅན་རེད། ད་དོན་ཆེན་སྒྲུབ་ན་ཁོག་རྒྱ་ཡངས་དགོས། རྒོད་པོ་འཁྲིད་ན་མཐུར་ཐག་རིང་དགོས་ཟེར་བ་བཞིན། ཚང་མས་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ནས་དམ་ཚིག་ལ་རྒྱ་ཡོད་པའི་ཐོག་ནས་ད་བར་དུ་ཡོང་བ་རེད། ད་རུང་ཡིན་ན་ཡང༌། ལམ་རིང་པོ་ལ་ནམ་རིང་པོ་འཕུད་དགོས་པ་རེད། དོན་ཆེན་འབྲས་བུ་རྗེས་ནས་སྨིན་དགོས་པ་ཞིག་རེད། དེ་ཡིན་དུས་མཛུབ་མོ་ལྔ་བཅིངས་ཁུ་ཚུར་མ་ཞིག་པ་བྱས་ནས་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་ཐུབ་པ་ཞིག་དགོས་པ་རེདཅེས་ཁོང་གིས་ཚང་མའི་གདོང་ལ་རེ་རེ་གཟིགས་བཞིན།

ཞི་དྲག་གཉི་ག་དགོས་པའི་བསམ་ཚུལ་དེ་ཡང་བདེན་པ་རེད། འོན་ཀྱང་དེའི་གཞི་རྩ་དེ་མཐུན་སྒྲིལ་རེད། བོད་རང་བཙན་ཤོར་བ་དེ་ཡང་གཞི་རྩ་བོད་ཆོལ་ཁ་གསུམ་པོ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཞིག་མ་འོང་པས་ལན་པ་རེད། དེ་ངས་ཁ་སྣོན་གྱི་བསམ་ཚུལ་ཙམ་ཡིན། དེ་ནས་ང་བླ་རྒན་ཞིག་ཡིན་ན་ཡང༌། ཆུང་དུས་ནས་ཕ་ཡུལ་འགུ་ལོག་གསེར་རྟ་ལ་རྒྱ་མ་ཇག་གིས་དམག་བརྒྱབ་ནས་ཕ་མ་ཁྱིམ་ཚང་གང་བོ་དམར་གསོད་བཏང་བ་རེད། ང་དགོན་པ་ན་ཡོད་པས་སྟབས་ལེགས་ནས་ཨ་ཁུ་དག་ཞིང་བོས་ཁྲིད་དེ། སྟོད་དབུས་གཙང་དང་མངའ་རིས་ནས་སྨད་ཨ་མདོ་ཚང་མར་གནས་སྐོར་བྱས་ནས་འཁྱམས་བསྡད་པ་ཞིག་ཡིན། ལྔ་བཅུ་ཐམ་པ་ལོར་རྒྱ་གུང་ཁྲན་གྱི་དམག་གིས་རུ་སྡེ་བ་ཚང་མ་དམར་གསོད་བཏང་དུས་ཀྱང་བྱིའུ་ཁྲ་ཡིས་དེད་པ་ལྟར་ཡང་བསྐྱར་ལྷ་སར་བྲོས་པ་ཡིན། རིག་གནས་གསར་བརྗེའི་སྐབས་སུའང་དམྱལ་བའི་ཁམས་ཤིག་འགྲིམས་པ་ཡིན། ཤ་འཁོན་དང་སྙིང་ནད་རྩོད་དགོས་ན་བརྩད་ནས་ཚར་རྒྱུ་མེད་པ་ཞིག་དང་སྙིང་ནད་སངས་ཐབས་མེད་པ་ཞིག་རེད་མོད། ཡིན་ན་ཡང་ད་དེ་གནམ་འོག་འཁྲུག་པ་རེད། དགྲ་ཤ་རྩོད་ས་ཞིག་གང་ན་ཡོད། སུ་དང་གང་ལ་སྡང” ཅེས་དབུགས་རིང་ཞིག་བཏང་ནས་དབུ་འཕང་ཅུང་སྟོད་ནས་མུ་མཐུད་དུ།

གུ་རུ་རིན་པོ་ཆེས་ལུང་བསྟན་ལྟར། མཐའ་མ་རྒྱ་ཡིས་འོག་ཏུ་འཇུག་གསུངས་པ་བཞིན་བོད་ཁ་བ་ཅན་དང་སངས་རྒྱས་བསྟན་པ་འདི་ད་ཚར་བ་རེད་བསམས་ནས་འ་ཆད་འུ་ཐུག་ནས་ཡོད་པའི་སྐབས་སུ། བསམ་ཡུལ་ལས་འདས་པ་ཞིག་ལ་་་ཐལ་མོ་དཔྲལ་བར་སྦྱར་ནས།

“བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་འཛིན། དེ་དུས་བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར་གསུངས་པ་ལྟར་གྱི་དུས་དེ་ཡིན་མིན་གང་ལྟར་ཡང་། འཕགས་པ་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་བ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་ཐབས་མཁས་ཀྱི་སྨོན་ལམ་དུས་སུ་སྨིན་ནས་བསྐལ་བཟང་གི་ཉི་མ་ཞིག་ནུབ་ནས་འཆར་འོང་གི་འདུག་ག ང་༡༩༨༨ ལོར་རྒྱ་གར་དུ་སོང་ནས་ྋརྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ནས། ད་ཁོང་གི་དགོངས་བཞེད་ཇི་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྲི་ཞུ་ཅུང་ཟད་ཅིག་སྒྲུབ་ཐུབ་ན་སྙམ་པའི་ཀུན་སློང་གིས་སྙིང་སྟོབས་བསྐྱེད་དེ། ཚུར་ལོག་ནས་ཚོགས་པ་འདི་འདྲ་ཞིག་འཛུགས་རྒྱུའི་གྲོས་མགོ་བཏོན་པ་ཡིན། སྒེར་གྱི་ཤ་འཁོན་དང་རྒྱ་གུང་ཁྲན་ལ་སྡང་སེམས་ཡོད་ནས་བྱས་པ་རྩ་བ་ནས་མིན། དེ་བས་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་ཡང༌། ༡༩༨༩ ལོའི་༡༢།༡༠།ྋརྒྱལ་བ་རིན་པོ་ཆེས་འཛམ་གླིང་ནོའོ་པེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་ཚེས་ཁྱད་པར་ཅན་གྱི་དགུང་མོ་དེ་ག་རང་ལ་ང་ཚོ་རོགས་པ་འགའ་འཛོམས་ནས་ཚོགས་པ་དབུ་བརྙེས་པ་ཡིན། ཚོགས་པའི་དམིགས་ཡུལ་དང་ཐབས་ལམ་ཡིན་ན་ཡང་དྲང་བདེན་དང་ཞི་བའི་འཐབ་རྩོད་ཁོ་ན་བྱེད་རྒྱུ་ཐག་བཅད་པ་རེད། དེ་འདྲ་ཡིན་དུས། ང་ཚོས་ཚོགས་པའི་ངོ་བོ་ལ་འགྱུར་བ་གཏོང་ཐུབ་པ་མ་རེད་ལ། བཏང་ནའང་མི་འགྲིགས་པ་རེད། གང་ཟག་སོ་སོའི་ངོས་ནས་ཅི་བྱེད་རང་དབང་རེད། འོན་ཀྱང་ཚོགས་པའི་མིང་ཐོག་ནས་དྲག་སྤྱོད་སྤེལ་མི་འོས། དེ་བས་ང་ཚོ་འཇམ་པོའི་དངོས་པོ་ཞིག་རེད། འཇམ་པོས་འཇམ་པོ་འཇོམས་འགྱུར་ཞིང༌། འཇམ་པོས་རྩུབ་པོའང་འཇོམས་བྱེད་པ། དེས་ན་འཇམ་ཉིད་རྣོ་བ་ཡིན། གསུངས་པ་ལྟར་དགེ་མཚན་ཆེ་བ་ཡོད་པ་ཞིག་རེད” ཅེས་ཕྱག་གཉིས་འཕུར་འཕུར་ཞིག་གཏོང་བཞིན།

ད་གནམ་གཤིས་ཀྱང་གྲང་མོ་འདུག་ཚང་མ་འཁྱག་གི་ཡང་ཡོད་རྒྱུ་རེད། དམིགས་བསལ་བསམ་ཚུལ་ཅང་ཡོད་དམ། འགྲོ་ང་ཚོ་ཡར་མར་ལ་འཆམ་འཆམ་ཞིག་བྱེད་དང” ཞེས་ཡར་བཞེངས་པ་དང། འབྲོང་རྒོད་དང་འབྲོང་ཚ། གཡག་དཀར་དང་ནག་ཐུར་བཞི་ཡང་མགོ་ནང་ལ་ལྡེམ་ཙམ་ངང་ཅི་ཡང་མི་སྨྲ་བར་འཇམ་ཐིང་ངེར་ཡར་ལངས། ཁོང་ཚོས་གོམ་འགྲོས་དལ་མོའི་ངང་ནས་ཞི་བའི་གླེང་མོལ་བྱེད་ཀྱིན་པའི་ཞལ་རས་ལ་ཉ་གང་ཟླ་བའི་འཛུམ་ཟེར་གྱིས་འཁྱུད་ནའང་གདོང་གི་བ་སྤུ་གཟེངས་བར་བྱེད།

 

འདི་ནི་གྲང་བསིལ་བསིལ་དང་དཀར་ལམ་མེའི་ཟླ་འོད་ཀྱི་མཚན་མོ་ཞིག་སྟེ། ལོ་ཟླའི་གྲང་ངར་གདོང་གིས་བསུས་པའི་གཡག་རྒོད་ཁྱུ་གཅིག་གི་གསང་བའི་གོམ་སྟབས་ལྷན་ཅིག་བསྒྱུར་བའི་མཚན་མོ་ཞིག་གོ།

 

 ཅ༽

 

ལོ་གཅིག་འདས་རྗེས། གནས་ཚུལ་ཛ་དྲག་ཅིག་བྱུང་བ་ནིསྟག་རྒོད་ཚོགས་པཟེར་བ་ཞིག་གིས་མེ་རྒྱག་མི་གསོད་ཀྱི་དོན་རྐྱེན་ཆུང་ཚགས་མང་པོ་ཞིག་བྱེ་ལོང་ས་འབུར་བཞིན་ག་སར་འབྱུང་བཞིན་པ་དེ་རེད།

གནད་དོན་འདིའི་ཐད་ལ་ས་གནས་སྤྱི་བདེ་ལས་ཁུངས་ཁག་ནས་ཞིང་ཆེན་རིམ་པའི་སྤྱི་བདེ་ལས་ཁུངས་ཆེ་ཁག་བར་ལ་ངོས་འཛིན་འདྲ་མིན་དང་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་ཚ་ཚ་འུར་འུར་བྱེད་ཀྱིན་ཡོད། བོད་ལྗོངས་དང༌། མཚོ་སྔོན། ཟི་ཁྲོན། ཀན་སུའུ་ཞིང་ཆེན་སོགས་ཞིང་ཆེན་དང་ཀྲིག རྫོང་ཁག་འགའ་བཅས་ནས་ཉེན་རྟོག་པའི་གསང་བའི་ཚོགས་འདུ་ཞིག་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྐོང་འཚོགས་བྱས། ཚོགས་ཞུགས་སུ་ཀྲང་ཉེན་རྟོག་དཔོན་གཙོ་གྲས་སུ་ཡོད་པ་མ་ཟད། ད་དུང་ཞོ་ཧྭ་དང་སྟག་ལྷ་ཡང་ཡོད། སྟག་ལྷ་ད་ལྟ་རྫ་དམར་རྫོང་གི་ཉེན་རྟོག་དཔོན་གྱི་གོ་སར་བསྐོས་མ་ཐག་པ་ཡིན། དེ་ཡང་ཁོང་གིས་སྐམས་ལུག་རྐུ་འཚོང་གི་ཉེས་དོན་མང་པོ་རྩད་གཅོད་དང་འབྲེལ་གྱོད་གཞི་གཞན་དག་ལའང་རྩད་ཞིབ་བྱས་པའི་གྲུབ་འབྲས་གཟེངས་སུ་ཐོན་པས་ཡིན།

ཚོགས་ཐོག་ཏུ་ཞོ་ཧྭས་གཡག་རྒོད་ཚོགས་པའི་དོན་རྐྱེན་སྐོར་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་ཁ་ཤས་གླེང་བའི་ནང་དུ། ཉེ་ཆར་ཁྲིམས་ལ་སྦྱར་བའི་ཆབ་སྲིད་བཙོན་པའི་མིང་གཞུང་ནང། གཡག་གུ་སེར་ཐོ་དང་རྒྱ་ཐོ། ཐུལ་མ་སེར་ཐོ་དང་རྒྱ་རིལ་མ་བཅས་དང༌། དེ་མིན་གསར་བ་ཁ་ཤས་བཅས་གཡག་རྒོད་བཅུ་གཅིག་གི་མིང་བཏོན་སོང༌།

འདྲི་རྩད་དྲག་པོ་བྱས་པའི་བརྒྱུད་རིམ་ནང་དུ་གཡག་གུ་བཞིས་ཉེས་དོན་ཁས་བླངས་ཚུལ་དང༌། འབྲོང་རྒོད་དང་འབྲོང་ཚ་གཉིས་རྒྱ་གར་དུ་བྲོས་ཤོར་ཚུལ། གསེར་གཡག་དང་གཡག་གུ་ནག་ཐུར། རྒྱ་ཐུར་ཟེར་བ་གསུམ་གར་སོང་གང་སྡོད་རྩད་གཅོད་དཀའ་ཚུལ་བཅས་དང་ཚོགས་པ་དེས་ད་བར་རྒྱ་གར་ལ་ཕར་སྐྱོད་ཚུར་འོང་གིས་ཡིག་ཆ་འགྲེམས་སྤེལ་དང༌། སྐད་འབོད་ཁྲོམ་སྐོར་བྱས་ཚུལ་སོགས་རགས་ཙམ་གླེང།

གཞན་ཡང་གངས་ཅན་སྟག་རྒོད་ཚོགས་པཟེར་བ་ཞིག་གིས་ཀྱང་བོད་རང་བཙན་བརྩོན་ལེན་གྱི་དྲག་པོའི་ངོ་རྒོལ་བོད་ཁུལ་ལ་ལུང་ལ་རྩོམ་བཞིན་པའི་གནས་ཚུལ་ཞིབ་པར་གླེང༌། ཁོ་མོས་རྩད་གཅོད་ཡིག་ཆ་ལྟར་ན། ས་གནས་གསུམ་གྱི་ཏང་ཡོན་རྒྱ་དཔོན་གཙོ་བོ་གསུམ་རྐྱེན་ལམ་དུ་བཏང་བ་དང༌། ས་གནས་སྲིད་གཞུང་དང༌། རྒྱ་གཞུང་གིས་ཆེད་གཉེར་ཚོང་ཁང་བཅུ་ལ་མེ་བཏང་བ། ཉིན་ཤས་སྔོན་ལ་ལན་ཀྲིག་གྲོང་ཁྱེར་གྱི་ཀུན་ཕན་བཟོ་གྲྭ་ཟེར་བ་ཞིག་ནང་འགས་གཏོར་ཚབས་ཆེན་བཏང་བ་མ་ཟད། སྦྱིན་བདག་དེ་གར་སོང་གང་ཡོད་ཤི་གསོན་ཅི་བྱུང་མི་ཤེས་ཚུལ།

དེ་མིན་ཀྲང་ཉེན་དཔོན་དང་རག་རྡི་སོགས་རྒྱ་བོད་ཀྱི་འགོ་གཙོ་གང་མང་ཞིག་ལ་འཇིགས་སྐུལ་ཡི་གེ་དང༌། ཁ་པར་བཏང་ཚུལ། མང་ཚོགས་ཁྲོད་དུའང་རྒྱ་གཞུང་གིས་བོད་ལ་དྲག་པོས་བཙན་འཛུལ་བྱས་ཚུལ་དང༌། བླ་མ་དཔོན་ཆེན་གཙོས་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་ཚུལ། དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཚུལ། བོད་ཀྱི་ཤིང་ནགས་མང་པོ་གཅོད་འབྲེག་དང་གཏེར་ཁ་མང་པོ་གང་འདོད་སྔོག་འདོན་གྱིས་བོད་ཡུལ་སྟོང་བ་དང་བོད་མི་རིགས་ཤུལ་མེད་གཏོང་འཆར་བྱེད་ཀྱིན་ཡོད་ཚུལ་གྱི་སྦྱར་ཡིག་དང་འགྲེམས་ཡིག་ཆེ་ཆུང་གྲངས་ཆིག་སྟོང་ལྷག་ས་ཁུལ་མི་འདྲ་བ་ཁག་ལྔ་བཅུར་བཀྲམ་ཡོད་ཚུལ། ཚོགས་པ་དེའི་འགོ་བའི་གསང་མིང་ལ་སྟག་ནག་ཟེར་ཞིང༌། ཚོགས་མི་སྟག་རྒོད་བརྒྱད་ཅུ་ཡོད་ཚུལ། ཉེ་ཆར་ཚོགས་མི་ལྔ་བཙོན་དུ་བཅུག་ཐུབ་ན་ཡང་གསང་གཏམ་ཚིག་གཅིག་ཀྱང་མི་ལོན་ཚུལ་བཅས་ཞིབ་པར་གླེང་རྗེས། ཁོ་མོས་ས་གནས་སྤྱི་བདེ་མི་སྣས་དེ་དག་རྩད་གཅོད་མགོ་གནོན་དཀའ་ཚུལ་དང༌། རང་ཉིད་ཀྱིས་དོན་ཆེན་འདིའི་ཐད་ལ་ནུས་པ་ཐོན་དཀའ་བ་དང་འཇིགས་སྣང་སྐྱེ་ཚུལ། ལྷག་པར་བོད་ཀྱི་གནས་བབ་འདི་ཛ་ཇེ་དྲག་དང་ཉོག་དྲ་ཇེ་ཆེ་ལས་ལྷིང་འཇགས་ཞི་བདེར་ཡོང་རྒྱུ་ཁག་པོ་ཡིན་ཚུལ་སོགས་ཀྱི་བསམ་འཆར་ཡང་བཏོན།

སྟག་ལྷས་དེ་ལས་ལྡོག་སྟེ། གཡག་རྒོད་ཚོགས་པ་ཁ་འཐོར་ཉམས་གནས་སུ་འགྲོ་བཞིན་པ་དང༌། སྟག་རྒོད་ཚོགས་པ་ཟེར་བ་ཡང་དོན་དངོས་སུ་བླུན་པོ་ཁ་ཅིག་གི་དཔའ་གཏམ་ཡིན་ཚུལ། དེ་བས་ཞི་བས་ངོ་རྒོལ་པ་ཚོར་ཞི་བས་བློ་འགུགས་དང༌། དྲག་པོས་ངོ་ལོག་མཁན་ཚོར་དྲག་པོས་རྒོལ་ལན་སློག་དགོས་ཚུལ། ས་གནས་ཁུལ་ལ་བོད་རང་གི་བདེ་སྲུང་མི་སྣ་མང་ཙམ་ཡོད་ན་ཕན་ཐོགས་ཆེ་ཚུལ་བཅས་ཀྱི་བསམ་འཆར་བཏོན།

སྤྱི་བདེ་ཉེན་རྟོག་པ་བཟའ་ཟླ་འདི་གཉིས་ཀྱི་ལྟ་ཚུལ་མི་མཐུན་པའི་ཐོག་ལ་ཉེན་རྟོག་པ་ཚོས་བསམ་བློ་ཞིབ་ཏུ་བཏང་ནས་འགའ་རེས་ཞོ་ཧྭའི་བསམ་ཚུལ་ལ་ངོས་ལེན་དང༌། འགའ་རེས་སྟག་ལྷའི་བསམ་འཆར་ལ་རྒྱབ་སྐྱོར་བཅས་རང་རང་གི་བསམ་ཚུལ་ཁ་སྣོན་བྱས་པ་ནི། ལ་ལས་བོད་དོན་འདི་ཐོག་མ་ནས་རྙོག་ཆུ་ཞིག་ཡིན་པས་དྭངས་རྒྱུ་མེད་ཚུལ་དང༌། ལ་ལས་དེ་ནི་ཆར་ཞོད་ཐེངས་གཅིག་རིང་གི་ཆུ་རྙོག་ལས་ཉེན་ཁ་ཆེན་པོ་མིན་ཚུལ། འགའ་རེས་བོད་དོན་འདིའི་རྒྱབ་རྩ་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་ཐུག་པས་ལས་སླ་བོ་རང་མེད་ཚུལ། ལ་ལས་ས་གནས་འགའ་རེར་བཅིངས་འགྲོལ་དམག་གཏོང་དགོས་ཚུལ། གཞན་ཡང༌། ས་གནས་ལས་བྱེད་པས་འགྲིག་གི་མེད་ཚུལ་དང༌། ཏང་གི་སློབ་གསོའི་བྱ་བར་ཤུགས་སྣོན་བརྒྱབ་ནས་རྨོངས་དད་གཙང་སེལ་བྱེད་དགོས་ཚུལ་སོགས་བསམ་འཆར་སྣ་ཚོགས་བཏོན།

ཀྲང་ཉེན་རྟོག་དཔོན་གྱིས་དཔྲལ་བའི་རྨ་ཁར་ཡང་ཡང་རེག་གིན་བསམ་འཆར་དེ་དག་ལ་ཉན་རྗེས། ཁྲོ་ཉམས་དང་བཅས་ཞོ་ཧྭའི་བསམ་ཚུལ་གྱི་ཕྱོགས་མཐུན་བསམ་ཚུལ་སྨྲ་བ་ཚོར་ཚོགས་གཏམ་དང་སྦྲགས་པའི་གཏམ་བཤད་ཀྱི་སྙིང་དོན་ནི། བོད་རང་བཙན་འུར་སྒྲོག་གི་བསམ་བློ་འདིའི་ཤུགས་རྐྱེན་གཙོ་བོ་ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པ་ལ་ཐུག་ཚུལ་དང༌། དེ་ཡང་ཏཱ་ལའི་ལྷ་རུ་བཀུར་བའི་བོད་རིགས་མང་ཚོགས་ཀྱི་རྨོངས་དད་གཏིང་ཟབ་ཚུལ་དང་འབྲེལ་བ་ཡོད་ཚུལ། རྨོངས་དད་དེ་ཡང་པཎ་ཆེན་བླ་མ་སོགས་ཆོས་ལུགས་མི་སྣའི་དབང་འཛིན་པ་ཚོས་སྤེལ་ཡོད་པས་དེ་མར་ལེ་ཏང་དང་གསར་བརྗེའི་ལས་དོན་མདུན་སྐྱོད་ལ་ཆེད་དུ་བཟོས་པའི་བར་ཆད་ཅིག་ཡིན་ཚུལ། བོད་ལ་མར་ལེ་རིང་ལུགས་དང་ཏང་གི་སློབ་གསོའི་བྱ་བ་ཡང་དག་སྤེལ་མ་ཐུབ་པ་དང༌། ལྷོ་ནུབ་རྒྱལ་མཚམས་འགོག་སྲུང་གི་བྱ་བ་དམ་བསྒྲགས་བྱེད་མ་ཐུབ་པ། ས་གནས་ཉེན་རྟོག་པ་རྣམས་ལ་འཇོན་ཐང་མེད་ཚུལ་དང༌། ས་གནས་ལས་བྱེད་པའི་ནང་ལ་རྒྱ་རིགས་ཏང་ཡོན་ལས་བྱེད་ཉུང་བས་མི་རིགས་སྲིད་ཇུས་དོན་ཐོག་མ་འཁྱོལ་བའི་ཞན་ཆ་ཆེ་ཚུལ་སོགས་ཞིབ་ཏུ་བཤད་པ་དང༌། བཙན་བྱོལ་བོད་ནང་ལ་བོད་ཀྱི་གསང་མྱུལ་བ་ཆེད་གཏོང་དགོས་ཚུལ་དང་ཏཱ་ལའི་དང་འབྲེལ་ལམ་བྱེད་མི་ཐུབ་པ་བྱས་ནས་ཆོས་ལུགས་རྨོངས་དད་སེལ་བ་དང་ཏང་གི་སློབ་གསོའི་བྱ་བར་ཤུགས་སྣོན། གཡག་རྒོད་དང་སྟག་རྒོད་གང་ཡིན་ཡང་ཚང་མ་བཙོན་འཇུག་ཁྲིམས་གཅོད་ནན་མོ་བྱས་ནས་ར་བསད་ན་ལུག་འདར་བ་བཟོ་དགོས་ཚུལ་སོག་ཀྱི་བསམ་འཆར་ཤུགས་ཆེར་བཏོན་པ་ལ་མང་པོས་ངོས་ལེན་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན།

དེ་ནས་ཀྲུང་དབྱང་སྐུ་ཚབ་ཀྱིས་མའོ་ཙེ་ཏུང་གིས་མི་རིགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས་ན། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་ཡུལ་མིའི་གོམས་སྲོལ་ལ་བརྩི་འཇོག་གིས་གསར་བརྗེའི་ལས་དོན་ལེགས་འགྲུབ་བྱ་དགོས་པའི་གནས་ལུགས་རྣམས་བསྐྱར་གླེང་གིས། ཏཱ་ལའི་བླ་མ་ནི་ཡུན་རིང་བོད་ཀྱི་ཆོས་ཕྱོགས་ཀྱི་ཆེས་མཐོའི་བླ་ཆེན་ཞིག་གི་གོ་གནས་སུ་ཡོད་པས་བོད་མི་རིགས་དང་འབྲེལ་བ་ཧ་ཅང་དམ་པ་དང་གཅིག དེ་བས་ཀྱང་བོད་མི་ཚོའི་རྨོངས་དད་ནི་ཤུགས་ཆེ་བས་ང་ཚོས་ཆོས་ཕྱོགས་ནས་གཟབ་གཟབ་ཀྱིས་ཏཱ་ལའི་བླ་མའི་སྲིད་དོན་གྱི་བྱ་བ་གཅིག་པུའི་ཐོག་ནས་སྐྱོན་བགྲང་ཉེས་བསྒྲགས་ཀྱིས་ཁོ་ཚོའི་བར་རྒྱང་རིང་དུ་གཏོང་ཐབས་དང༌། དེ་ཡང་པཎ་ཆེན་ཡང་སྲིད་དང་བླ་བྲང་ཀུན་མཁྱེན་བླ་མ་སོགས་བརྒྱུད་ནས་བྱ་བ་འདི་སྒྲུབ་ན་ནུས་པ་ཐོན་ཤུགས་ཆེ་ཚུལ་སོགས་གཡོ་ཐབས་ཞིབ་གླེང་བྱས་ཏེ་མཐའ་དོན་ཀྲང་ཉེན་དཔོན་དང་ཁོ་གཉིས་ཀྱི་བསམ་ཚུལ་གཙོར་བཞག་གིས་གསང་བའི་གྲོས་ཆོད་འགའ་བཞག་པའི་ནང་དུ།

གཡག་རྒོད་དང་སྟག་རྒོད་ཚོགས་པ་སོགས་མེས་རྒྱལ་ཁ་བྲལ་གཏོང་མཁན་ཚང་མ་དྲག་གནོན་བྱ་རྒྱུའི་དཔུང་ཤུགས་ཆེ་རུ་གཏོང་རྒྱུ་དང༌། བཙན་བྱོལ་བོད་ནང་དཀྲུག་ཤིང་བཟོ་མཁན་གསང་མྱུལ་བ་སོགས་མང་ཙམ་གཏོང་རྒྱུ། དགོན་སྡེ་ཁག་ལ་དམ་བསྒྲགས་ཤུགས་ཆེན་བྱ་རྒྱུ། བོད་ཀྱི་བླ་མ་ཆེ་མཐོ་རྣམས་བེད་སྤྱོད་ཀྱིས་བོད་ཀྱི་སྲིད་དོན་བྱ་བར་ཇུས་གཏོགས་བྱེད་འཇུག་རྒྱུ་དང༌། ཏང་གི་སློབ་གསོའི་བྱ་བ་མཐོར་འདེགས་ཀྱིས་རྨོངས་དད་སེལ་ཐབས་བྱ་རྒྱུ་སོགས་གཙོ་བོར་བཞག་ཡོད།

ཚོགས་འདུ་གྲོལ་ཁར་ཀྲུང་དབྱང་སྐུ་ཚབ་ཀྱིས་ཀྲང་ཉེན་དཔོན་གྱི་བྱས་རྗེས་ལ་གདེང་འཇོག་དང༌། སྟག་ལྷ་དང་ཞོ་ཧྭ་གཉིས་ལའང་གཟེངས་བསྟོད་ཀྱིས་མུ་མཐུད་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དར་སྤེལ་གྱིས་བོད་མི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་བྱ་གཞག་ལ་ནུས་ཤུགས་ཡོད་ཚད་འདོན་དགོས་པའི་སྐུལ་ལྕག་བཏབ་པ་མ་ཟད། སྟག་ལྷ་སྟག་རྒོད་ཚོགས་པར་མྱུལ་ཞིབ་བྱེད་པའི་ཀྲང་ཉེན་དཔོན་གྱི་ལས་རོགས་མྱུལ་ཞིབ་དཔོན་གཞོན་པར་བསྐོ་འཇོག་བྱ་རྒྱུར་ཐག་བཅད།

ཡིན་ན་ཡང༌། ཞོ་ཧྭའི་སེམས་ལ་ངར་ཤུགས་ཅི་ཡང་མ་རྒྱས་པའི་ཐོག ལྟ་ཚུལ་མི་འདྲ་བའི་བསམ་བློ་དེ་དག་དང༌། ལྷག་པར་སྟག་ལྷས་མོའི་བསམ་ཚུལ་དང་ལྡོག་པའི་ལྟ་ཚུལ་ཤུགས་ཆེར་བཤད་པ་དེས་མོ་མགོ་འཐོམས་པའི་ཐོག་སྟག་ལྷ་གསང་བའི་མྱུལ་ཞིབ་དཔོན་དུ་བསྐོས་པ་དེས་མོའི་སེམས་ཁྲལ་ཆེ་རུ་བཏང༌། ད་དུང་མི་རིགས་སྲིད་ཇུས་ཀྱི་གནད་དོན་ཐད་ལ་དོགས་གཞི་དང་འཇིགས་སྣང་བཅས་བྱུང༌། དེ་ལྟར་མོའི་སེམས་བློང་བློང་པོའི་ངང་སྟག་ལྷ་དང་ལྷན་དུ་ཕྱིར་ལོག

སྟག་ལྷས་ཀྱང་ཚོགས་ཐོག་ནས་ངར་ངར་འཇོན་མདོག་གི་སྟོང་གཏམ་ལྟ་བུ་རེ་བཤད་ཀྱང་ལམ་བར་དུ་བསམ་གཞིགས་དང་དབུགས་རིང་སྡེབ་ཀྱིན་སླེབས། ཕར་བལྟས་ཚོད་ལ་ཁོ་གཉིས་བར་ལའང་མི་མངོན་པའི་རྩིག་གྱང་ཞིག་ཡོད་པ་འདྲ།

ཁོ་གཉིས་གཉེན་བསྒྲིགས་ནས་ལོ་གཅིག་འགྲོ་གིན་ཡོད་ན་ཡང༌། ལས་གནས་སོ་སོར་ཡོད་པས་སྐབས་རེར་མ་གཏོགས་ལྷན་འཛོམས་ཀྱི་གོ་སྐབས་མེད་ལ། ལྷག་པར་ལོ་འདིའི་ནང་དུ་སྟག་ལྷ་ས་ཆ་ཡར་མར་ལ་སོང་ནས་གྱོད་གཞི་མང་པོ་རྩད་གཅོད་བྱས་ནས་བསྡད་པས་ཁོ་གཉིས་དལ་ལྷོད་ངང་སོ་སོའི་བསམ་ཚུལ་ཞིབ་གླེང་དང་སྔོན་མ་ལྟར་གྱི་མོས་གཡག་རྒོད་འདུལ་བའི་གཡག་རྒྱུགས་ཀྱི་དགའ་བདེ་ཡང་སྟོངས་ལ་ཁད་དུ་གྱུར་ཡོད། འོན་ཀྱང་མོའི་སེམས་ནས་སྟག་ལྷས་རྟག་པར་མོ་རང་གི་བྱ་བའི་ཐོག་ལ་གཞོགས་འདེགས་དང་སེམས་ཁུར་ཆེན་པོ་བྱེད་བཞིན་པ་གསལ་བོར་རྟོགས་ཤིང༌། མོས་ཀྱང་སྟག་ལྷའི་བདེ་འཇགས་ལ་ནམ་ཡང་སེམས་ཁྲལ་བྱེད་ཀྱིན་ཡོད་པ་སྟག་ལྷས་ཀྱང་ཤེས། འོ་ན་ཁོ་གཉིས་བར་ལ་བར་གྱང་ཞིག་ཀྱང་ཇི་ལྟར་ཆགས་སྲིད་དམ།

ཕྱིར་སླེབས་པའི་དགུང་མོ་དེར་མོ་རང་སྟག་ལྷའི་སྐེ་་འཐམས་ནས་རང་དབང་མེད་པར་ངུས་བྱུང༌། ངུ་སྐད་མེད་པའི་མིག་ཆུའི་བརླན་གཤེར་དེ་དག་གིས་ཤ་པགས་བརྡོལ་ནས་སྟག་ལྷའི་སྙིང་ལ་ཐིམས་སོང༌། ཁོས་ཐོག་མར་མོ་ལ་བྱམས་ཤིང་སྙིང་རྗེས་འོ་ཞིམ་པོ་འགའ་བྱས་ན་ཡང་རིམ་བཞིན་ཕན་ཚུན་འོ་གཉིས་འོ་ཆུ་ལྟར་འདྲེས་ནས་མངར་ཁ་ཇེ་ཆེ་དང་ལྷན་དུ་བཟི་ཁའང་ཆེ་བར་གྱུར། འགྲམ་ཆང་དེ་ནི་ཏག་ཏག་སེམས་གསོའི་སྨན་ཐུན་ཞིག་དང་འདྲ་བར་གཉི་གའི་སེམས་པ་ལྷོད་ལ་བབས་ནས་དགའ་བདེའི་ངལ་གསོ་ཐེངས་གཅིག་གི་རྩེད་འཇོར་ངང་གིས་ཆས་ཤིང་ཡུད་ཀྱིས་རྫོགས།

ཞོ་ཧྭས་སྙིང་གཏམ་གྱི་ཚིག་མགོ་ཐོག་མར་གླེང་སོང༌། ཁྱོད་གོ་རྒྱུ་གྲགས་རྒྱུ་མེད་པར་འདི་ལྟར་ལོ་ཕྱེད་འགོར་བ་རེད། ང་ལ་ཁ་པར་གཅིག་ཀྱང་མི་རྒྱག་པ་ཅི་ཡིན་ནམ། ངས་རང་ལ་སེམས་ཁྲལ་ཅི་ཙམ་བྱས་ཡོད་པ་ཤེས་སམ” ཞེས་ཤོད་ཀྱིན་མིག་མཐའ་མཆི་མས་བརླན།

སྟག་ལྷས། “ང་སྐྱོན་མེད་པར་རང་གི་འགྲམ་ལ་ཐོན་ཡོད་པ་འདི་མིན་ནམ” ཞེས་སླར་འོ་ཞིག་བྱས།

ཁྱོད་ཀྱིས་ཅི་བྱས་པ་ཡིན། ང་ལ་བརྗོད་ཆོག་གམ། ང་ངོ་མ་ཁྱོད་ཀྱིས་ཅི་བྱས་གསལ་བོ་ཤེས་འདོད་འདུག དེང་སང་ཁྱོད་ཀྱི་ལྟ་བ་ཡང་འགྱུར་འདུག ངས་ངོ་མ་ཧ་གོ་གི་མི་འདུག

དེ་ཁག་མི་འདུག མ་གཞི་ང་གཉིས་སེམས་གཏམ་གླེང་ནས་ལྷོད་ལྷོད་སྡོད་རྒྱུའི་གོ་སྐབས་ཀྱང་མ་བྱུང་བ་རེད་ལ། ངའི་དོན་དག་དེ་ཚོ་ཛ་དྲག་དང་ཉེན་ཁ་ཆེ་བས་ཁྱོད་ལ་འབྲེལ་བ་མ་བྱས་ན་ཡག་པོ་རེད་བསམ་བྱུང༌། ད་ངས་བཤད་ཆོག ཡག་པོ་ཉོན་ཨ” ཞེས་མོའི་ལག་མགོ་ནས་འཇུས་ཏེ་འཕུར་གྱིན།

“སྐབས་དེར་ང་ལྷ་སྡེའི་འབྲི་གཡག་སྐོར་ཞིག་རྐུ་ལ་ཤོར་བའི་དོན་རྐྱེན་རྩད་གཅོད་དུ་ཀ་ཆུར་སོང་བ་ཡིན། ང་ནག་ཚོང་རྒྱག་མཁན་འབྲོག་པ་ཞིག་གི་ཚུལ་དུ་བྱས་ནས་ཟླ་བ་གཉིས་ལ་བསྡད་པས་ཀ་ཆུ་ན་ཧྭེ་ཧྭེ་ཇག་རྐུན་ཚོགས་པ་ཞིག་ཡོད་པ་རྩད་ཆོད། ཁོ་ཚོས་ས་ཆ་གང་སར་སོང་ནས་རྐུ་འཚོང་བྱེད་ཀྱིན་ཡོད་པ་མ་ཟད། འབྲོག་པའི་རི་སྒང་ལ་སོང་ནས་གླ་བ་དང་ཤ་བ་བསད་ནས་ནག་ཚོང་རྒྱག་གིན་ཡོད་ཚུལ་ཡང་ཤེས་བྱུང༌། ད་དུང་ཁོ་ཚོ་དང་མཉམ་དུ་ལྷ་སྡེའི་འབྲོག་པ་ཞིག་དང་བླ་བྲང་གི་རོང་་ཞིག་ཀྱང་འདུག ཁོ་ཚོའི་བར་ལ་གསང་བའི་འབྲེལ་བ་ཆེན་པོ་འདུག ཁོ་ཚོའི་ནག་ཚོང་རྒྱག་ས་དེ་གང་ཡིན་རྩད་གཅོད་ཐུབ་ཆེད། ངས་ཁོ་ཚོར་འབྲེལ་བ་བྱས་ནས་ཡིད་ཆེས་ཡོང་གང་ཐུབ་བྱས་པ་ཡིན། ཁོ་ཚོ་དང་མཉམ་དུ་རྫ་རི་ལ་གླ་བ་དང་ཤ་བ་གསོད་དུ་ཡང་སོང་བ་ཡིན། དེ་ལྟར་ཟླ་གཅིག་ལྷག་གི་རྗེས་སུ་ཁོ་ཚོའི་ནག་ཚོང་རྒྱག་ས་དེ་ཀན་སུའི་ཞིང་ཆེན་གྱི་བཟོ་གྲྭ་ཞིག་གི་སྦྱིན་བདག་ཅིག་ཡིན་པ་ཤེས་བྱུང༌། སྦྱིན་བདག་དེས་འབྲོག་ཕྱོགས་ཀྱི་སྐམས་ལུག་དང༌། ཀོ་པགས། ཁྲག་རྭ་དང་གླ་རྩི། སྨན་རྩྭ་དང་གཏེར་རྫས་རིགས་སོགས་ཉོ་སྒྲུབ་ཀྱིས་བཟོ་གྲྭའི་ནང་དུ་གསང་བས་བཟོ་སྐྲུན་གྱིས་ཕྱི་རྒྱལ་དང་ཚོང་འབྲེལ་བྱེད་ཀྱིན་ཡོད་ཚུལ་གོ་བྱུང༌། དེ་ལྟར་ངས་མི་སེར་དཀྱུས་མ་ཞིག་ལ་བརྫུས་ནས་ཇག་རྐུན་རྩད་གཅོད་དང་མཉམ་དུ་སྟག་རྒོད་ཚོགས་པའི་གནས་ཚུལ་ཁ་ཤས་གོ་ཐོས་བྱུང༌། ཨིན་་་་ ”སྟག་ལྷས་མོའི་གདོང་ལ་གཅིག་ལྟ་བཞིན་སྐད་ཆའི་མཚམས་ཅུང་བཞག་ནས་དུ་བ་རྐང་གཅིག་ལ་མེ་སྒྲོན་ཞོར་བསམ་བློ་ཞིག་བཏང་ནས།

ངའི་རོགས་པ་ནག་ཚོང་རྒྱག་མཁན་དེ་ཚོ་ཉིན་གཅིག་རི་ནག་མ་ལ་སོང་ནས་རི་དྭགས་རྔོན་དུས། ཇག་པ་སྐོར་ཁག་གཞན་ཞིག་ལ་ཐུག་འདུག ཇག་པ་དེ་ཚོའི་ལག་ན་འགད་རྫས་དང་འཕྲུལ་མདའ་སྤུས་དག་མང་པོ་འདུག་པས། ཁོ་ཚོའི་དཔའ་ཞུམ་འདུག ཧིན། ཧ་ཧ་་་་ཁོས་གད་མོ་ཞིག་དགོད་ཀྱིན། “ཇག་པ་དེ་ཚོས་ཧྭེ་རྒན་ཚོའི་ལག་གི་དངོས་པོ་ཚང་མ་འཕྲོག་པས་མ་ཚད། དམར་ཧྲེང་ལ་ཕུད་ནས་གཅར་རྡུང་ཆེན་པོ་བྱས་ནས་ཤི་མིན་གསོན་མིན་ཞིག་བཟོས་པ་མ་ཟད། གཅིག་གི་རྣ་འབྱོག་གཏུབས་པ་དང༌། ལ་ལའི་མཛུབ་མོ་གཏུབས་པ་སོགས་ཁ་རྟགས་སྣ་རྟགས་མང་པོ་བརྒྱབ་ནས་བཏང་འདུག

“འོ་་ཁྱོད་སྐབས་དེར་མ་སོང་བ་སྟབས་ཡག་འདུག ཇག་པ་དེ་འདྲ་མང་པོ་ཞིག་ཅི་ཡིན་ནམཞོ་ཧྭས་སྟག་ལྷའི་གདོང་ལ་གཅིག་ལྟ་བཞིན་བཤད།

ཇག་པ་དེ་ཚོ་སྤྱིར་བཏང་གི་ཇག་ཚོགས་ཤིག་མ་རེད། ཁོ་ཚོ་སྟག་རྒོད་ཚོགས་པ་ཡིན་ཟེར་གྱི་འདུག་ཟེར

སྟག་རྒོད་ཚོགས་པས་རྒྱལ་ཁབ་ལ་ངོ་ཡ་བྱེད་ཞོར་དེ་ལྟར་རྩྭ་ཐང་གི་ཇག་རྐུན་ཡང་འདུལ་གྱིན་ཡོད་པ་འདྲ། ཁོ་ཚོ་མ་བསད་པ་ཡག་པོ་བྱུང་བ་རེད། སྟག་རྒོད་ཀྱི་ནང་ནས་སྟག་ཡག་པོའི་གྲས་ཡིན་པ་འདྲ། ཀྲང་ཉེན་དཔོན་གྱིས་བཤད་པ་ལྟར་ཚང་མ་བསད་ནས་ཚང་མ་ཟ་མཁན་ཟེར་བ་དེ་འདྲ་ཞིག་མིན་པ་རེདམོས་དེ་ལྟར་རང་གི་བསམ་ཚུལ་ཞིག་ཁ་སྣོན་བྱས།

འོན་ཀྱང་སྟག་ཡིན་ཕྱིན་གཏུམ་པོའི་རང་གཤིས་ལོས་ཡོད། མི་རིགས་ལ་མཚོན་ན་ཇག་རྐུན་དེ་ཚོ་ངའི་སྙིང་ལངས་ས་ཞིག་རེད་མོད། རྒྱལ་ཁབ་ལ་མཚོན་ན་སྟག་རྒོད་ཚོགས་པའི་ནག་ཉེས་དེ་ལས་ཚབས་ཆེན་མ་རེད་དམ” ཞེས་སྟག་ལྷས་ཤུགས་ཀྱིས་དུ་བ་རྔུབ་འཐེན་ཞིག་བྱས།

གནད་དོན་འདིའི་སྐོར་ངས་གླེང་འདོད་མི་འདུག” ཅེས་ཞོ་ཧྭས་སུན་སྣང་གིས་བཤད།

དེ་ཅི་ཡིན་ནམ། ཁྱོད་ཀྱི་ལས་འགན་གཙོ་བོ་འདི་མ་རེད་དམ

ཡིན་ན་ཡང༌། ང་་ ངའི་བསམ་ཚུལ་ལ། འོ། ཁ་སང་ཚོགས་ཐོག་ནས་རང་གིས་ནམ་རྒྱུན་དང་མི་འདྲ་བའི་སྐད་ཆ་བཤད་དོན་ཅི་ཡིན” ཞོ་ཧྭས་ཅི་ཞིག་ཤོད་འདོད་པའམ་བཤད་མི་ཕོད་པའི་ཚུལ་གྱིས་དེ་ལྟར་དྲིས།

ཁོས་མོའི་གདོང་ལ་ཅེར་ནས། “རེད། དེ་ངའི་སྔོན་མའི་བསམ་ཚུལ་གྱི་ལྡོག་ཕྱོགས་ཡིན་ན་ཡང༌། ཁྱོད་རང་གི་སྔོན་མའི་བསམ་ཚུལ་དང་མཐུན་པ་རེད། ངས་གནད་དོན་འདིའི་ཐད་ལ་བསམ་བློ་མང་པོ་བཏང་བ་ཡིན། ཁྱོད་ཀྱིས་བཤད་པ་དེ་དག་འགྲིགས་འདུག

ཡ་མཚན། ངས་ཁྱོད་ཀྱིས་བཤད་པ་དེ་ཚོར་གནས་ལུགས་འདུག་བསམ་ནས་ངོས་ལེན་བྱེད་སྐབས། ཡང་ཁྱོད་ཀྱིས་ངའི་བསམ་ཚུལ་དེ་བདེན་པ་རེད་སྙམ་གྱིན་ཡོད་པ་རེད། འདི་གོ་ལྡོག་པ་མ་རེད་དམཞོ་ཧྭས་མགོ་འཕྲེད་ལ་གཡུགས།

མ་རེད། གོ་ལྡོག་མེད། ང་ལམ་ཁ་དེར་མུ་མཐུད་དུ་སྐྱོད་ཀྱིན་ཡོད་ལ། ཁྱོད་ཀྱང་ཕལ་ཆེར་འགྲོ་བཞིན་པ་རེད།

ང་ལམ་ཁ་འདིར་འགྲོ་འདོད་མི་འདུག

ཅིའི་ཕྱིར

ཉེན་ཁ་འདུག ང་རང་གཉི་གའི་ཚེ་སྲོག ལྷག་པར་ཁྱོད་ཀྱི་་་”མོས་དེ་ལྟར་བཤད་ཀྱིན་སྟག་ལྷའི་བྲང་ཁར་འགྲམ་པ་གླན།

སྟག་ལྷས་མོའི་མགོ་བོར་བྱིལ་བྱིལ་བྱེད་ཀྱིན། ཅི་ཡང་མ་བཤད། ཡུད་ཙམ་ལ་འཇམ་ཐང་ངེར་གྱུར།

སྟག་ལྷས་མོའི་བསམ་འདུན་ཚང་མ་ཤེས་འདོད་ཀྱི་རྣམ་པས། “དེ་གཅིག་པུ་ཡིན་ནམ། དོན་དག་གཞན་པ་མེད་དམ། རང་གིས་གནས་ཚུལ་འདིའི་ཐོག་ལ་ཞིབ་འཇུག་ཆེད་རྩོམ་ཞིག་འབྲི་གིན་ཡོད་པ་མིན་ནམ། བྲིས་ཚར་སོང་ངམཞེས་དྲིས།

ཚར་མེད། འབྲི་འདོད་མི་འདུག

ཅི་ཡིན་ནམ

ངའི་ལྟ་ཚུལ་འགྱུར་སོང༌། ཁྱོད་ཀྱིས་སྔོན་མར་ང་ལ་བཤད་པ་བདེན་པ་རེད། སྲིད་དོན་དང་འབྲེལ་བའི་གནས་ཚུལ་རིགས་དངོས་ཐོག་བདེན་འཚོལ་བྱེད་དཀའ་ཞིང་བྱེད་ཕོད་པའང་མི་འདུག

སྟག་ལྷས་ཞོ་ཧྭའི་མགོ་བོར་བྱུག་བྱུག་བྱེད་པ་ལས་ཅི་ཡང་མ་སྨྲས་པས། མོས་སླར་ཡང༌།

ལོ་རྒྱུས་དང་ཆབ་སྲིད་ཟེར་བ་འདི་ངོ་མ་ལྐོག་གྱུར་རེད། ཉོག་གྲ་རེད། ཉེན་ཁ་རེད། ངས་བལྟས་ན་ང་གཉིས་ཀྱིས་རིག་གནས་ཀྱི་བྱ་བ་གཞན་ཞིག་བསྒྲུབ་ནས་ལྷིང་འཇགས་ཀྱི་མི་ཚེ་ཞིག་སྐྱེལ་ན་དེ་བཟང་གི

ཡིན་ན་ཡང༌། མི་ཚེ་དེ་ལྟ་བུ་ཞིག་གིས་ངའི་རེ་བ་འགྲུབ་ས་མ་རེད། གཅིག་བྱས་ན་ཁྱོད་ཀྱིས་བཟའ་ཟླ་ང་ལྟ་བུ་ཞིག་བཙལ་བ་ནོར་བ་རེད། ངས་ངོ་མ་རང་ལ་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་བསྐྲུན་དཀའ་མོ་རེད” ཅེས་མོའི་མ་ནེ་ནས་ཡར་བཏེགས་ནས་དཔྲལ་བར་འོ་ཞིག་བྱས། མོས་འོ་ལན་ཞིག་བསྐྱལ་ནས། སྟག་ལྷའི་གདོང་ལ་ཅེར་ནས་སྐད་དམའ་མོས།

དེ་རིང་ངས་བསམ་ཚུལ་ངོ་མ་དེ་བཤད་ན་བསམ་བྱུང༌། ང་ཀྲང་ཉེན་དཔོན་ཐོག་ལ་འཚིག་པ་ཟ་གིན་འདུག ང་ལམ་ག་འདི་འདྲ་ཞིག་ལ་འཇུག་མཁན། རྒྱ་རྒན་ཐོད་ཤོ་ཁོ་རེད། ཐོག་མར་ངས་ཁོ་ངོ་མ་མཛད་རྗེས་ཅན་གྱི་རྒྱལ་གཅེས་དཔའ་བོ་མིག་དཔེར་འོས་པ་ཞིག་རེད་བསམས་བྱུང༌། ཁོའི་བཀའ་གསུང་ཅི་སྒྲུབ་བྱས་པ་ཡིན། ན་ནིང་ངལྷ་སར་གཡག་རྒོད་ཚོགས་པའི་ནང་ལ་གསང་མྱུལ་མི་གཉིས་གཏོང་དུ་མངགས་བྱུང༌། དེ་འདྲའི་ལས་ཀའི་ཐོག་ལ་ཀྲང་ཉེན་དཔོན་ངོ་མ་ཉམས་མྱོང་དང་འཇོན་ཐང་འདུག ཅེས་སྟག་ལྷའི་གདོང་པར་གཅིག་བལྟས། ཁོས་ཕུལ་བྱུང་ཉེན་རྟོག་པ་ཞིག་བྱེད་ན་གསང་བ་གསང་ནས་སྒྲུབ་ཐུབ་དགོས། རང་གི་བཟའ་ཚང་བར་ལའང་གསང་བ་བཤད་མི་ཆོག་ཟེར། དེ་བས་ངས་དོན་དག་དེ་ཁྱོད་ལ་ཟུར་ཙམ་ལས་གསལ་བོ་བཤད་མེད

སྟག་ལྷས་མགོ་ནང་ལ་གུག་ཙམ་བྱེད་ཀྱིན། “དེ་ངས་ཤེས་ཀྱིན་ཡོད། དམག་དཔོན་གྱི་བཀའ་དང་ལེན་བྱེད་དགོས་ལ་སྒྲིག་ལམ་བརྩི་དགོས་པ་དེ་དམག་མི་ཞིག་གི་འོས་འགན་རེད

མ་གཞི་ང་གཉིས་ཉེན་རྟོག་པ་རེད། ལྷག་པར་ལས་ཀ་འདི་རིགས་ཕན་ཚུན་མཉམ་ལས་བྱེད་ཀྱིན་ཡོད་པ་རེད། ང་ལ་རང་གི་བཟའ་ཟླ་ལས་ལྷག་པའི་ཡིད་ཆེས་བྱེད་ས་སུ་ཡང་མེད། ངས་ཁྱོད་ལ་གསང་བ་བྱས་ན་རང་ལའང་བློ་ཕམ་དང་གཅིག་བྱས་ན་ང་གཉིས་ཀྱི་བརྩེ་སེམས་ལའང་གནོད་པ་ཡོང་གི་རེད་བསམ་གྱིན་འདུག

དེ་ངས་བསམ་ཤེས་བྱེད་ཐུབ། ཡིན་ན་ཡང་ད་ལྟ་རང་ཀྲང་ཉེན་དཔོན་ལ་མི་དགའ་དོན་ཅི་རེད། ཁོས་ཁྱོད་ལ་ཅིག་་་་་

ཞོ་ཧྭས་སྣ་རིལ་རིལ་སྙིང་རྗེ་བོ་དེ་གཉེར་ཙམ་གྱིས། “དེ་འདྲ་མ་རེད། འགྲོགས་ནས་ཡོང་ན་ཁོས་དོན་དངོས་ཀྱི་གནས་བབ་ལ་མི་ལྟ་བར་རྒྱ་རིགས་ཆེན་མོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་བཟུང་ནས། བོད་ལ་མཐོང་ཆུང་དང༌། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱིན་འདུག ངས་བོད་ཀྱི་གནའ་རབས་དང་ཉེ་རབས། དེང་རབས་ཀྱི་ལོ་རྒྱུས་ཡིག་ཆ་མང་ཙམ་བལྟས་པ་ཡིན། ཡ་ཧན་ཀྲང་གིས་བྲིས་པའི་ཏཱ་ལའི་བླ་མའི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་པའི་ཧམ་བཤད་དང་རྫུན་སྒྲིག་གང་མང་འདུག བརྟག་དཔྱད་ལེགས་པོ་བྱས་ན། ཏཱ་ལའི་བླ་མའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བའི་ནང་གི་གནས་ཚུལ་ཚང་མ་བདེན་དོན་འདྲ་བོ་ཞིག་མཐོང་གིན་འདུག

སྟག་ལྷས་མགོ་བོ་ནང་ལ་ལྡེམ་བཞིན་མུ་མཐུད་དུ་ཉན་འདོད་ཀྱི་རྣམ་པ་བསྟན།

ཏཱ་ལའི་བླ་མར་འཛམ་གླིང་གི་ཞེ་བདེའི་གཟེངས་རྟགས་ཐོབ་པ་དེ་ཡང་ངོ་མ་ཐོབ་འོས་པ་ཞིག་ཡིན་པ་འདྲ། ཀྲུང་དབྱང་གིས་བཤད་པའི་ཏཱ་ལའི་རུ་ཚོགས་དང༌། ཁ་བྲལ་རིང་ལུགས་ཟེར་བ་དེ་བདེན་པ་ཞིག་མ་རེད། ཏཱ་ལའི་བླ་མས་དེང་སང་བོད་རྒྱ་ཞི་མོལ་མཉམ་གནས་བྱ་རྒྱུའི་ལྟ་སྤྱོད་དེ་ཁ་གསལ་བོ་བྱས་ནས་ཁྱབ་བསྒྲགས་གང་མང་བྱེད་ཀྱིན་འདུག རྒྱ་མི་ཕྱིར་སོང༌། བོད་རང་བཙན་གཙང་མ་བྱེད་རྒྱུ་ཟེར་ནས་སྐད་འབོད་རྒྱག་པ་དེ་ཕྱི་སྡོད་བོད་མིའི་གཞོན་ནུ་ཚོགས་པ་རེད། དེ་ལ་ཡང་གནས་ལུགས་རྒྱུ་མཚན་མེད་པ་ཞིག་མ་རེད། ཁོ་ཚོས་བྲིས་པའི་དེབ་ནང་གི་གནས་ཚུལ་ཚང་མ་བདེན་པ་ཡིན་རྒྱུ་མ་རེད། འོན་ཀྱང་བོད་བཅིངས་འགྲོལ་བཏང་བ་ཟེར་བ་དེ་ཞི་བ་ཁོ་ན་དང་དེ་འདྲའི་སྟབས་བདེ་ཞིག་མིན་པ་ཐག་ཆོད་རེད། དེ་བས་ངས་དངོས་ཐོག་བདེན་འཚོལ་གྱི་བརྟག་དཔྱད་ཆེད་རྩོམ་ཞིག་ཇི་ལྟར་འབྲི་ཐུབ་བམ། ཨ་ཚ་ཚ་ ”མོས་གློ་བུར་དུ་སྐད་ཅིག་བརྒྱབ། མ་གཞི་སྟག་ལྷ་མོའི་སྐད་ཆར་མགོ་འཐོམས་ནས་ཐ་མག་གི་འཐེན་འཕྲོས་མོའི་སྙིང་རྗེ་བའི་སྣ་ཐོ་ལ་རག་པས་རེད།

ཧ་ཧ་ཧ་ ངས་མཉམ་མ་བཞག་པར་་༌། ”ཞེས་དུ་སྣེ་ཕར་གཡུགས་ནས་མོའི་སྣ་ཐོ་བྱིས་པས་ནུ་མ་འཇིབ་འཇིབ་བྱས།

ཨ་ ཆོག་གི་ད་ཆོག་གིཞེས་མོས་ཆུ་ཁོལ་ཁམ་གང་འཐུངས་ནས་མུ་མཐུད་དེ། “ཁྱོདཀྱིས་དོན་གནད་འདི་དག་སྔོན་མ་ནས་ཤེས་ཡོད་ངེས་རེད། ཁྱོད་ཀྱིས་ང་ལ་དཔེ་དེབ་མང་པོ་མཁོ་འདོན་བྱས་ནས་ངས་ཆེད་རྩོམ་འབྲི་བར་རོགས་རམ་བྱས་པ་རེད། གལ་ཏེ་ང་ལ་རོགས་རམ་འདི་འདྲ་བྱས་མེད་ན། ངས་གཡག་ཞ་རས་རྩྭ་ཟ་བ་ལྟར་རང་མགོ་རང་གིས་གཡོགས་པའི་ཆེད་རྩོམ་མཚར་བོ་ཞིག་བྲིས་ཡོད་ལས་ཆེ། ཡིན་ན་ཡང༌། ཁ་ཉིན་ཚོགས་ཐོག་ནས་ཁྱོད་ཀྱིས་ངའི་བསམ་ཡུལ་ལས་འདས་པའི་སྐད་ཆ་བཤད་སོང” ཅེས་མོས་སྟག་ལྷའི་མིག་ཟུང་ཟུར་གསུམ་མར་བལྟས་ནས་དར་ཅིག་ལ་ལུས།

སྟག་ལྷས་དབུགས་རིང་ནར་ནར་ཅིག་འཐེན་ནས། སླར་ཡང་དུ་བ་ཞིག་ལ་མེ་བསྒྲོན་ནས།ང་ལོ་རྒྱུས་ཞིབ་འཇུག་པ་ཞིག་མ་རེད། ངས་དེ་དག་གསལ་བོ་ཤེས་ཀི་མེད། ཁྱོད་ཀྱིས་ནམ་རྒྱུན་དྲང་བདེན་གྱི་རྩོམ་པ་པོ་ཞིག་བྱེད་རྒྱུ་ཟེར་གྱིན་ཡོད་པས། ངས་ཁྱོད་ལ་དེའི་སྐོར་གྱི་རྒྱུ་ཆ་འགའ་རེ་བཙལ་རོགས་བྱས་པ་ཙམ་ཞིག་ཡིན། མ་གཞི་ནས་ལོ་རྒྱུས་ཟེར་བ་འདི་བདེན་རྫུན་བསྲེས་ནས་འགྲོ་དགོས་པ་དེ་ཆོས་ཉིད་ཅིག་རེད། དེ་བས་ལོ་རྒྱུས་ཞིབ་འཇུག་པ་དང་ཆབ་སྲིད་ཀྱི་ཁེ་དབང་སྨྲ་བར་རྩོམ་པ་པོར་ངེས་པར་དུ་རང་དབང་གི་གཏམ་བརྗོད་ཐོབ་ཐང་ཞིག་མཁོ་ངེས་རེད། དེ་བས་ཁྱོད་ཀྱིས་དྲང་བདེན་གྱི་ཆེད་རྩོམ་འབྲི་མི་ཐུབ་པར་ཡང་ཁག་མེད་ཀི འོན་ཀྱང་ང་ཚོས་སུའི་ཆེད་དུ་བྱ་བ་སྒྲུབ་ཀྱིན་ཡོད་པ་དང༌། ཅིའི་དོན་དག་ལ་འབད་བརྩོན་བྱེད་ཀྱིན་པའི་རང་གི་དམིགས་ཡུལ་གཙོ་བོ་ཞིག་དགོས་ངེས་རེད། ཁྱོད་ཀྱིས་རང་ཉིད་ཀྱི་ལུས་པོའི་ནང་ན་རྒྱ་བོད་གཉི་གའི་ཁྲག་བཞུར་གྱིན་ཡོད། དེ་བས་རང་གི་ཚེ་སྲོག་འདི་ཡང་མི་རིགས་འདི་གཉིས་འདྲ་མཉམ་ཞི་བདེའི་ངང་ཡར་ཐོན་གྱི་དེང་རབས་འཚོ་བའི་ལམ་ཡངས་སུ་བགྲོད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་མྱོང་ལ་བྲིས་ཀྱང་ཡོད་པ་རེདསྟག་ལྷས་མོའི་གདོང་ལ་གཅིག་བལྟས་ནས།

ད་ལྟ་དཔའ་ཞུམ་འགྲོ་གི་འདུག་ག དེ་གཡག་རྒོད་ཚོགས་པ་དང་སྟག་རྒོད་ཚོགས་པས་ཞུམ་པ་བཟོས་པ་ཞིག་མིན་པར། ཀྲང་ཉེན་དཔོན་དང་ཀྲུང་དབྱང་གིས་ཞུམ་བཅུག་པ་ཞིག་ཆགས་འདུག འདི་ངོ་མ་ཡ་མཚར་རེད། ངས་གནས་ལུགས་རྒྱུ་མཚན་མང་པོ་མི་ཤེས་ལ། ཤེས་འདོད་ཀྱང་མི་འདུག ངས་རང་གི་ཐོབ་ཐང་འདི་སྤྱད་ནས་མ་མཐར་ཡང་རྩྭ་ཐང་མི་མང་གི་ཁེ་དབང་སྲུང་སྐྱོབ་ལ་ཕན་ཐོགས་ཤིག་སྒྲུབ་འདུན་ཡོད། དོན་དངོས་ཐོག་དེ་ཙམ་ལས་ངས་ཅི་ཞིག་འཇོན

ཁོས་ཅི་ཞིག་གིས་སེམས་ཁ་གང་གི་མེད་པ་བཞིན་དུ་དབུགས་རིང་ཞིག་བཏང་ནས་དུ་རྔུབ་ཅིག་བྱས་ཏེ། “ད་ཁྱོད་ཀྱིས་ང་ལས་ཀྱང་གནས་ལུགས་རྒྱུ་མཚན་མང་པོ་ཤེས་ཡོད་པ་འདྲ། དེ་བས་ང་ལ་གང་ཡང་བཤད་རྒྱུ་མི་འདུག ངའི་རེ་བ་ལ་ད་དུང་མུ་མཐུད་དེ་ཞིབ་འཇུག་ནན་ཏན་བྱས་ནས་ངེས་པར་ཆེད་རྩོམ་ཞིག་འབྲི་ཐུབ་ན་ཡག་པོ་འདུགཅེས་མོའི་གདོང་ལ་གཅིག་ལྟ་བཞིན་དགའ་བའི་འཛུམ་ཆུང་ཞིག་བཅས་དཔྲལ་བར་འོ་ཞིག་བྱས། འོན་ཀྱང་སྐད་ཆ་དེ་དག་གིས་མོའི་འདོད་བློ་གང་མེད་པ་འདྲ། མོས་བསམ་བློ་ཅུང་བཏང་རྗེས།

“གལ་ཏེ་ངའི་ཆེད་རྩོམ་དེ་གོང་རིམ་གྱི་དགོངས་པ་དང་མ་མཐུན་ན་རྩོམ་དེ་སུས་དཔར་གི་རེད། གཅིག་བྱས་ན་རྩོམ་དེ་དང་ང་རང་མཉམ་དུ་བཙོན་ཁང་ལ་་་་”

ཁྱོད་ཀྱིས་ངོ་མ་དྲང་བདེན་གྱི་ཆེད་རྩོམ་ཡག་པོ་ཞིག་འཁྱོངས་སོང་ན་དེས་བོད་རྒྱ་ཞི་མོལ་ལམ་མི་རིགས་འཆམ་མཐུན་མཉམ་གནས་ཐད་ལ་ཕན་ཐོགས་ཡོང་སྲིད་་་་དེ་བས་་་

མོས་ཡང་བསྐྱར་ཆུ་ཞིག་འཐུང་བཞིན་འདང་ཙམ་བརྒྱབ་ནས།

འོ་རེད། ད་དེ་མི་བཤད། ཁྱོད་ཀྱི་སྒྲུང་དེའི་མཇུག་བཤད་ཚར་མ་སོང” ཞེས་དྲན་གསོ་བྱས། སྟག་ལྷས་ཐ་མག་ལྷག་འཕྲོར་ཁམ་གང་རྔུབ་ནས་མགོ་ནང་ལ་ལྡེམ་གྱིན།

རེད། ཁྱོད་གཉིད་ཁུག་གི་མི་འདུག་ན་ངས་བཤད་ཆོག ཐེངས་ཤིག་ལ་ང་བླ་བྲང་གི་མཚན་ཚོགས་ཤིག་ལ་སོང་བ་ཡིན

མཐའ་མོ་བཙལ་བར་སོང་བ་མིན་ནམ།”

ཚུར་གདན་འདྲེན་ཞུ་མཁན་མང་པོ་འདུག་གོ

འོ་ན། ཕེབས་ཡོད་རྒྱུ་རེད

རང་ངོ་མ་དོགས་པ་འདུག་གམ

ཀུ་རེ་ཡིན། ཡ་དེ་ནས་

དགོང་མོ་དེར་ཕྱིར་ལོག་པའི་ལམ་ཁར་གདོང་ཁེབས་བརྒྱབ་པའི་མི་སྐོར་ཅིག་གིས་བྱིས་པ་གཉིས་བཙན་འཁྲིད་བྱེད་ཀྱིན་འདུག ངས་ལྐོག་ནས་རྗེས་འདེད་བཏང་ནས་སོང་དུས་མ་ཡོན་ཧྭེ་རྒན་གྱི་ཟ་ཁང་ནང་ལ་འཛུལ་སོང༌། ཁོ་ནི་ངའི་ཇག་རྐུན་རོགས་པ་དེ་ཚོའི་གསང་འབྲེལ་བྱེད་སའི་ཟ་ཁང་ཞིག་རེད། ངའི་ཡིད་ལ་ས་གནས་ཁ་ཤས་སུ་ཧྭེ་ཧྭེའི་ཟ་ཁང་ནང་དུ་མི་ཤས་ཟ་མ་བཟོས་པའི་གནས་ཚུལ་བྱུང་བ་དང༌། བྱིས་པ་བསད་ནས་སྙིང་ཉོ་འཚོང་བྱེད་ཀྱིན་པའི་གནས་ཚུལ་རྣམས་དྲན་བྱུང༌། དེ་ནས་ང་ཆང་གིས་ཅུང་བཟི་ཁུལ་གྱིས་སོང་ནས་མ་ཡོན་ཞེས་ཟ་ཁང་གི་སྒོ་རྡུང་ཞོར་མ་ཡོན་སྒོ་ཕྱེས་ང་ཕོ་བ་ལྟོགས་ཀིན་འདུག་ཟ་མ་དགོས། ཆང་དགོས་ཞེས་སྐད་ཆེན་པོས་ཁྱིམ་མཚེས་ཚོའི་གོ་བར་བྱས་པ་ཡིན། ཡུད་ཙམ་ནས་ང་ཡིན་པ་ཤེས་ནས་སྒོ་ཕྱེ་བྱུང༌། ནང་ན་ངའི་ཇག་རྐུན་རོགས་པ་ཧྭེ་རྒན་རྣ་ཆད་དང་མཛུག་ལོ་གཉིས་འདུག ངས་བཟི་གཏམ་འདྲ་བོ་བཤད་ཞོར་ཡར་ལྟ་མར་ལྟ་བྱས་ཀྱང་བྱིས་པ་གཉིས་མཐོང་ས་ན་མི་འདུག ནམ་རྒྱུན་ནག་ཚོང་རྒྱག་དུས་ཁོ་ཚོས་ང་ལ་དོགས་པ་མི་བྱེད་ན་ཡང༌། དེ་ནུབ་ང་ཕྱི་ལ་མངག་ཨེ་ཐུབ་བལྟས་ནས་འཛེམ་དོགས་ཆེན་པོ་བྱེད་ཀྱིན་འདུག ཡིན་ན་ཡང་ངས་ཨུ་ཚུགས་ཀྱིས་མ་སོང་བར་ཆང་འཐུང་ནས་རྦད་དེ་ར་བཟི་ཁུལ་གྱིས་ས་གདན་ཐོག་ཉལ་ནས་གཉིད་ཁུག་པའི་ཚུལ་བྱས་པ་ཡིན། མཚམས་ཤིག་ལ་ང་ངོ་མ་གཉིད་ཁུག་འདུག གཉིད་སད་དུས་ཉི་མ་ཤར་འདུག མ་གཞི་ཁོ་ཚོས་ཆང་ནང་གཉིད་སྨན་བླུགས་ནས་ང་ལ་བྱིན་འདུག རྣ་ཆད་དང་མཛུག་ལོ་གཉིས་ཀྱང་མཐོང་ས་ན་མི་འདུག མ་ཡོན་གྱིས་ཁོ་གཉིས་དོན་དག་གལ་ཆེན་ཞིག་ཐོན་ནས་ད་ལྟ་རང་ཀ་ཆུ་ལ་ཕྱིན་སོང་ཟེར། དེ་ནས་ངས་ཉིན་ཤས་རིང་ལ་གསང་ནས་མ་ཡོན་གྱི་ཐབ་ཚང་ནང་ཟ་མར་བརྟག་དཔྱད་བྱས་པས་འགྱིག་ཁུག་ཅིག་གི་ནང་ལ་ཤ་འཐགས་མ་རྡོག་པོ་དམིགས་བསལ་འདྲ་བོ་ཞིག་འདུག དེ་ནས་ཏོག་ཙམ་ཁྱེར་ནས་སྨན་ཁང་ལ་བརྟག་དཔྱད་བྱེད་བཅུག་དུས། ངོ་མ་བྱིས་ཤ་ཡིན་པ་བདེན་དཔང་བྱུང༌། ཡིན་ན་ཡང་ངས་དོན་ཆེན་ལ་བར་ཆད་མི་ཡོང་བ་དང། ཁོ་ཚོས་ང་ལ་དོགས་འདྲོགས་མི་ཡོང་བའི་ཆེད་དུ་གསང་བ་བྱས་ནས་གནས་སྐབས་རིང་ཁོ་ཚོ་ལྕགས་ཀྱུའི་རྩེར་རྩེ་མོ་རྩེ་བཅུག་པ་ཡིན

ངོ་མ་ཧྭེ་ཧྭེ་དེ་ཚོ་གདོན་འདྲེ་རང་རེད། འོ་ན། རྣ་ཆད་དང་མཛུག་ལོ་གཉིས་སུས་བསད་པ་རེད” ཞོ་ཧྭས་དེ་ལྟར་འདྲི་ཞོར་སྟག་ལྷའི་ཐ་མག་ལ་མེ་སྒྲོན་རོགས་བྱས། སྟག་ལྷས་དུ་བ་རྔུབ་འཐེན་གྱིས་བསམ་བློ་ཅུང་བཏང་ནས།

ངའིེ་ཇག་རྐུན་རོགས་པ་རོང་རྒན་དེས་བསད་འདུག ང་ཀ་ཆུར་སོང་དུས་ཁོ་དང་འབྲོག་པ་དེ་གཉིས་ལ་ཐུག་བྱུང༌། ངས་ཁོ་གཉིས་ལ་ཧྭེ་རྒན་ཚོས་དེ་འདྲ་བྱེད་ཀྱིན་ཡོད་ཚུལ་བཤད་པས་ཁོ་གཉིས་ཧང་སངས་བ་དང་ཁོང་ཁྲོ་ཡང་ལངས་བྱུང

ཁོས་ཇི་ལྟར་བསད་པ་ཡིན་ནམ

སྟག་ལྷས་སླར་ཡང་དུ་བ་ཁམ་འགའ་བླངས་ནས། “སྐབས་དེར་ང་ཚོ་ལྷན་དུ་ཀ་ཆུར་སོང་བ་ཡིན། ཁོས་ཧྭེ་རྒན་གཉིས་གསོད་རྒྱུ་ཡིན་ཟེར། ངས་བསད་ན་རང་གི་སྲོག་ཀྱང་འཆོར་གི་རེད། དེ་ལས་བཙོན་འཇུག་བྱེད་བཅུག་ན་དེ་བཟང་ཚུལ་བཤད་པ་ཡིན། སྟབས་འཁེལ་བ་ཞིག་ལ་ང་ཚོ་ཀ་ཆུར་ཁོ་ཚོའི་སར་སོང་དུས། ཁོ་གཉིས་ལན་ཀྲིག་ལ་འགྲོ་གྲབས་བྱེད་ཀྱིན་འདུག རོང་པ་དེས་ཁོ་གཉིས་ལ་ང་ཡང་མཉམ་དུ་འགྲོ་རྒྱུ་ཡིན་ཟེར། ཁོ་གཉིས་ཀྱིས་ད་རེས་ངེད་གཉིས་ཀྱིས་སྦྱིན་བདག་ལགས་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་རྒྱུ་ཡོད། ཅེས་ཁོ་རང་གི་འཁྲིས་ཀྱི་ཀོ་སྐམ་གྲུ་བཞི་མ་དེ་སྟོན་བཞིན། འདིའི་ནང་ལ་རིན་པོ་ཆེ་ཅི་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་སམ། ཞེས་དགོད་ཀྱིན་བཤད་བྱུང༌། དེ་མ་ཐག་ང་ ”སྟག་ལྷས་གློ་བུར་ཚིག་མཚམས་བཞག་ནས་དུ་བ་གཅིག་འཐེན་ནས།

ངའི་རོགས་པ་རོང་རྒན་ཁོང་ཁྲོ་ལངས་ནས་ཁྱོད་གཉིས་ལ་ཅི་ཞིག་ཡོད་པ་དེ་ང་ལའང་ཡོད། འདིའི་ནང་ན་རིན་པོ་ཆེ་ཅི་ཞིག་ཡོད་པ་ཁྱོད་གཉིས་ཀས་ཤེས་སམ། ཞེས་ནམ་རྒྱུན་ཁོ་རང་གི་མཆན་འོག་ན་གསེག་འཁུར་བྱས་པའི་སྲུང་འཁོར་དེ་བསྟན་ནས། འདི་མཚོན་སྲུང་ཐོག་འཁོར་མ་རེད། ཅེས་ནང་ནས་དཀྲུམ་མདའ་ཞིག་བཏོན་ནས། དེ་རིང་ཐོག་མདའ་འདི་ཁྱོད་གཉིས་ཀྱི་སྙིང་ལ་འབབ་རྒྱུ་རེད། ཅེས་ཁོ་གཉིས་ཐོག་ལ་མེ་མདའ་བསྐོར་ནས། མགྱོགས་པོ་ཀོ་སྒམ་གྱི་ཁ་ཕྱེས་ཟེར་བས། ཁོ་གཉིས་འཇིགས་སྣང་གིས་ཉྭ་ལག་ཚང་མ་འདར་འདར་གྱིས་ཀོ་སྒམ་གྱི་ཁ་ཕྱེ་བྱུང༌། ནང་ན་བྱིས་པ་དགུའི་སྙིང་འདུག སྐད་ཆ་དྲིས་དུས། དེའི་ནང་གི་སྙིང་ལྔ་བོད་ཀྱི་བྱིས་པའི་སྙིང་རེད། རོང་རྒན་གྱིས་ངའི་མི་རིགས་ཀྱི་སྙིང་ཁྲག་འཐུང་མཁན་འདྲེ་རྒན་ཁྱོད་ཚོ། སྲོག་ལན་སྲོག་གིས་འཇལ་དགོས་ཞེས་ཁོས་གསོད་རྩིས་བྱས་བྱུང་བར་ཧྭེ་རྒན་གཉིས་ཀས་པུས་པོ་བཙུགས་ནས་ཞུ་བ་འཐེན་བྱུང༌། ངས་ཁོ་ལ་གསོད་མི་ཉན་ཚུལ་བཤད་ནས་ང་ཚོས་ཁོ་གཉིས་བཀྱིགས་ཏེ་ཁ་བཙུམ་ནས་གཅར་རྡུང་ཡག་ཐག་ཆོད་ཅིག་བཏང་ནས་ཁྱིམ་གྱི་ཁྲུས་ཁང་ནང་བཅུག་བཞག་པ་ཡིན། ཕྱི་ཉིན་ནམ་ལངས་དུས། ངའི་རོགས་པ་གཉིས་མཐོང་ས་ན་མི་འདུག ཧྭེ་རྒན་གཉིས་ཁྲུས་ཁང་གི་ཁྲུས་གཞོང་ནང་ལ་བཅུག་ནས་ཆུ་ནང་ལ་གློག་བཏང་ནས་བསད་འདུག ཀོ་སྒམ་དེ་ཡང་མཐོང་ས་ན་མེད་ཀི ཁང་པའི་སྒོ་ངོས་ལ་སྦྱར་ཡིག་ཆེན་པོ་ཞིག་སྦྱར་འདུག་པའི་ཐོགམི་སྙིང་དམར་འཚོང་བྱེད་པའི་གྱོད་དོན་འདི་འདི་ལྟར་སྟག་རྒོད་ཚོགས་པས་ཐག་གཅོད་བྱས་པ་ཡིནཞེས་བྲིས་འདུག དོན་རྐྱེན་འདི་འདྲ་ཞིག་བྱུང་བར་བརྟེན་ངས་དེ་མ་ཐག་གོང་རིམ་ལ་གནས་ཚུལ་ཞུ་དགོས་བྱུང་སོང་མ་གཏོགས་་་་ཞེས་སྟག་ལྷས་ད་དུང་ཅི་ཞིག་གིས་འདོད་པ་མ་གང་བའི་ཚུལ་དུ་བཤད།

ཞོ་ཧྭས། “ཡ་མཚར། འོ་ན། ཁོ་གཉིས་སྟག་རྒོད་ཚོགས་པའི་ཚོགས་མི་ཡིན་པ་རེད། དེ་འདྲའི་འཇོན་ཐང་ཅན་ཞིག ཀུན་ཕན་བཟོ་གྲྭ་འགས་གཏོར་གཏོང་མཁན་དེ་ཡང་ཁོ་གཉིས་ཡིན་རྒྱུ་རེད

ཡིན་ཐག་ཆོད་རེད། ཕྱི་ཉིན་དགོང་མོར་དོན་རྐྱེན་དེ་བྱུང་བ་རེད། ཕལ་ཆེར་ནག་འཚོང་བ་སྦྱིན་བདག་ཁོ་ཚོས་བཙན་ཁྲིད་བྱས་པ་ཡིན་རྒྱུ་རེད། གཅིག་བྱས་ན་གྱོད་གཞི་འདིའི་འབྱུང་རྩ་དང་མཇུག་འབྲས་ད་དུང་ཚབས་ཆེན་དུ་འགྱུར་རྒྱུ་རེདདེ་ལྟར་སྟག་ལྷས་ངར་ངར་གྱིས་བཤད་ཀྱིན་ཐ་མག་འཐེན་འཕྲོ་དེ་མཛུབ་མོའི་བར་ལ་ཕུར་བརྫིས་ཀྱིས་ཕར་གཡུགས།

ཞོ་ཧྭས། “རོང་པ་དེའི་མིང་ལ་ཅི་ཟེར་རམ

ཁོ་ཚོའི་བར་ན་གསང་བའི་ཁྱད་ཆོས་མི་འདྲ་བ་ཞིག་ཡོད་པ་ནི། སུས་ཀྱང་ཁོ་སུ་ཡིན་རྩད་མི་གཅོད་པ་དང༌། ཐ་ན་མིང་ཡང་མི་བཤད་པ་དེ་རེད། ལྷག་པར་རོང་རྒན་དེ་མི་ཁྱད་པར་བ་ཞིག་འདུག གཅིག་བྱས་ན་ཁོ་སྟག་རྒོད་ཚོགས་པའི་འགོ་བ་སྟག་ནག་ཡིན་རྒྱུ་རེད” ཅེས་ཚོད་དཔག་ཅིག་བྱས།

ཞོ་ཧྭས། “དེ་འདྲ་ཡིན་ན། ཁོ་ཚོས་རང་ཉེན་རྟོག་པ་སྟག་ལྷ་ཡིན་པ་ཤེས་སོང་ན་སྟག་དང་སྟག་བར་གྱི་དམར་འཛིང་ཞིག་ཆགས་རྒྱུ་རེད། ང་ངོ་མ་འཇིགས་སྣང་ཡོང་གི་འདུག

ངས་སྟག་རྒོད་ཚོགས་པ་དང་གཡག་རྒོད་ཚོགས་པར་ཁ་གཏད་གཅོག་ཐུབ་མིན་མི་ཤེས་མོད། ཇག་རྐུན་པ་ཚོ་ངས་ཁྲིམས་ལ་སྦྱོར་ཐག་ཆོད་ཡིན

“ཁྱོད་ཀྱིས་ད་གནས་ཚུལ་དེ་ཚོ་ཚང་མ་གོང་རིམ་ལ་ཞུས་ནས་ཁོ་ཚོར་ལས་ཀ་དེ་བྱེད་བཅུག་ན་འགྲིག་གི་མ་རེད་དམ

གནས་སྐབས་རིང་ད་དུང་དོན་དག་འགའ་རེ་ང་རང་གིས་རྩད་གཅོད་བྱས་ན་བསམ་བྱུང༌། ད་དུང་ངས་དོན་ཆེན་གཞན་ཞིག་སྒྲུབ་དགོས་ཀྱི་འདུགཅེས་ཞོ་ཧྭའི་གདོང་ལ་གཅིག་བལྟས་པས། མོས།

ད་དུང་གོ་གནས་ཇེ་མཐོར་གཏོང་བསམ་གྱིན་ཡོད་དམ། ཁྱོད་རང་གཅིག་པུ་དེ་ལྟར་སོང་ན་ཉེན་ཁ་ཞིག་བྱུང་ན་ཅི་བྱེད

དཔོན་གནས་ཇེ་མཐོར་སོང་ན་བྱས་རྗེས་དེ་ལས་ཆེ་ཙམ་འཇོག་ཐུབ” ཅེས་ཀུ་རེ་དང་མཉམ་དུ། “བྱ་བ་འདིའི་ཐོག་ལ་ཁྱོད་ཀྱིས་ང་ལ་རོགས་པ་ཞིག་བྱེད་དགོས་ཀི

“བྱ་བ་ཅི་རེད། ང་འཆི་ལམ་ལ་འདེད་འདོད་པ་ཡིན་ནམ། ཀྲང་ཉེན་དཔོན་གྱིས་གཡག་རྒོད་ཚོགས་པའི་རྭ་བར་དང༌། སྟག་རྒོད་ཚོགས་པའི་མཆེ་བར་ལ་འདེད་ཀྱིན་ཡོད་པ་རེད། ཁྱོད་ཀྱིས་ད་དུང་ང་་ ངས་མི་ཐུབ། མ་གཞི་ང་བྱ་བ་འདིར་ངོ་མ་ཞེད་སྣང་དང་སུན་སྣང་སྐྱེ་གི

ཀྲང་ཉེན་དཔོན་གྱིས་ཁྱོད་ལ་ལས་འགན་འདི་འདྲ་ཞིག་སྤྲོད་ཀྱིན་ཡོད་པ་དེས་ཁྱོད་ལ་མཐོང་ཆེན་བྱེ་ཀྱིན་པ་རེད། རང་གི་འཇོན་ཐང་ཡང་རེད། སྤྱིར་ཡིན་ན་དེ་ཁྱོད་ཀྱི་གནས་བབ་མཐོར་འདེགས་ཡོང་བའི་ཆ་རྐྱེན་ཞིག་ཀྱང་རེད། མ་གཞི་ཁྱོད་དང་ཐོག་བྱ་བ་འདིར་ཞུགས་དུས་ང་མ་དགའ་ཐལ། འོན་ཀྱང་བྱ་བ་འདི་ཧ་ཅང་དོན་ཆེན་ཞིག་ཡིན་པ་མ་ཟད། ཁྱོད་རང་ངོ་མ་རང་གི་ཕུགས་འདུན་འཚོལ་སྙེག་ཐུབ་མཁན་ཞིག་ཡིན་མིན་གྱི་ཉམས་སད་ཐེངས་གཅིག་ཀྱང་ཡིན་པས། ད་དུང་ལོ་གཅིག་གཉིས་ལ་ཚོད་ལྟ་ཞིག་བྱས་ན་ཤེས་རྒྱུ་གོ་རྒྱུ་དང་ཉམས་མྱོང་གསར་བ་རེ་འཐོབ་ངེས། ད་ལྟ་ངའི་འགན་ཁུར་ཡང་ཇེ་ལྕིར་སོང་བ་ཁྱོད་ཀྱིས་ཤེས་གསལ་རེད། ཁྱོད་ང་མཉམ་དུ་ཡོད་ན་ཕན་ཚུན་གཞོགས་འདེགས་ཀྱིས་བྱ་བ་མང་ཙམ་བྱེད་ཐུབ་རྒྱུ་རེད། ཡིན་གཅིག་མིནགཅིག་ཉེན་ཁགདོང་གིས་བསུ་དགོས་པ་མ་རེད། མ་གཞི་ཉེན་ཁ་འབྱུང་མིན་དེ་གཙོ་བོ་སོ་སོའི་ཐབས་རྩལ་དང་འཇོན་ཐང་ལ་རག་ལས་པ་ཞིག་ཀྱང་རེད” ཅེས་མོའི་གདོང་ལ་ལྟ་བཞིན། 

ད་དུང་གནས་ཚུལ་འགའ་རེར་རྒྱུས་ལོན་དང༌། དཔང་རྟགས་ཁ་ཤས་གསལ་བོ་བཟོ་དགོས་ཀི དེ་བས་ཁྱོད་ཀྱིས་ང་ལ་གསང་གནས་པར་ལེན་དང༌། གསང་གཏམ་སྒྲ་འཇུག་གི་རོགས་པ་རེ་བྱེད་དགོས་ཀི

ཞོ་ཧྭས་ལན་ཅི་ཡང་མ་བཏབ་པར་སྟག་ལྷའི་གདོང་ལ་བལྟས་ནས་བསམ་བློ་གང་འཚམ་བཏང་རྗེས། སྐེ་ལ་དམ་པོར་འཁྱུད་ནས་འོ་ཞིག་བྱས་སོ།།

 

 

ཆ༽

 

རྒྱང་རིང་ནས་བལྟས་ན། གཡུ་འབྲུག་རྫ་བྲག་སྔོན་མོའི་རི་རྒྱུད་ནི་དབྱར་ཁར་གཡུ་འབྲུག་ཅིག་ས་ལ་འཁྱུག་འགྲོས་བྱེད་པའི་ཚུལ་དང༌། དགུན་གྱི་ཁ་བས་བཀླུབས་པས་སྦྲུལ་དཀར་ཅིག་འཁྱུག་པ་དང་ཡང་འདྲ་བས་བལྟས་ན་བརྗིད་ཆགས་ཤིང་མཛེས་སྡུག་དང་ལྡན་པ་ཞིག་ལགས་ནའང༌། ད་ནི་དཔྱིད་ཟླ་གསུམ་པར་བསླེབས་ཀྱང་རི་རྒྱུད་ཀྱི་སྲིབ་ཚང་མ་གངས་མཐུག་པོས་བཟུང་ཡོད་པས་ཐག་ཉེར་བཅར་ན་གྲང་ངར་ཤིན་ཏུ་ཆེ།

གནའ་སྔོན་མར་རི་རྒྱུད་འདིའི་སྤང་རི་འགའ་རེར་ལུག་འཚོ་ས་དང༌། སྨན་པ་འགའ་རེས་སྨན་འཐུ་ས་ཙམ་ལས་སུས་ཀྱང་བདག་བཟུང་ལོངས་སྤྱོད་མེད་པ་གཅན་གཟན་རི་དྭགས་ཀྱི་ཕ་ས་ཁོ་ན་ཞིག་ཡིན། དེ་བས་རྔོན་པ་འགའ་རེས་རི་ཉུལ་སྤྲོ་སྐྱིད་བྱེད་ས་ཞིག་ཀྱང་ཅིས་མིན། རྗེས་སུ་མ་ཇག་གི་བཙན་འཛུལ་སྐབས་དང༌། ལྷག་པར་དུའང་གུང་དམག་གིས་བཙན་འཛུལ་སྐབས། རང་ས་སྲུང་སྐྱོབ་ཀྱི་དང་བླང་དཔའ་རྒོད་སྟོང་ཕྲག་མང་པོས་རི་རྒྱུད་འདིར་བཙན་ས་བཟུང་ནས་ཡུན་རིང་ངེས་མེད་འཇམ་རྒོལ་བྱས་པའི་གཡུལ་ས་ཞིག་ཀྱང་ཡིན་པས། གུང་དམག་གིས་འདི་ལངོ་ལོག་ཇག་དམག་རི་བོཞེས་ཀྱང་ཟེར་ལ། རིག་གནས་གསར་བརྗེའི་སྐབས་སུ་རི་བོ་འདི་ཡང་ཞྭ་གོན་གྱི་གྲས་སུ་བརྩིས་ནས་སྡིགས་མཛུབ་གཏད་དེ་འཐབ་རྩོད་བྱས་སྐད། ད་ལྟ་རི་དྭགས་ཀྱང་སྟོངས་ལ་ཉེ། ཡིན་ན་ཡང་རྒྱ་གཞུང་གིས་རི་རྒྱུད་འདི་རིན་པོ་ཆེའི་གཏེར་མཛོད་ཆེན་པོ་ཞིག་ཡིན་པས་སྔོག་འདོན་གྱི་འཆར་གཞི་ཡོངས་སུ་བཏིང་ཚར། དེ་ལྟར་རྫ་རི་འདིའི་ལས་དབང་ནི་མི་རིགས་ཤིག་གི་ལས་དབང་ལ་ཡང་འབྲེལ་བ་ཡོད། གང་ལྟར་རྫ་རི་འདི་དང་འདི་ལྟ་བུ་མང་པོ་ཞིག་ང་ཚོའི་མིག་ལམ་དུ་སྔོན་གཤེགས་དཔའ་བོའི་རྡོ་རིང་རེ་རེ་དང༌། ང་ཚོའི་སེམས་ཁོང་དུ་ལོ་རྒྱུས་ཀྱི་རྨ་ཁ་རེ་རེར་འགྱུར་བཞིན་ཡོད།

མི་རིང་བར་གནས་འདི་སླར་ཡང་ཡ་ང་བའི་གཡུལ་ས་ཞིག་ཏུ་འགྱུར་རྒྱུ་མིན་ནམ། ལྟོས་དང༌། དཔའ་བོའི་རྡོ་རིང་འདིའི་དབུ་རྩེ་ན་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་དར་ལྕོག་དང་མདའ་དར་མང་པོའི་ཁྲོད་ན་དགུན་གྱི་ལྷགས་རླུང་གིས་ལྷབ་ལྷུབ་སྐྱོད་ཀྱིན་པ་འདིས་ཀྱངབོད་སྐྱོབས’‘བོད་སྐྱོབསཞེས་ལྷ་སྲུང་དག་ལ་རེ་འབོད་ཞུ་བ་དང་འདྲའོ། མདའ་དར་དངདར་ལྕོག་དེ་དག་ཀྱང་དོན་དངོས་སུ་དམག་དར་རེ་རེར་ངོས་འཛིན་བྱས་ཆོག་སྟེ། དེ་སྔ་གསེར་གཡག་རིན་པོ་ཆེ་དང་གངས་གཡག་གཉིས་ཀྱིས་གཡག་རྒོད་ཚོགས་པའམ་བོད་ཁ་བ་ཅན་གྱི་དབུ་འཕང་དགུང་ལ་མཉམ་ཕྱིར་རྒྱལ་མཚན་རྩེ་མོ་དང་གུ་རུ་རིན་པོ་ཆེའི་གཟུངས་སྔགས་སོགས་དཔར་བའི་དར་ལྕོག་མང་པོ་དང་མདའ་དར་གསར་འཛུགས་ཀྱིས་ལབ་ཙེ་གསར་དུ་བསྟད་པ་ཞིག་ཡིན་ལ། ད་ལྟ་སྟག་རྒོད་ཚོགས་པས་ཀྱང་ཐུན་མོང་གི་དར་ལྕོག་དང་མི་རེས་མདའ་དར་རེ་གསར་འཛུགས་དང་བསངས་གསོལ་གྱིས་གནས་འདིར་ཡང་ཡང་སྐོང་ཚོགས་བྱེད་ཀྱིན་ཡོད།

དབུ་རྩེ་ནས་མར་ཅུང་བབས་ན་གེ་སར་མཁར་རྫོང་ཞེས། བྲག་ཐེམ་དང་བྱ་སྐྱིབས། བྲག་ཁུང་ཆེ་ཆུང་མི་འདྲ་བ་བརྒྱ་ཕྲག་ཡོད་པའི་རྡོ་མཁར་རང་གྲུབ་མ་སྒོར་མོ་ཞིག་ཡོད་པའི་ནང་དུ་དམག་རྟ་སྟོང་ཕྲག་གཅིག་ཤོང་ལ་བྲག་སྒོ་འགག་འཕྲང་དོག་མོ་གཉིས་ལས་ནང་དུ་ཡོང་ས་མེད་པས་དགྲ་འགོག་རང་སྲུང་བྱ་སའི་བཙན་མཁར་དཔེ་མི་སྲིད་པ་ཞིག་ཡིན་པས། སྔོན་ཆད་གུང་དམག་གིས་ཀྱང་གནམ་གྲུའི་ནང་ནས་འག་རྫས་ཡང་ཡང་གཏོར་ནས་མ་གཏོགས་ཕར་རྒོལ་བྱེད་མ་ཐུབ་པར་གྲགས།

ད་ལྟ་བཙན་མཁར་གྱི་ནང་ལ་སྟག་རྒོད་ཚོགས་པའི་རྟ་དམག་ཁྱུ་གཅིག་འཛོམས་ཡོད་ལ། མཚོན་ཆ་ཡང་འབོར་ཆེན་ཞིག་གསོག་ཉར་བྱས་ཡོད། འོན་ཀྱང་ཁོ་ཚོས་འབྱུང་ཉེན་གྱི་བྱ་བ་ཞིག་ལ་སྔོན་འགྲོའི་གྲ་སྒྲིག་ཙམ་བྱེད་ཀྱིན་པ་ལས་དོགས་ཟོན་གང་ཡང་མེད་པར་བག་ལྷོད་པོར་བསྡད་ཡོད། གལ་ཏེ་གསང་བའི་འཇམ་རྒོལ་ཞིག་བྱུང་ན་ཁོ་ཚོ་ལས་སླ་བོར་ཚར་གཅོད་ཐུབ་ངེས།

ཉི་མ་ལྷོད་ལ་བབས་ཀྱང་ཚང་མ་གཉིད་དུ་ཡུར་ནས་འདུག སྐབས་འདིར་གློ་བུར་དུ་བསྟུད་མར་མེ་མདའ་འགའ་བརྒྱབ་བྱུང་བས་ཁོ་ཚོ་གཅིག་འདྲོགས་གཉིས་འདྲོགས་ཀྱིས་འགའ་རེ་བྲག་ཁུང་ནང་དང༌། ལ་ལ་བྲག་ཐེམ་སོགས་ནས་ལངས་ཏེ་པགས་རྩག་མཐུག་པོ་དང་ཕྱིང་བ་སོགས་གོན་ནས་བྱ་རྒོད་ཅིག་སྒོང་སྒོང་གིས་འཕུར་གྲབས་བྱེད་པའི་ཚུལ་གྱིས་བལྟས་པ་ན། བཙན་མཁར་གྱི་དཀྱིལ་ལ་མི་ནག་རྟ་ནག་ཅན་གྱི་དཔའ་རྒོད་ཅིག་བསླེབས་འདུག

ཁོ་རེ་སུ་ཡིན” ཞེས་སྟག་ནག་གིས་བྲག་ཐེམ་ནས་འགྱིངས་འགྲོས་བྱེད་ཀྱིན་མར་བབ་འོངས་པ་ན།

རྟ་ནག་ཅན་གྱིས་ཀྱང་རྟ་ཐོག་ནས་ཟུར་འདུག་ཅིག་བྱས་ཏེ། དེང་སང་བོད་གངས་ཅན་ན་མི་ནག་རྟ་ནག་ཅན་གྱི་སྟག་མོ་ཁེར་འགྲོ་བྱེད་མཁན་གཅིག་མ་གཏོགས་མེད” ཅེས་བཤད།

འོ་ན། ཁྱོད་ཨ་མྱེས་རྫ་ལུང་གི་མི་ནག་རྟ་ནག་ཅན་དེ་མིན་ནམ

དེ་སུ་ཡིན་ཤེས་སམ

དེ་་ རྨ་ཆེན་གངས་རིའི་གངས་གཡག་མིན་ནམ

“མ་འཆུགས་ཐལ

སྟག་ནག་ཁོའི་མདུན་ལ་བཅར་གྱིན་ད་དུང་ཅུང་ཐེ་ཚོམ་ངང༌། འོ་ན། ཁྱོད་ཀྱིས་ང་སུ་ཡིན་ཤེས་སམ

ལོས་ཤེས། ཁྱོད་སྔོན་ཆད་ང་ཚོ་གཡག་རྒོད་ཚོགས་པའི་གཡག་རྒོད་ནག་ཐུར་དང༌། ད་ལྟ་སྟག་རྒོད་ཚོགས་པའི་ཚོགས་གཞོན་སྟག་ནག་རེད

ཧ་ཧ་ ཚོགས་གཞོན་རེད། འོ་ན་ཚོགས་གཙོ་སུ་རེད། ཁྱོད་ཡིན་ནམ” ཞེས་བྲག་ཐེམ་ནས་དཔའ་རྒོད་ཅིག་གིས་ཅུང་མ་འདོད་པའི་ཚུལ་དུ་བཤད།

སྟག་ནག་གིས་གུས་འདུད་དང་བཅས། “གངས་གཡག་མཆོག་ངོ་མ་ཤེས་པས་གུས་མེད་བྱས་སོང༌། དེ་རིང་མཇལ་བ་དགའ་སྤྲོ་ཆེ། ཡར་ཕེབས། སྤུནཟླ་ཚོ་ཁོང་ལ་དགའ་བསུ་བྱོསཞེས་བཤད་པ་དང་ཚང་མས་ཐལ་མོ་རྡེབ་ཀྱིན་སོ་སོའི་ས་ནས་མར་བབས།

བཀའ་དྲིན་ཆེ། ང་འདུག་ཁོམ་མེད། ད་དུང་འདི་ན་ཁྱོད་ཚོའི་ཚོགས་གཙོ་སྟག་དམར་གྱི་བཀའ་ཡིག་ཅིག་ཀྱང་ཡོདཅེས་རུམ་ནས་ཡི་གེ་ཞིག་བླངས་ཏེ་ཁོའི་ལག་པར་གཡུགས། སྟག་ནག་གིས། ཡི་གེའི་ཁ་ཕྱེ་ནས་གཅིག་བཀླགས་རྗེས་ཡུད་ཙམ་ལ་ཅི་ཡང་མི་བཤད་པར་ག་ལེར་ཁ་ཕྱིར་འཁོར་ནས་ཚང་མར་ལྟ་བཞིན་བསམ་བློ་ཞིག་བཏང༌། མཚམས་འདིར་ཚོགས་མི་ཕལ་ཆེར་ཉེ་འགྲམ་དུ་འབྱོར་བྱུང་བས་ཁོས་སྐད་ཅུང་མཐོན་པོས།

སྤུན་ཟླ་ཚོ། ང་ཚོར་ང་ལས་ལྡབ་བརྒྱ་ལྷག་གི་ནུས་པ་ཡོད་པའི་སྟག་དམར་ཅིག་ཡོད། ཁོ་ང་ཚོའི་ཚོགས་གཙོ་ངོ་མ་རེད། གནས་སྐབས་གསང་བ་བྱེད་དགོས་བྱུང་བས་ངས་མ་བཤད་པ་ཡིན། འདི་ངོ་མ་སྟག་དམར་མཆོག་གི་ཛ་དྲག་གི་བཀའ་ཡིག་རེད། འདིའི་ནང་དུ། དོ་ནུབ་གཡུ་འབྲུག་རྫ་བྲག་དམག་གིས་བསྐོར་རྒྱུ་ཡིན་པས་ཁྱོད་ཚོ་མྱུར་དུ་གཞན་དུ་སོང་ནས་གནས་སྐབས་རིང་སྤྱིར་བཏང་མི་སེར་གྱི་ཚུལ་དུ་སྡོད། མཚོན་ཆ་ཚང་མ་རྫ་བྲག་གི་གསང་ཁུང་སོ་སོར་སྦས་ཞོག རྒྱ་རྒན་སྤྱང་ནག(ཀུན་ཕན་བཟོ་གྲྭའི་སྦྱིན་བདག་སྟེ་ཁོ་ཚོས་མཚང་མིང་གསར་བར་དེ་སྐད་འབོད)གངས་གཡག་ལ་རྩིས་སྤྲོད་དགོས། ཡི་གེ་འདི་ཚང་མར་བསྟན་ན་འགྲིགས་ཞེས་བཀོད་འདུགཅེས་བསྒྲགས་པ་དང་ཚང་མ་ཅུང་ཡ་མཚར་བའི་ཚུལ་གྱིས་གཅིག་གཅིག་གི་གདོང་ལ་ལྟ་བཞིན་ཡུད་ཙམ་ལུས།

སྟག་ནག་གིས།སྤྱང་ནག་ཁྲིད་ཤོགཅེས་པ་དང་བྲག་ཕུག་ཅིག་གིནང་ནས་དམག་མི་གཉིས་ཀྱིས་ཤི་མིན་རོ་མིན་གྱི་རྒྱ་རྒན་ཀླད་དམར་ཞིག་སྐྱོར་འདྲུད་ཀྱིས་ཁྲིད་འོངས། ཁོའི་གདོང་གི་ཁྲག་དང་རྨ་རྗེས་སོགས་ལ་བལྟས་ན་གཅར་རྡུང་དྲག་པོ་ཞིག་བྱས་པ་འདྲ་ལ། ཡང་གདོང་གི་བཟོད་བསྲན་གྱི་རྣམ་འགྱུར་ལ་བལྟས་ན་དཔའ་བོ་ཞིག་ཀྱང་ཡིན་པ་མཐོང་ཐུབ། གངས་གཡག་གིས་ཤིན་ཏུ་ཆེ་བའི་གདོང་ཤེལ་ནག་པོའི་ནང་ནས་སྤྱང་ནག་ལ་ལྟ་བཞིན།

རྟ་ཐོག་ལ་ཁྱུགས་ཞོག” ཅེས་བཤད་པ་དང་དམག་མི་དེ་གཉིས་ཀས་ཁོ་རྟ་ཞིག་གི་ཐོག་ལ་བསྐྱོན་ནས་བཀྱིགས།

སྤྱང་ནག་འདིས་མི་སྐད་མི་ཤེས་པས་སྐད་ཆ་ཚིག་གཅིག་ཀྱང་ལོན་མ་བྱུངཞེས་སྟག་ནག་གིས་སྲབ་མདས་མགོ་ལྕག་གཅིག་གཞུས་ཏེ་གངས་གཡག་གི་ལག་ལ་བཞག

གངས་གཡག་གིས། ངར་བ་རེད། སྤྱང་ནག་འདུལ་ཐབས་ང་ལ་ཡོདཅེས་སྟག་ནག་དང་དཔའ་རྒོད་ཚོར་གདོང་ཕྱོགས་ནས།

རུ་ཤོག་ཚང་མ་འཛོམས་ཡོད་དམ། ཁྱོད་ཚོས་དམར་འཛིང་བྱ་རྩིས་ཡིན་ནམ

གསང་མྱུལ་སྟག་དཀར་རུ་ཤོག་མ་གཏོགས་རུ་ཤོག་བརྒྱད་པོ་ཚང་མ་འཛོམས་ཡོད། དམར་འཛིང་བྱ་རྒྱུར་ཚང་མས་སེམས་ཐག་བཅད་ཡོདསྟག་ནག་གིས་ཐག་ཆོད་པོས་ལན་བཏབ།

གངས་གཡག་གིས་མགོ་འཕྲེད་ལ་གཡུག་གིན་སྐད་མཐོན་པོས། སྤུན་ཟླ་དཔའ་རྒོད་ཚོ། སྟག་དམར་དང་ངེད་གཉིས་མནའ་བཅད་གྲོགས་པོ་ཡིན། དེ་བས་ཁོང་གི་བཀའ་བརྩི་རྒྱུ་ནི་ངའི་རེ་བའང་ཡིན། ཕོ་གཉིད་དགའ་ཆེ་ན་དགྲ་མགོ་འཆོར་ཟེར་བ་མ་བརྗེད། གལ་ཏེ་ཁྱོད་ཚོ་འདི་ལྟར་གཉིད་བསྡད་ན་བཙན་མཁར་གྱིས་ཕན་ལས་གནོད་ཚབས་ཆེ། ཁྱོད་ཚོ་ནི་བོད་ཀྱི་བསྟན་སྲིད་སྲུང་སྐྱོབ་ཀྱི་དང་བླང་དམག་སྡེ་ཞིག་ཡིན་པས་སྒྲིག་ལམ་ཡོད་དགོས་ལ་འཆར་གཞི་དང་གྲ་སྒྲིག་ཡང་ཡག་པོ་ཡོད་དགོས། ལྷག་པར་རང་སྲོག་བློས་གཏོང་བྱེད་རྒྱུ་ཁོ་ན་མིན་པར་བྱས་རྗེས་ཆེ་ཙམ་འཇོག་པའི་ཕུགས་འདུན་དགོས། གལ་ཏེ་ཁྱོད་ཚོས་དུས་ཚོད་དལ་འགོར་བཏང་ཚེ་ཚང་མ་འཆི་ལམ་མ་གཏོགས་མེད་ལ་ང་ཚོའི་དོན་ཆེན་ཡང་བརླག་རྒྱུ་རེད། དེ་ཚང་མས་སེམས་ལ་ཟུངས།ཞེས་བཤད་པའི་སྐད་ངག་བྲག་ཅར་འཁོར་རྗེས་ཡུད་ཙམ་དལ་ཅག་གེར་གྱུར། ད་དུང་ཡང་ལགས་སོ་ཟེར་མཁན་གཅིག་ཀྱང་མེད་པས། གངས་གཡག་གིས་སླར་ཡང་དཔའ་སྐད་དྲག་པོས།

དཔའ་རྒོད་ཚོ། ཁྱོད་ཚོས་སླར་ཡང་གྲོས་མོལ་ཞིབ་མོ་ཞིག་བྱོས། སྟག་རྒོད་ཚོགས་པ་འདི་མི་ཡིན་པ་ལས་གཅན་གཟན་སྟག་ག་ལ་ཡིན། དེ་བས་ཁྱོད་ཚོ་སྟག་འཆི་འཆི་མི་བྱེད་པར་ང་ལ་ཡིད་ཆེས་ཡོད། གལ་ཏེ་ངོ་མ་ཁྱོད་ཚོ་འདི་ལྟར་ཤི་ན་དེ་ནི་དགྲ་དགའ་གཉེན་སྡུག་ཁོ་ན་ལས་གཞན་ཅི་ཡང་མིན་པ་ཤེས་པར་གྱིས” ཞེས་སྟག་ནག་ལ་ནན་གྱིས་ལྟ་བཞིན།

སྟག་ནག་འདི་གལ་ཆེའི་དམག་བཀོད་ཀྱི་བཀའ་ཡིག་རེད” ཅེས་སྤྱང་ནག་གི་སྲབ་མདའ་ནས་ཤུགས་ཀྱིས་གཅིག་འཐེན་ནས་ཁྲིད་དེ་རྒྱུགས་མ་འདུར་གྱིས་སྐད་ཅིག་ལ་མཁར་རྫོང་གི་འགག་སྒོ་འོག་མ་ནས་ཕྱིར་ཆས་སོ།

ཚང་མས་སྟག་དམར་གྱི་བཀའ་དང་གངས་གཡག་གི་སྐད་ཆར་ལགས་སོ་མ་ཞུས་ཀྱང༌། མི་དང་མིན་གྱི་དགག་ཚིག་ཅན་གྱི་ལན་ཡང་མ་བཏབ་པར་འདི་ལྟར་འདུག་དོན་ཅི། ཚང་མས་བསམ་གཞིགས་ཤིག་བྱེད་ཀྱིན་པ་འདྲ་ཡང༌། དོན་དངོས་སུ་སྲོག་བསྡོས་ཀྱིས་དམར་འཛིང་བྱེད་རྒྱུར་སྔ་ས་ནས་དམ་བཅས་ཡོད་པས་ད་ལྟ་ཁོ་ཚོར་མཚོན་ན་དེ་ནི་བྱེད་དཀའ་བ་ཞིག་སྟེ། གཅིག་ནས་བཀའ་འམ་སྒྲིག་ལམ་བརྩི་རྒྱུ་དང༌། ཡང་ན་མཐའ་གཅིག་ཏུ་མནའ་བསྐྱལ་དམ་བཅའ་བཞིན་དུ་གནས་འདི་ནས་རང་སྲོག་འདོར་རྒྱུ་དེ་གཉིས་ཡིན།

(ང་ཚོ་བོད་ཀྱི་དམག ལྷག་པར་དང་བླང་དམག་ཟེར་བ་དག་ནི་སྔོན་ཐོན་དམག་གི་སྒྲིག་ལམ་ཅན་མིན་པས་ཐ་ན་ཁོ་ཚོའི་དམག་སྤྱིའི་བཀའ་ཡང་དང་ལེན་མི་བྱེད་པའི་སྐབས་མང་པོ་ཡོང་ལ། དེར་བརྟེན་དམག་འཐབ་ལ་ཕམ་ཁ་ཡང་མང་པོ་མྱངས་མྱོང༌། དེ་བས་གངས་གཡག་གིས་ཀྱང་ད་ལྟ་རང་མཁར་རྫོང་འདི་ནས་སེམས་ཁྲལ་རུམ་གང་ཁྱེར་ནས་སོང་ཡོད་ལ། འདི་ལ་སེམས་ཁུར་བྱེད་པའི་མི་སེར་ཕལ་བ་ཡང་ཅི་འདྲའི་མང་པོ་ཞིག་ཡོད་པ་བཤད་ཅི་དགོས། ཐ་ན་སྒྲུང་གཏམ་འདི་འབྲི་མཁན་ང་རང་ལའང་སེམས་ཁྲལ་ཆེ་ཞིང་ངའི་ཀློག་མཁན་གྲོགས་པོ་ཚོར་ཡང་སེམས་ཁྲལ་ཡོང་ངེས།)

གང་འཚམ་ནས་རུ་དཔོན་སྟག་སྨྱོན་ཕ་བོང་ཞིག་གི་སྒང་ལ་བསྡད་དེ་ཐ་མག་ཅིག་འཐེན་བཞིན་ཚང་མར་ཞིབ་ལྟ་ཞིག་བྱེད་ཀྱིན།

ཚང་མས་མགོ་སྒུར་ནས་བསམ་བློ་གཏོང་སྟངས་ལ་བལྟས་ན། དཔའ་རྒོད་ཚོས་མནའ་དོར་ནས་འབྲོས་ན་འདོད་ཀྱི་ཡོད་པ་མིན་ནམ” ཞེས་མཐོང་ཆུང་གི་ཚུལ་དུ་བཤད།

ཆེ་ཡིན། ཆེ་ཡིན། མཁར་རྫོང་འདི་ན་སྟག་རྒོད་རྐྱང་རྐྱང་ལས་ཝ་མོ་སུ་ཞིག་ཡོད། ཁྱོད་སྟག་སྨྱོན་ཇི་ལྟར་སྨྱོ་ཐུབ་ན་ང་རྒྱ་སྟག་ཀྱང་དེ་ལྟར་མཆོང་ཐག་ཆོད་ཡིན” ཞེས་རྡོ་རིལ་ཆེན་པོ་ཞིག་བླངས་ཏེ་མར་གའི་གྲོག་རོང་ཆེན་པོའི་ནང་དུ་འཕངས་པ་ན། སྐར་མ་ཕྱེད་ཙམ་འགོར་རྗེས་ད་གཟོད་ཆོབ་སྒྲ་ཙམ་ཞིག་བྱུང༌།

རུ་དཔོན་འཛུམ་དྲུག་ལངས་བྱུང༌། “ངས་བལྟས་ན་སྐད་ཆ་ཆོ་མེད་དེ་འདྲ་བཤད་དགོས་དོན་མི་འདུག དམག་ཡིན་ན་སྒྲིག་ལམ་ལོས་དགོས། འཐབ་ནའང་འདྲ། དམག་སྤྱིའི་བཀའ་ཕབ་པ་ལག་ལེན་བྱས་ནའང་འགྲིགས་དེ་ལ་གཅིག་དཔའ་བོ་དང་ཅིག་ཤོས་སྡར་མ་ཡིན་པའི་རྒྱུ་མཚན་མི་འདུག དེ་ལས་ང་ཚོས་གྲོས་ཡག་པོ་ཞིག་བྱས་ན་བཟང

སྟག་སྨྱོན་གྱིས་སླར་ཡང་རྫིག་ཉམས་དང་བཅས། “ང་ཚོ་སྟག་རྒོད་ཚོགས་པའི་འགོ་གཙོ་ལ་སྟག་དམར་ཟེར་བ་ཞིག་གང་ནས་བྱུང་ངམ། གནད་འགག་འདི་འདྲའི་སྐབས་སུའང་ཁོ་མི་འོངས་དོན་ཅི་ཡིན་ནམ། གངས་གཡག་ཟེར་བ་འདི་ཡང་བལྟས་ཡོང་ན་ཁ་ཕོ་ཆེ་བ་ཞིག་འདུག་མ་གཏོགས། ཁོས་སྟག་མོ་ཁེར་འགྲོ་བྱས་ནས་ཝ་མོ་ཞིག་ཀྱང་བསད་སོང་ཟེར་བ་ངས་གོ་མ་མྱོང། དོན་དག་འདི་ཚོ་ཧ་གོ་རྒྱུ་ཁག་པོ་འདུག དེ་བས་ཁྲ་རིང་མེ་མདར་བློ་གཏད་ནས་སྟག་འཛུམ་དྲུག་ཀྱི་ལེར་ཤི་ན་དགའ” ཟེར་ནས་མེ་མདའ་བླངས་ཏེ་བྱིལ་བྱིལ་བྱས།

དེ་མ་ཐག་སྟག་ནག་གིས་ངར་སྐད་འདི་ལྟར་བསྒྲགས། “དཔའ་རྒོད་ཚོ། གངས་གཡག་ནི་མྱུལ་ཞིབ་འགོ་གཙོ་ཞིག་རེད། ཁོང་ནི་རི་གྲོང་གཉི་གའི་ཞི་དྲག་གཉིས་ལྡན་གྱི་སྟག་མོ་ཁེར་ཉལ་ཞིག་རེད། ཁོང་ལ་དམའ་འབེབས་བྱེད་མཁན་ཡོད་ན་ངོ་མ་ངོ་ཚ་དགོས་པ་ཞིག་རེད” ཅེས་སྟག་སྨྱོན་ལ་གཅིག་བལྟས་རྗེས་མུ་མཐུད་དུ།

ཡིན་ན་ཡང་དཔའ་བོ་སོ་སོར་སོ་སོའི་ཁྱད་ཆོས་དང་རང་གཤིས་ཤིག་ཡོད་པ་རེད། ང་ཚོ་མང་ཆེ་ཤོས་ལ་བླུན་རྟགས་དང་འགྲན་སེམས་ང་རྒྱལ་ཆེན་པོ་ཡོད། ང་ཚོས་ཁྱད་ཆོས་དེ་དག་ངོམ་ས་མདུན་ན་ཡོང་བཞིན་པའི་དགྲ་བོ་བཙན་རྒྱལ་རྒྱ་དམག་རེད་མ་གཏོགས། སྤུན་ཟླ་ནང་ཁུལ་མ་རེད། དཔའ་རྒོད་རྣམ་པ། ངས་དེ་རིང་གསལ་བཤད་བྱེད་དགོས་པ་ཞིག་ལ། དོན་དངོས་སུ་ང་ཐོག་མ་ནས་ཚོགས་གཙོ་མིན། ང་ཚོའི་ཚོགས་གཙོ་སྟག་དམར་རེད། ཚོགས་པ་འདི་འདྲ་ཞིག་རྒྱ་བསྐྱེད་པ་དང༌། ང་ཚོས་ད་བར་གྱི་འགུལ་སྐྱོད་མང་པོ་ཞིག་ཇི་ལྟར་བྱས་པ་ཚང་མ་ཚོགས་གཙོའི་བཀའ་བཀོད་གནང་བ་ཞིག་ཡིན། ང་ལ་བླུན་རྟགས་ཀྱི་དཔའ་ཞིག་མ་གཏོགས་འཇོན་ཐང་གང་ཡང་མེད། ང་ཚོར་སྟག་དམར་ལྟ་བུའི་ཚོགས་གཙོ་ཞིག་ཡོད་པས་ད་བར་གྲུབ་འབྲས་འདི་ཙམ་ཐོབ་པ་རེད། ང་གཉིས་མཉམ་འབྲེལ་གྱིས་ཐོག་མར་ཚོགས་པ་འཛུགས་དུས་ཁོང་གིས་ང་ལ་དམ་བཅའ་གཉིས་འཇོག་དགོས་པའི་རེ་བ་བཏོན་ཡོད། གཅིག་ནི་ངས་ཛ་དྲག་གི་དུས་ཤིག་ལ་མ་བབ་བར་དུ་ཚོགས་གཙོའི་འགན་ཁུར་ནས་སྟག་དམར་ཟེར་བའི་ཚོགས་གཙོ་ཞིག་ཡོད་པ་སུ་ལའང་བཤད་མི་ཆོག་པ་མ་ཟད། ལྷག་པར་མི་དེ་སུ་ཡིན་ཁོ་རང་ནམ་ཞིག་ལྷང་ལ་མ་བུད་བར་དུ་སུ་ལའང་བཤད་མི་ཆོག་པ། གཉིས་ནི་ཉེན་ཁ་ཆེ་བ་དང་དོན་དག་གལ་ཆེ་བའི་སྐབས་གང་ཡིན་ལ་ཚོགས་གཙོའི་བཀའ་དང་འགལ་ནས་དམག་བཀོད་འཇོག་མི་ཆོག་པ་དེ་ཡིན། དེ་བས་ངས་མནའ་དམ་བཞག་ཡོད། དེ་རིང་ངས་སྟག་དམར་གྱི་བཀའམ་བརྩིས་ནའང་མནའ་ཚིག་དང་འགལ་བ་རེད་ལ། འདིར་དམར་འཛིང་མ་བྱས་ནའང་དཔའ་རྒོད་ཚོའི་མནའ་ཚིག་དང་འགལ་བ་རེད། གང་ལྟར་ང་མ་འགལ་ས་ཞིག་ལ་འགྲོ་ས་མེད་པས། ད་འདིར་ཤི་ནའང་དགའ། ཡིན་ན་ཡང༌། ཁོང་གིས་འདི་ལྟར་བཀའ་འབེབས་དོན་ང་ཚོའི་དཔའ་རྒོད་ཚོའི་རང་སྲོག་འཆོར་དུ་མི་འཇུག་པའི་ཆེད་དང༌། རྗེས་སུ་བྱས་རྗེས་མང་ཙམ་འཇོག་པའི་ཆེད་རེད། དེ་བས་དོན་དག་འདི་ལ་ཚང་མས་བསམ་བློ་ཐོངས” ཞེས་ཅུང་གོ་རྒྱུ་ཅན་ཞིག་བཤད་པ་ན།

དམར་ཡག་རུ་དཔོན་གྱིས། “ངས་བལྟས་ན། དེ་རིང་མནའ་ཚིག་གལ་ཆེར་མི་འཛིན་པར་དགོས་གལ་མ་ནོར་བ་བྱེད་རྒྱུ་དེ་རེད། ང་ཚོར་མཚོན་ན་མྱུར་དུ་འཆི་བ་ལས་རིང་ཙམ་གསོན་པ་ལ་དོན་སྙིང་ལྡན་པར་ངེས

རུ་དཔོན་རྒྱ་སྟག་གིས། "སྐྱེས་ཕོ་རབས་ཤིག་ལ་མནའ་ཚིག་ལས་ལྷག་པའི་ལ་རྒྱ་ཞིག་ཅི་ཡོད། འཆི་གསོན་གྱི་དོན་སྙིང་ཟེར་བ་འདི་བྱས་རྗེས་ཀྱི་ཆེ་ཆུང་ལ་ལྟ་དགོས། ང་ཚོ་རུ་ཤོག་བརྒྱད་པོར་དཔའ་རྒོད་དགུ་བརྒྱད་དོན་གཉིས་འདུག མ་མཐའ་ཡང་ང་ཚོའི་མི་རེས་དགྲ་བོ་གཉིས་གསུམ་རེ་ལོས་སོད། ང་གསོན་ནས་རིན་ཐང་ཆེ་རུ་མི་འགྲོ་ཁོ་ཐག་ཡིན” ཞེས་བཤད་པ་དང༌། ཁོའི་རུ་ཤོག་ནས་རྒད་པོ་ཞིག་ལངས་ཏེ། 

དེ་བདེན་པ་རེད། རྒད་པོ་ང་ལྟ་བུ་ལ་མཚོན་ན་ད་གསོན་ནས་བྱས་རྗེས་འཇོག་ཁོམ་ཅང་མི་འདུག མཁར་རྫོང་འདི་ལྟ་བུ་ཞིག་གི་ནང་ནས། མདའ་བོའུ་ལག་ཆ་འདི་འདྲ་མང་པོ་ཞིག་ཡོད་ཐོག ཚུར་རྒོལ་དགྲ་བོ་ག་ཚོད་ཀྱིས་མང་ན་དེའི་ཚོད་ཀྱིས་བཟང་གི ང་རྒད་པོས་མིག་མ་བཙུམ་གོང་དགྲ་དམག་བཅུ་གྲངས་ཤིག་གསོད་ལོས་ཐུབ། ང་ལ་མཚོན་ན་བྱས་རྗེས་འཇོག་པའི་གོ་སྐབས་འདི་ལས་ཡག་པོ་ཞིག་མེད། དེ་བས་ང་ཡང་མཁར་རྫོང་འདི་དང་མི་འབྲལ་ཁོ་ཐག་ཡིན། ཡང་ང་འདིར་འཆི་བ་ལས་གསོན་ན་བྱས་རྗེས་འཇོག་ཐུབ་སྙམ་མཁན་ཚོ་སོང་ན་ལོས་ཆོག། ལྷག་པར་དུ་ལོ་གཞོན་པ་དེ་ཚོ་ད་དུང་རོ་ཐོ་སྐྱེལ་ས་མང་པོ་རག་གི་རེད” ཅེས་བཤད་པའི་རྗེས་སུ།

དེ་རེད། ང་ཡང་མི་འགྲོ

ང་ཡང་མཉམ་འཆི་བྱེད་རྒྱུ

ང་ཡང་འདུག་རྒྱུཞེས་རུ་ཤོག་ཁ་ཤས་ནས་རྒད་པོ་དང་གསར་བུ་མང་ཙམ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་གྲག་བྱུང༌།

དེ་ནས་དམར་ཡག་དང། འཛུམ་དྲུག སྟག་སྨྱོན་སོགས་མང་པོ་ཞིག་གིས་འདིར་འཐབ་ན་རྒྱལ་ཕམ་ཅི་འདྲ་ཞིག་ཡོང་མིན་དང༌། དུས་ཚོད་བསྲིང་སྟེ་གླགས་བཙལ་ནས་ངེས་མེད་འཐབ་རྒོལ་བྱས་ན་གྲུབ་འབྲས་ཅི་ཙམ་འཐོབ་མིན་སོགས་ལ་བཤད་རེས་མང་ཙམ་བྱས་མཐར་ཕན་ཚུན་བར་ལ་འགལ་བའང་ཆེ་རུ་གྱུར།

དེ་ནས་སྟག་རྒོད་ཀྱིས་སྐད་གསངས་མཐོན་པོས། དཔའ་རྒོད་ཚོ། ད་ང་ཚོས་རྩོད་པ་བྱས་ནས་ཐག་ཆོད་རྒྱུ་ཅང་མི་འདུག ང་ཚོ་འདུག་མཁན་སྐོར་ཅིག་དང་འགྲོ་མཁན་སྐོར་ཅིག་ཕྱོགས་གཉིས་བྱེད་ཆོག གང་ལྟར་ལོ་ན་སུམ་ཅུ་མན་གྱི་ཕོ་གསར་ཚང་མ་འགྲོ་དགོས། འདི་ངའི་བཀའ་ཡིན

ཕོ་གསར་ཞིག་གིས། “ང་འགྲོ་གི་མིན། དེ་རིང་ལ་ལས་གོང་གི་བཀའ་དང་ལ་ལས་རང་གི་མནའ་རྩིས་མེད་གཏོང་གིན་ཡོད་པ་རེད། སྟག་ནག་ཁྱོད་ཀྱང་དེ་འདྲ་མ་རེད་དམ། གཉིས་ནས་ང་ཕོ་ལོ་ཉེར་དགུ་ཡིན། ཉེར་དགུ་དང་སུམ་ཅུ་་ཁྱད་པར་ཅི། ཕལ་ཆེར་ཚོགས་གཞོན་རང་དེ་འདྲ་ཡིན་རྒྱུ་རེད

ང་ད་ལོ་ཕོ་ལོ་སུམ་ཅུ་ཏག་ཏག་ཡིན། ལོ་སུམ་ཅུར་ཟླ་བ་གཅིག་གིས་མ་ལོན་ཡང་ངེས་པར་འགྲོ་དགོས། གལ་ཏེ་བཀའ་འདི་མི་བརྩི་ཟེར་ན་ངས་འདིར་རང་སྲོག་གཅོད་ཐག་ཆོད་ཡིན” ཞེས་སྟག་ནག་གིས་རང་གི་དཀྲུམ་མདའ་རང་གི་ཟ་འགྲམ་ལ་བཙུགས་སོང་བས་ཚང་མ་དལ་ཅག་གེར་གྱུར།

མཚམས་འདིར་དཔའ་རྒོད་སྟག་རྒན་ཞེས་པའི་རྒད་པོ་ཞིག་གིས། “ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ཟེར་བ་རེད། ད་ཚང་མས་སྟག་ནག་གི་བཀའ་བརྩིས་ནས་ཕོ་གསར་ཚང་མ་འགྲོ་རོགས། གལ་ཏེ་ཚོགས་གཞོན་ལ་རང་སྲོག་གཅོད་བཅུག་བཞག་ནས་བསྡད་མ་བསྡད་ཅི་ཡོད། ང་ཚོའི་དཔའ་རྒོད་ཚོའིནང་ནས་ང་ལོ་དྲུག་ཅུ་ཐམ་པ་མཐོ་ཤོས་རེད། ངས་ཁྱོད་ཚོར་ཞུ་བ་འཐེན་ཆོག རུ་དཔོན་ཚོས་སོ་སོའི་རུ་ཤོག་གི་ཕོ་གསར་ཚང་མ་ཚུར་ཐོངས་ཤོག” ཅེས་བཤད་པ་དང༌། ཕོ་གསར་ཚོ་གཅིག་རེ་གཉིས་རེ་བྱས་ནས་ཡོང་བར་སྟག་ནག་གིས། རེ་རེ་བཞིན་ཁོག་རྩིས་བརྒྱབ་ནས་མི་གྲངས་ཉེར་དགུ་འཛོམས་བྱུང་མོད་ད་དུང་དཀྲུམ་མདའ་མར་མི་འབེབ་པར་འཛུམ་དྲུག་རུ་དཔོན་ལ་བལྟས་ནས་འདུག རུ་ཤོག་ཚང་མའི་ནང་ན་ཕོ་ལོ་སུམ་ཅུར་མ་སླེབས་པའི་ཕོ་གསར་རུ་ཤོག་གཅིག་ཡོད་པ་ནི་འཛུམ་དྲུག་རུ་ཤོག་ཡིན་ལ། རུ་དཔོན་ཡང་ཕོ་ལོ་ཉེར་དགུ་ཡོལ་ཙམ་ལས་མིན་པ་སྟག་རྒོད་ཀྱིས་ཤེས་ཡོད་པ་འདྲ། དེ་བས་ཁོས་ཀྱང་རྫུན་བཤད་ས་མེད་པ་ཤེས་པས་ད་གཟོད་ག་ལེར་སྟག་ནག་གི་གདོང་ལ་ལྟ་བཞིན་ཚུར་ཡོང།

ཕོ་གསར་སུམ་ཅུ་ཐམ་པ་ཚང་སོང༌། ཚང་མས་བཀའ་བརྩིས་པར་ཐུགས་རྗེ་ཆེ། འཛུམ་དྲུག་གིས་འགན་ཁུར་ནས་ད་ཁྱོད་ཚོ་མགྱོགས་པོ་སོངས། རྗེས་མ་ནས་སྟག་དམར་གྱི་བཀའ་བཞིན་ལས་ཀ་བསྒྲུབ་རྒྱུ་ངའི་རེ་བ་ཡིན། རུ་དཔོན་གཞན་པ་ཚང་མ་ཡར་བྲག་ཕུག་ལ་ཤོག་དང་ང་ཚོས་དམག་རྒྱག་ཐབས་ལ་གྲོས་ཤིག་བྱེད་དགོས

འཛུམ་དྲུག་གིས། “དེ་རིང་ང་ཚོ་ཕལ་ཆེར་ཐ་མའི་མཉམ་འཛོམས་ཡིན་པས། ང་ཚོས་དཔའ་རྒོད་རྒན་རབས་པ་དང་མཉམ་དུ་ཇ་ཞིག་འཐུངས་ནས་འགྲོ་ཆོགཅེས་བཤད་པར་ཚང་མས་མོས་མཐུན་གྱིསདེ་རེདཟེར།སྤོ་བོ་སྟག་རྒན་ལྷག་པར་དགའ་ནས།བཟང་གི ང་ཚོས་རྒྱལ་ཁ་མཉམ་དུ་བསུ་བའི་ཇ་ཞིག་འཐུང༌། ཇ་ཞིམ་པོ་ཞིག་སྐོལ། ཤ་ཡང་ཚོས

འཛུམ་དྲུག་གིས་འགན་ཁུར་ནས་ཕོ་གསར་ཚོས་ཇ་བསྐོལ་ཞིང་ཤ་བཙོས་ཚར་ན་ཡང༌། རུ་དཔོན་ཚོས་དམག་འཐབ་གྲོས་མོལ་ལ་ཡང་རྩོད་པ་མང་སྟེ། ལ་ལས་མཁར་རྫོང་ནང་དུ་མཉམ་འཐབ་བྱས་ན་ལེགས་ཚུལ་དང༌། ལ་ལས་རུ་ཤོག་སོ་སོར་ས་བགོས་ཏེ་འཐབ་ན་བཟང་ཚུལ། ཡང་ལ་ལས་མཁར་རྫོང་ནང་དུ་ཉེན་ཁ་ཆེ་བས་ཚང་མ་དབུ་རྩེ་ལ་འགོས་ནས་སྒུག་འཛིང་བྱས་ན་སྟབས་བདེ་ཚུལ། ཡང་ལ་ལས་རི་གཤམ་ལ་མར་བབས་ཏེ་འཛིང་ཞོར་ཕྱིར་བཀྱེད་ཞོར་གྱིས་རིམ་པས་དབུ་རྩེར་འགོས་ན་བཟང་ཚུལ་སོགས་བསམ་ཚུལ་མི་འདྲ་བ་མང་པོ་བྱུང་བས་ཐག་གཅོད་དཀའ་བ་བྱུང་ངོ༌།

དེ་ནས་ཚང་མས་ཞོགས་ཇའམ་དོན་ལ་ཉིན་གུང་གི་བཟའ་བཏུང་ལོངས་སུ་སྤྱོད་ཀྱིན་སྙིང་གཏམ་དང་བསླབ་བྱ། རྩེད་མོ་སོགས་གཏམ་གླེང་འདྲ་མིན་བྱས། འཛུམ་དྲུག་གིས་སྟག་ནག་ལ་དམག་འཐབ་ཇི་ལྟར་རྒྱག་རྩིས་ཡོད་མེད་སྐད་ཆ་དྲིས་ཤིང༌། མཚོན་ཆ་བེད་སྤྱོད་བྱེད་སྟངས་སོགས་ལ་རང་གི་བསམ་ཚུལ་ཡག་པོ་ཁ་ཤས་རེ་ཡང་བཤད་དེ་ཟ་འཐུང་བྱེད་ཀྱིན་དུས་ཚོད་གཅིག་ལྷག་འདས།

ཕོ་གསར་ཚོས་ནམ་རྒྱུན་བཞིན་སྟབས་བདེའི་མཚོན་ཆ་དཀྲུམ་མདའ་དང་མདེའུ་གང་འཚམ་རེ་ཁྱེར་ནས་སྟག་ནག་དང་དཔའ་རྒོད་རྒན་པ་ཚོར་ལག་འཇུ་རེ་བྱས་ནས་ལམ་ལ་ཆས། དཔའ་བོ་འབྲལ་ཁར་མིག་ཆུ་མེད་ན་ཡང་གདུང་སེམས་ཤིག་ངང་གིས་སྐྱེ་བཞིན་པ་སུས་ཀྱང་ཚོད་དཔག་ཐུབ།

སྟག་ནག་གིས་སླར་ཡང་དཔའ་རྒོད་ལྷག་མ་ཚང་མ་བསྐོངས་ནས་བསམ་ཚུལ་མི་འདྲ་བ་ཚང་མ་བསྐྱར་ཟློས་ཐེངས་གཅིག་བྱས་ཏེ། དམག་བཀོད་འདི་འདྲ་ཞིག་བཞག

ང་ཚོ་གནས་གཅིག་ནས་བསྡད་ན་ནུས་པ་ཆེ་ཡང་དགྲ་བོས་སྐྱོགས་མདེལ་དང་འགད་རྫས་གཡུགས་ན་ཉེན་ཁ་ཆེ་བས་རུ་ཤོག་ཁ་ཤས་བྱས་ཏེ་འཐབ་ན་བཟང༌། ས་བབ་ཡང་དམའ་ས་ལས་མཐོ་ས་བཟང༌། ཡིན་ན་ཡང་བྲག་སྔོན་ལུང་འགག་ནས་སྐོར་ཅིག་སྡོད་རྒྱུ་དེ་ཡང་གལ་ཆེན་པོ་འདུག དེ་ནས་ས་བབ་མཐོ་ཤོས་དང་བཙན་ས་དེ་དབུ་རྩེ་ཡིན་པས། དེ་ནས་སྐོར་གཅིག་ངེས་པར་སྡོད་དགོས། གནམ་མཁར་རི་རྫོང་དང༌། གླག་ཚང་ཅན་ནས་ཀྱང་བསྡད་ན་བཟང༌། གེ་སར་མཁར་རྫོང་འདིའི་ནང་ཡང་སྐོར་ཅིག་བསྡད་ན་འགྲིགས།

དེ་བས་རུ་ཤོག་ལྔ་རུ་བགོ་རྒྱུ། གཅིག་ང་དང༌། གཉིས་རྒྱ་སྟག གསུམ་སྟག་སྨྱོན། བཞི་དམར་ཡག ལྔ་སྤོ་བོ་སྟག་ལྷའི་རུ་ཤོག་བཅས་བྱས་ན་གང་འདྲ་འདུགཅེས་དཔའ་རྒོད་ཚོར་གཅིག་བལྟས་པས་ཚང་མས་མོས་མཐུན་གྱི་མགོ་ནང་ལ་ལྡེམ།

སྤོ་སྟག་རྒན་གྱིས། “ང་ལོ་ན་མཐོ་བས་ཡར་མར་རྒྱུགས་རྒྱུ་དཀའ་ལས་རེད། ང་དང་རྒད་པོ་ཁ་ཤས་མཁར་རྫོང་འདིར་བསྡད་བཞག་ན་འགྲིགས། དབུ་རྩེ་གནས་གལ་ཆེ་ཤོས་རེད། སྟག་ནག་བསྡད་ན་བཟང་སྙམ

འགྲིག་གི རུ་དཔོན་སོ་སོས་གཡུལ་ས་གང་དགོས་འདེམས་པའི་རྗེས་ལ་གཞན་དག་འགྲོ་མཁན་སུ་སུ་ཡོད་ན་ལག་པ་ཁྱོག དང་པོ་སྤོ་བོ་སྟག་རྒན་མཉམ་དུ་སུ་སུ་སྡོད་རྒྱུ

མི་དྲུག་གིས་ལག་པ་བཀྱགས།

བྲག་སྔོན་ལུང་འགག་ལ་ང་འགྲོ” དམར་ཡག་གི་རྗེས་སུ་དགུས་ལག་པ་བཀྱགས།

གནམ་མཁར་རི་རྫོང་ལ་ང་འགྲོ” རྒྱ་སྟག་གི་གཞུག་ལ་མི་རྒྱད་བྱུང༌།

སྟག་སྨྱོན་གྱིས། “གླག་ཚང་ཅན་ལ་ང་འདུག” ཅེས་བཤད་པ་ལ་རོགས་པ་བཞིས་ཁས་བླངས།

 “དབུ་རྩེ་ལ་ང་ཚོ་མི་བཅུ་གཅིག་ལྷག་སོང༌། ཚང་མ་མང་ཉུང་ཡང་འཚམ་པོ་བྱུང༌། དམག་རྒྱག་དུས། རུ་དཔོན་སོ་སོའི་བཀའ་རྩིས། འཐབ་ཚུལ་ཤེས་པ་གྱིས། ཨུ་ཚུགས་བྱས་ནས་སོ་སོའི་ས་ཆ་སྲུང་འདུག་དགོས་དོན་མེད། སྐོར་ཤེས་འགྲོ་ཤེས་བྱས་ན་བཟང༌། གང་ལྟར་མདའ་དང་ལག་ཆ་ཚང་མ་བཀོལ་ཚར་བ་ཞིག་ཞིག་བྱེད་དགོས། གལ་ཏེ་ལག་ཆ་ཚང་མ་ཚར་སོང་ཡང་སོ་སོའི་སྲོག་མགོ་ཐོན་པ་ཞིག་བྱུང་ན་བྲོས་ནའང་འགྲིགས། ཡིན་ཡང་དགྲ་ལག་ལ་འཆོར་དུ་འཇུག་མི་ཉན།" ཞེས་གནམ་ལ་གཅིག་བལྟས་ནས། "ད་ཉིན་གུང་ཡང་ཡོལ་འདུག ང་ཚོ་ཚང་མདབུ་རྩེར་སོང་ནས་མཉམ་དུ་བསངས་གསོལ་ཞིག་བྱེད”སྟག་ནག་གིས་དེ་སྐད་བཤད།

འགྲོ” ཚང་མས་མགྲིན་གཅིག་ཏུ་མོས་མཐུན་བྱས།

དེ་ནས་མཚོན་ཆ་རྣམས་བགོ་བཤའ་བྱས། བྲག་གཏོར་འགད་རྫས་རྣམས་བྲག་སྔོན་ལུང་འགག་ནས་དགད་རྒྱུ་བྱས།  དེ་ནས་མེ་མདའ་རིང་ཐུང་འདྲ་མིན་དང༌། ལག་འབོམ་བརྒྱ་ཕྲག་ལྷག་ཡོད་པ་ཚང་མ་དཔའ་རྒོད་ཞེ་གཉིས་པོར་བགོ་བཤའ་བརྒྱབ། མི་རེར་ལག་འབོམ་ལྔ་རེ་དང༌།  མེ་མདའ་རིང་ཐུང་གཉིས་རེ། མདེའུ་སུམ་བརྒྱ་ཙམ་རེ། རུ་ཤོག་རེར་རྒྱང་མཐོང་ཡག་ཤོས་རེ། ད་དུང་མང་ཆེ་བར་སྲོལ་རྒྱུན་གྱི་གྲི་རིང་ངམ་གློ་གྲི་རེ་ཡོད་པ་བཤད་ཅི་དགོས།

འདི་ནས་མཁར་རྫོང་གི་འགག་སྒོ་གོང་མ་ནས་བུད་དེ་ཡར་ལ་ཅུང་ཟད་ཙམ་མ་གཏོགས་རྟ་ཞོན་ནས་འགྲོ་ས་མེད་པས་རྒད་པོ་འགའ་མ་གཏོགས་ཚང་མ་རྐང་ཐང་གིས་རི་མགོར་འཛེགས། དབུ་རྩེར་འབྱོར་དུས་ཉི་མ་ནུབ་རིར་སླེབས་ལ་ཉེ། ཁོ་ཚོས་ཕ་བོང་ཆེན་པོའི་བསང་ཁྲི་རང་གྲུབ་དེའི་སྟེང་དུ་སུ་རུ་དང་སྤེན་མ་མང་པོ་བཏུས་ནས་བུད་ཤིང་བྱས་ཏེ་བསངས་ཕུད། མེ་ལྕེ་འུར་འུར་འབར་བས་ཁོ་ཚོའི་བསངས་རྩི་རྣམས་སྐད་ཅིག་ལ་མེ་ལྷའི་ཞལ་དུ་བཞེས་གྲུབ།

ཁོ་ཚོས་ཇ་བསྐོལ་ཞིང་ཤ་བཙོས་ནས་ནུབ་ཟས་ཟོས་རྗེས། སྟག་ནག་སོགས་མི་བཅུ་དབུ་རྩེ་ནས་བསྡད་ཅིང༌། གཞན་དམར་ཡག་སོགས་མི་བཅུ་དང༌། སྟག་སྨྱོན་སོགས་མི་བདུན། རྒྱ་སྟག་སོགས་མི་བརྒྱད་བཅས་སོ་སོའི་བཙན་ས་འཛིན་དུ་ཡར་མར་ལ་སོང༌།

དབུ་རྩེ་འདི་ནས་ཐག་རིང་གི་ཕྱོགས་ཚང་མ་གསལ་བོར་མཐོང་ཐུབ་པ་མ་ཟད་ལྷག་པར་ནུབ་ཀྱི་རྒྱུད་ལ་ལྟ་ལམ་བདེ། ཤར་ཕྱོགས་ནས་གླ་བ་ལྟ་བུའི་བྲག་འཛེག་རྩལ་ལྡན་ཞིག་ཡིན་ན་མ་གཏོགས་རྟ་ལམ་དང་རྐང་ལམ་གང་ཡང་མེད། ལྷག་པར་ལྷོ་བྱང་གི་ངོས་གཉིས་ནི་བྲག་ཕྱ་ར་འདྲ་ཞིག་ཡིན་པས་གནམ་གྲུ་དང༌། དེང་རབས་ཀྱི་སྒྱོགས་མདེལ་ལྟ་བུ་མ་བཀོལ་ན་ཚུར་རྒོལ་བྱེད་རྒྱུ་རྨི་ལམ་ལྟ་བུ་ཡིན། ཁོ་ཚོ་ཚང་མ་ཉལསོང༌། ཁུ་སུམ་མེར་གཉིད་སོང༌།

ནམ་གུང་ཙམ་ལ་རི་འདབས་ནས་འབྲུག་སྐད་ལྡིར་བ་བཞིན་འགད་རྫས་མང་པོ་ཞིག་བསྟུད་མར་འབར་གས་བྱུང། ཅུང་ཙམ་ནས་སླར་ཡང་ཁུ་སིམ་མེར་གྱུར། ཡུན་རིང་སོང་ཡང་ཅི་ཡང་གོ་རྒྱུ་མི་འདུག

ལུང་འགག་ལ་དགྲ་དམག་འབྱོར་བ་འདྲ

དམར་ཡག་རུ་ཁག་གིས་བྲག་གཏོར་འགད་རྫས་བཀད་པ་རེད

དགྲ་དམག་མང་ཙམ་གསོད་ཐུབ་ཡོད་དམ

ཡོད་པའི་སྨོནལམདབུ་རྩེའི་དཔའ་རྒོད་ཚོ་གཉིད་མ་ཡོང་བར་ཡར་དགྱེས་ནས་བསམ་ཚུལ་གླེང༌།

ཁོ་ཚོའི་བསམ་ཚུལ་ཚང་མ་ནོར་འཁྲུལ་མེད་པའི་ཚོད་དཔག་ཅིག་ཡིན་པ་ཕྱི་ཉིན་ནམ་ལངས་པ་དང་གསལ་བར་གྱུར། བརྒྱ་ཤོག་གཅིག་ཕལ་ཆེར་རྩ་མེད་དུ་སོང་འདུག ཤི་རོ་དང་རྨས་མ་མང་པོས་བྲག་སྔོན་ལུང་འགག་ཁེངས་ཤིང་བྱ་རྒོད་མང་པོས་མཁའ་དབྱིངས་ན་མགྲོན་ལ་འོང་རྒྱུའི་སྟ་གོན་བྱེད།

དམར་ཡག་རུ་ཁག་གིས་ཀྱང་དེ་འདྲའི་གླགས་ཤིག་རྙེད་ན་བསམས་ནས་སྔ་ས་ནས་གྲ་སྒྲིག་ཡག་པོ་བྱས་པའི་འདོད་ཐོག་ལ་འོངས་པ་སྟེ། དགྲ་དམག་གིས་མཚན་དགོང་གློག་སྒྲོན་ཁྱེར་ནས་འཇབ་རྒོལ་དུ་འོངས་བཞིན་པ་མཐོང་ནས་དགྲ་དམག་འབོར་ཆེན་ཞིག་རྒྱ་ལ་ཚུད་པ་དང་བཀད་པ་ཞིག་རེད།

ད་དུང་དམག་སྣོན་བརྒྱ་ཤོག་དུ་ཙམ་ཡོད་པ་སུས་ཤེས་དགྲ་བོ་བསད་ནས་ཚར་རྒྱུ་ཞིག་ག་ལ་ཡོད། དགྲ་དམག་གིས་དོགས་ཟོན་ཆེན་པོས་རི་ངོས་ཡར་མར་ལ་འགོས་ནས་སྟག་རྒོད་ཀྱི་ཚང་འཚོལ་གྱིན་འདུག འོན་ཀྱང་ཁོང་ཚོས་སྟག་ཚང་གཞན་ཞིག་ཏུ་སྤོར་ནས་གང་ཞིག་ཏུ་སོང་ཟིན།

དབུ་རྩེ་རུ་ཉི་མ་སེར་གྱི་ལེར་ཤར་ནས་རིང་ཙམ་སོང་ཡང༌། མཐོང་རྒྱུ་དང་ཐོས་རྒྱུ་ཅི་ཡང་མ་བྱུང༌། ཁོ་ཚོས་སྐད་ཆ་འདྲ་མིན་གླེང་གིན་ཞོགས་ཇ་བསྐོལ་ནས་འཐུང་སྐབས་ནུབ་རིའི་རྒྱུད་ནས་མེ་མདའི་སྐད་བསྟུད་མར་གཉིས་གྲག་བྱུང་བས། སྟག་ནག་གིས་རྒྱང་མཐོང་བཙུགས་ཏེ་ནུབ་རྒྱུད་ཕྱོགས་ལ་བལྟས་པ་ན་སྤྱི་ལེ་བཅུ་ཙམ་ཡོད་པའི་རྫ་ལེབ་ཉིན་ངོས་ན་རི་དྭགས་འགའ་ཞིག་འདྲོགས་ནས་བྲོས་འོང་བཞིན་པ་མཐོང་བས། ཁོས་མུ་མཐུད་དེ་བལྟས་བསྡད་པ་ན། སྐར་མ་འགའ་ཤས་ནས་སྐྱ་མི་ལྔ་མཐོང་བྱུང༌། ཁོ་ཚོ་རྟ་ལས་བབས་ཏེ་ཡང་བསྐྱར་རི་དྭགས་ཀྱི་ཕྱོགས་སུ་མེ་མདའ་གཅིག་བརྒྱབ་བྱུང༌། སྟག་ནག་གིས་དེ་ལ་ལྟ་བཞིན།

ཨ་ཕའི་རོ་སུ་ཞིག་ཡིན་ནམ། རི་དྭགས་རྔོན་གྱིན་འདུག འདི་འདྲ་སྔ་བོ་ཞིག་ལཞེས་རོགས་པ་ཞིག་གི་ལག་ལ་རྒྱང་མཐོང་བཞག ཁོ་ཚོས་རེས་སྐོར་གྱིན་རྒྱང་མཐོང་ནང་ནས་ལྟ་རེས་བྱས། མེ་མདའི་སྐད་ཡང་ཡང་གྲགས་བྱུང༌།

ཁོ་ཚོས་རི་རྒྱུད་དེད་དེ་མགྱོགས་པོ་འོང་གིན་འདུགརྒྱང་མཐོང་ནང་ལྟ་མཁན་གྱིས་དེ་ལྟར་བཤད།

གཅིག་བྱས་ན་ཁོ་ཚོ་མྱུལ་ཞིབ་པ་ཡིན་རྒྱུ་རེད

ད་མཐོང་རྒྱུ་མི་འདུག

ཕལ་ཆེར་དུས་ཚོད་གཉིས་ལྷག་འགོར་སོང༌།

ཡང་མཐོང་བྱུངཟེར། སྐབས་འདིར་མིག་གསལ་བོ་ཡོད་པ་ཚོས་ཀྱང་གསལ་ཙམ་མཐོང་ཐུབ། ཕལ་ཆེར་སྤྱི་ལེ་བཞི་ལྔ་ཙམ་ལས་མེད།

སྟག་ནག་གིས་རྒྱང་མཐོང་ནང་ནས་ནན་གྱིས་བལྟས་རྗེས། “ཁོ་ཚོ་ཚང་མའི་ལག་ན་རྒྱང་མཐོང་འདུག འདི་ཕྱོགས་ལ་ཡང་ཡང་ལྟ་གིན་འདུག ད་དུང་དམག་མིའི་སྐུད་མེད་གློག་འཕྲིན་འདྲ་བོ་འཁུར་མཁན་ཞིག་གིས་སྐད་ཆ་བཤད་ཀྱིན་པའི་བཟོ་འདྲ་བོ་འདུག གཅིག་གིས་དར་ཆ་དམར་པོ་ཆུང་ངུ་ཞིག་ལམ་ཁར་བཙུགས་སོང༌། ཁོ་ཚོ་ལམ་འཚོལ་བ་ཡིན་ཐག་ཆོད་རེད། ཚང་མ་ཡིབ་ནས་སྡོད

དབུ་རྩེའི་འཐབ་ར་འདིའི་ནང་ནས་ཕྱིར་མ་བུད་ན་སུས་ཀྱང་ཚུར་མཐོང་དཀའ།

ཁོ་ཚོར་ལམ་འཁྲིད་པ་རྒྱུས་ཅན་ཞིག་ཡོད་པ་འདྲ། རྟ་ལམ་ཚང་མ་ཤེས་ཀིན་འདུག

མགོ་ལེབ་སྒང་ནས་བབས་བསྡད་སོང༌། ཚུར་ཡོང་ས་མ་རེད

མི་འོང་ན་ང་ཚོས་ཕར་འཇབ་རྒོལ་བྱེདཚང་མའི་ཁོ་ཚོར་ལྟ་བཞིན་བསམ་ཚུལ་གླེང༌།

ཁོ་ཚོ་ཡོད་སའི་རི་རྩེ་སྟེ་མགོ་ལེབ་སྒང་ནས་དབུ་རྩེ་བར་ན་ད་དུང་རི་རྩེ་མཐོན་པོ་ཞིག་ཡོད་པ་ནི་གནམ་མཁར་རི་རྫོང་རེད། དེ་ན་རྒྱ་སྟག་སོགས་སྦས་བསྐུང་བྱས་ཡོད་པས། གལ་ཏེ་དོགས་ཟོན་བྱས་ཡོད་ཚེ་ཁོ་ཚོས་ཀྱང་ཕལ་ཆེར་མཐོང་ཡོད་ངེས། རུ་ཤོག་གཞན་པ་ཚོས་ཀྱང་བོའུ་སྐད་གོ་ཡོད་མོད། འོན་ཀྱང་ཁོ་ཚོས་ཕན་ཚུན་བར་ལ་འཕྲིན་བརྡ་གཏོང་མི་ཐུབ་པ་ནི་དམག་འཐབ་ཅིག་ལ་མཚོན་ན་ཆེས་དགོས་ངེས་ཀྱི་ཆ་རྐྱེན་གཅིག་མ་ཚང་བ་ཡིན།

ཕྱི་དྲོའི་ཆུ་ཚོད་ལྔ་བ་ཟིན་སོང༌། གཞི་ནས་ཁོ་ཚོ་ལམ་ལ་ཆས་བྱུང༌། རྟ་ཁྲིད་ནས་ཚུར་གནམ་མཁར་རི་རྫོང་སར་འོང་གིན་འདུག

གནམ་མཁར་རི་རྫོང་གི་དཔའ་རྒོད་ཚོས་ཀྱང་དེ་དག་མཐོང་འདུག རྒྱསྟག་རུ་དཔོན་གྱི་རྒྱང་མཐོང་ནང་ལ། ཕལ་ཆེར་མི་ལྔ་བོའི་གདོང་པ་ཡང་གསལ་ཙམ་མཐོང་གིན་འདུག

མདུན་གྱི་མི་དེ་བོད་མི་ཞིག་འདྲ་བོ་འདུག

ཡིན་རྒྱུ་རེད། ལམ་ཁྲིད་པ་ཡིན་རྒྱུ་རེད། གཉེན་དགྲ་རུ་བརྩིས་ནས་དགྲ་པང་དུ་བླངས་ན། སྐེ་ཁྱེར་ནས་ཐག་པ་ཉོས་པ་རེད། ངས་ཁོའི་ཀླད་རྒྱ་གཏོར་འཇོག་དགོས” ཞེས་མདའ་བ་སྐལ་བཟང་གིས་ལམ་ཁྲིད་པ་དེ་བོའུ་མིག་ལ་བླངས།

གཉིས་པ་དེར་ངས་རྒྱག་དགོས

གསུམ་པ་ང་ཡིན

བཞི་བར་ངས་འཕེན

རྗེས་མ་དེ་ངའི་འདུལ་དཀའ་བྱེད། ད་དུང་ཚུར་ཏོག་ཙམ་ཡོང་དུ་ཆུགཅེས་སྟག་ནག་གིས་རྒྱང་མཐོང་སར་བཞག་ནས། མེ་མདའི་སོ་བར་ལ་རྗེས་མ་ཁ་པར་འཁུར་མཁན་དེ་བླངས་ཏེ།

འགྲིགས་སོང་ངམཞེས་དྲིས་པ་དང་རོགས་པ་ཚོས།

འགྲིགས་སོང

རྒྱོབ

མེ་མདའ་ལྔ་བོ་ཁ་མཉམ་གྲགས་དང་དུས་མཉམ་ཕ་གིའི་མི་ལྔ་བོ་སྡེབ་གཅིག་ལ་སར་བསྒྱེལ་ཞིང༌། རྟ་ཚང་མ་འདྲོགས་ནས་ཕྱིར་བྲོས་སོང༌།

ཀི་ཧི་ཧི་་རྒྱ་སྟག་དང་རོགས་པ་ཚོས།

ཀི་ཧི་ཧི” དབུ་རྩེའི་དཔའ་རྒོད་ཚོས་ཀྱང་ཀི་བཏབ་ཅིང༌། ལ་ལས།

ཨ་ལ་ལ། དེ་འདྲའི་མདའ་འཕེན་མཁས་པ

ལ་ལས། “ཁ་མཉམ་གྲག་བྱས་སོང

གལ་ཏེ་རྒྱ་དམག་ཚོ་ཉིན་མོར་ཡོང་ན་ཁ་འདོགས་ས་རེད” ཚང་མས་ཡིད་ཚིམ་དང་བསྟོད་ར་བཏང༌།

སྟག་ནག་གིས་སླར་ཡང་ནུབ་ཀྱི་རི་རྒྱུད་ཕྱོགས་སུ་རྒྱང་མཐོང་བཙུགས་ནས༌། “ཁོ་ཚོའི་རྗེས་ན་དམག་དཔུང་འདུག རྫ་ལེབ་ངོས་ན་རྟ་དམག་གཤར་རྡང་བྱས་ནས་འོང་གིན་འདུག

ད་ནི་དགྲ་བོས་ཀྱང་གནམ་མཁར་རི་རྫོང་ན་སྟག་ཚང་ཞིག་ཡོད་པ་ཤེས་ཡོད་པས། ཐབས་ཚུལ་ཅི་འདྲ་ཞིག་གིས་རྒོལ་རྒྱུར་ལྟད་མོ་བལྟ་ཆོག” སྟག་ལོ་བས་བཤད།

སྟག་ནག་ཡར་ལངས་ཏེ་ཀི་བཏབ་སོང༌། “ཀི དགྱ་དམག་ཡོང་གི་འདུག དགྱ་དམག་ཡོང་གིན་འདུགཅེས་ལག་བརྡ་བྱེད་ཞོར་གནམ་མཁར་རི་རྫོང་གི་དཔའ་རྒོད་ཚོར་བརྡ་བརྒྱབ།

ཀི་ཧི་ཧི། རིག་གི་འདུགཚུར་ལའང༌།(ཀི་བརྡ་འདིས་དགྲ་བོར་ཡང་འདྲོགས་བསླངས་ཡོད་སྲིད)

ས་རུབ་ལ་ཉེ། དགྲ་དམག་གཤར་རྡང་གིམཇུག་ད་དུང་ཚར་གྱིན་མི་འདུག

མི་གཅིག་ཤི་མི་འདུག ད་དུང་འགུལ་ཀྱིན་འདུག ཨོཾམཎིཔདམེཧཱུ ”ཐུབ་བསྟན་གྱིས་རྒྱང་མཐོང་ནང་ནས་ལྟ་བཞིན་བཤད།

ཅི་རེད། སྙིང་རྗེ་སྐྱེས་བྱུང་ངམ

ཤི་ཚར་བ་དང༌། འཆི་བཞིན་པ་ཞིག་ལ་མཎི་ཞིག་བཏོན་ན་དེ་མི་འོས་པ་ཅི་ཡོད

དམག་རྒྱག་ས་ན་ཆོས་བཅའ་ས་ཞིག་ཡོད་དམ

མ་ཎི་རེ་བགྲང་ནའང་ཕན་ཡོན་ཡོད་པ་རེད། ད་ངས་ཁོ་སྡུག་བསྔལ་མང་པོ་མྱང་མི་དགོས་པར་འགྲོ་གི་འཇུག་དགོས” ཞེས་མེ་མདའ་གཅིག་བརྒྱབ་པ་དང་དེ་འགུལ་མེད་དུ་གྱུརཅིང་ཁོ་གཉིས་ཀྱིས་གཅིག་གཅིག་གི་གདོང་པར་ལྟ་རེས་རེ་བྱས་ནས་ཁ་རྩོད་ཀྱང་ངང་གིས་ཆད།

གལ་སྲིད་ད་དུང་རྨས་ཕོག་ནས་ཤི་མེད་པ་ཡོད་ཀྱང། ཕལ་ཆེར་དགྲ་དམག་ནམ་གུང་ཙམ་ལ་མ་གཏོགས་ཁོ་ཚོའི་བེམ་རོ་ཡོད་སར་མི་ཐོན་པས། དེའི་བར་ལ་འཆི་ཐག་ཆོད་ཡིན” གཞན་ཞིག་གིས་ཀྱང་བསམ་ཚུལ་བཤད།

དགྲ་དམག་དོ་ནུབ་རི་རྒྱུད་དེད་ནས་ཡོང་རྒྱུ་རེད།་ཕལཆེར་ནམལངས་ཁ་ཞིག་ལ་མ་གཏོགས་མི་འབྱོར། ད་ང་ཚོས་དམག་རྒྱག་སྟངས་ལའང་གྲོས་ཤིག་བྱས་ན་ཞེས་རྒྱ་སྟག་གིས་གྲོས་མགོ་བཏོན་པས་ཚང་མས། 

རེདཚང་མས་མགོ་ལྡེམ་གྱིན་བསམ་བློ་བཏང༌། སྐར་མ་བཅུ་ཙམ་སོང་ཡང་སུས་ཀྱང་ཐབས་ཚུལ་ཡག་པོ་ཞིག་བཤད་རྒྱུ་མ་ལོན་པས། གཅིག་གིསད་ཐོག་མར་ཟ་མ་རྒྱགས་ཚད་ཅིག་ཟོས་ན་བཟང༌། འདི་ལྟར་སྒུག་བསྡད་ཀྱང་མི་འགྲིགས་པ་ཅི་ཡོད”ཟེར།

ས་ཡོངས་སུ་རུབ་སོང༌། ཁོང་ཚོས་ནུབ་ཟས་ཟོས་ཚར་བ་དང༌། སྟག་ནག་གིས།དོན་དག་བྱུང་ན་ཐོག་མར་གནམ་མཁར་རི་རྫོང་ནས་མེ་མདའ་རྒྱག་གི་རེད། དེ་དུས་ང་ཚོ་གཉིད་སད་ཀི་རེད། ད་ཚང་མ་བློ་བདེ་བོ་བྱོས་ནས་ཉོལ། ཕལ་ཆེར་སང་ཉིན་དགུང་མོར་ང་ཚོ་བར་དོ་ནས་འཛོམས་དགོས་ཀྱང་སྲིད། གང་ལྟར་དགྲ་ཁྲག་དྲོན་མོ་རྒྱགས་ཚད་ཅིག་འཐུང་ཐུབ་སོང་ན། བར་རྡོ་ནས་ཞེ་དགུར་སྡོད་དགོས་ཀྱང་ལྟོགས་སྐོམ་ཡོང་རྒྱུ་མ་རེད། ཧ་ཧ་ཧ་་་་” ཞེས་ཀུ་རེ་མིན་པའི་ཀུ་རེ་ལྟ་བུའི་སྐད་ཆ་འཇིགས་པོའམ་དགོད་བྲོ་བོ་ཞིག་བཤད་ཀྱིན་ཉལ་སོང༌།

ལ་ལ་གཉིད་སོང༌། འགའ་ཞིག་གིས་དོ་ནུབ་དགྲ་བོ་ཚུར་ཡོང་ཐུབ་མིན་དང༌། ནམ་ལངས་ནས་འཛིང་ན་བཟང་ཚུལ། མི་རེས་དགྲ་དམག་ཅི་ཙམ་གསོད་ཐུབ་མིན་སོགས་བཤད་ནས་ཆུ་ཚོད་བཅུ་གཉིས་ཟིན་སོང༌། དར་ལྕོག་དང་མདའ་དར་རླུང་གིས་སྐྱོད་པའི་སྒྲ་ལས་ཅི་ཡང་གོ་རྒྱུ་མི་འདུག

ད་ནམ་ལངས་རྒྱུར་དུས་ཚོད་གཅིག་ཙམ་ལས་མི་འདུག གལ་ཏེ་དགྲ་དམག་མགོ་ལེབསྒང་ལ་འབྱོར་སོང་ན། འདིར་སྒྱོགས་མདེལ་འཕེན་སྲིད། མི་གཉིས་གསུམ་ཞིག་འདིར་སྡོད། གཞན་པ་ཚང་མ་ལམ་འགྲམ་ལ་ཁ་བཀྲམ་ནས་འགྲོ” ཞེས་རྒྱ་སྟག་གིས་ཐག་གཅོད་ཞོར་དང་ལམ་ལ་ཆས་པ་དུས་གཅིག་ཏུ་བྱས་པས། ཁོའི་རྗེས་སུ་རོགས་པ་བཞི་འབྲངས། རྒྱ་སྟག་གིས་རོགས་པ་གསུམ་ལམ་འགྲམ་གྱི་བཙན་ས་ཞིག་སྡོད་བཅུག་ཅིང༌། རོགས་པ་ཞིག་ཁྲིད་དེ་མུ་མཐུད་མགོ་ལེབ་སྒང་ལ་འཛེགས་ཏེ་རི་རྩེར་ཉེ་བ་དང༌། ནམ་ཡང་ལངས་བཞིན་འདུག

གློ་བུར་དུ་མགོ་ལེབ་སྒང་ནས་གནམ་མཁར་རྫོང་གི་རྩེ་ལ་སྒྱོགས་མདེལ་འགའ་ཞིག་བསྟུད་མར་འཕངས་བྱུང༌།

ཕལ་ཆེར་རི་རྩེའི་དཔའ་རྒོད་གསུམ་པོའི་སྲོག་ཤོར་སོང། གང་ལྟར་སྟབས་ལེགས་ཙམ་བྱུང་སྙམ་བཞིན་རྒྱ་སྟག་གིས་མགྱོགས་པོ་ཕ་བོང་ཞིག་བསྐོར་ནས་བལྟས་དུས། སྒྱོགས་མདེལ་འཕེན་སའི་འཁྲིས་སུ་འབྱོར་འདུག ཁོ་གཉིས་ཀས་མྱུར་དུ་བྲག་གཏོར་འགད་རྫས་གཉིས་ཀ་མཉམ་དུ་བསྒྲིལ། དགྲ་བོས་མེ་སྒྱོགས་འཕེན་མཚམས་བཞག་སོང༌། དེ་མ་ཐག་མགོ་ལེབ་རི་ངོས་ན་ཡིབ་བསྡད་ཡོད་པའི་དགྲ་དམག་མང་པོ་ཞིག་དུས་གཅིག་ལ་ཡར་ལངས་ཏེ་རྒྱུགས་མགོ་བརྩམས། རྒྱ་སྟག་གིས་འགད་རྫས་ཀྱི་མེ་རྟར་མེ་སྦར་ནས་ཤུགས་ཆེན་པོས་སྒྱོགས་མདེལ་ཁ་ཤས་ཡོད་སར་གཡུགས་པ་དང་དེར་མཐུད་གཉིས་ཀས་ལག་འབོམ་འགའ་བོ་ཡང་བསྟུད་མར་འཕངས་པས་དེ་གར་སྒྱོགས་མདེལ་དང་མེ་མདེལ་འབར་རྫས་སོགས་ཡོད་པ་ཡང་མཉམ་དུ་གད་ནས་འགས་གཏོར་ཆེ་ཙམ་ཞིག་གིས་དགྲ་དམག་མི་ཉུང་བ་ཞིག་དུས་གཅིག་ལ་ཁ་བཏགས་སོང༌། དེ་ནི་ཅི་འདྲའི་སྟབས་ལེགས་པ་ཞིག་རེད་ཨང༌།

ད་ནི་རང་སྲོག་ཤོར་ཡང་འགྱོད་པ་མེད་སྙམ་བཞིན་རྒྱ་སྟག་དང་ཁོང་གཉིས་ཀྱིས་ཕ་བོང་གི་གཡས་གཡོན་ནས་གོག་མ་འགྲོས་ཀྱིས་མུ་མཐུད་ཕར་རྒོལ་གྱི་མགོ་བརྩམས། མེ་མདའ་འཕེན་རེས་གང་འཚམ་བྱས་པ་དང༌། ཁོང་གཉི་གའི་བར་ལ་ལག་འབོམ་ཞིག་ལྷུང་ནས་གཉིས་ཀ་དུམ་བུར་གཙབས།

དེ་མ་ཐག་དགྲ་དམག་ཚོས་བར་མཚམས་བཞག་གིན་བཞག་གིན་རྐང་ལམ་དེད་དེ་གཤར་རྡང་གི་མགོ་བརྩམས། ལམ་འགྲམ་གྱི་དཔའ་རྒོད་གསུམ་པོས་མགོ་ཐོག་ལ་སླེབས་པ་དང་དུས་གཅིག་ལ་མེ་མདའ་བརྒྱབ་བྱུང༌། བསད་པའམ་རྨས་པ། ཡང་ན་ཡིབ་པ་གང་ཡིན་མི་ཤེས་ཏེ་ལམ་རྒྱུད་དུ་དགྲ་དམག་བཅུ་གྲངས་ཤིག་རིམ་པ་ལྟར་གཡས་ཉལ་དང་གཡོན་ཉལ་བྱས་སོང༌། དགྲ་བོས་ཀྱང་ཕྱོགས་འདིར་འཕྲུལ་མདའ་འཁོར་ལོ་མ་ཞིག་ནས་རྔོད་པ་བཞིན་ཐག་ཐག་ཐག་སྐར་མ་བཅུ་ཁ་ཞིག་ལ་བརྒྱབ་བྱུང༌། དཔའ་རྒོད་གསུམ་པོའི་མེ་མདའ་རྒྱག་མཚམས་ཆད་སོང༌།

དགྲ་དམག་འགའ་ཞིག་གིས་སླར་ཡང་གོག་མ་འགྲོས་ཀྱིས་འཐབ་རའི་ཐག་ཉེར་ཐོན་བྱུང༌། དགྲ་དམག་གཅིག་གིས་ལག་འབོམ་བླངས་ཏེ་གཡུག་རྩིས་བྱས་པ་དང་དུས་མཉམ་འཐབ་རའི་ནང་ནས་ཀྱང་དཔའ་རྒོད་རྨས་མ་ཞིག་ཨུ་ཚུགས་ཀྱིས་ཡར་དགྱེས་ཏེ་ལག་འབོམ་ཞིག་གཡུགས་ཐུབ་བྱུང་བས་ཕར་ཚུར་གཉིས་ཀ་དུས་མཉམ་གཙང་མ་བཟོས།

དགྲ་བོས་མུ་མཐུད་གཤར་རྡང་བྱས་ནས་གནམ་མཁར་རི་རྫོང་གི་རྩེའི་འཐབ་རའི་ནང་ལའང་དམག་མི་ཁ་ཤས་བསླེབས། གློ་བུར་དུ་ཐག་ཉེའི་ཕ་བོང་ཞིག་གི་འགྲམ་ནས་ལག་འབོམ་གཉིས་དུས་གཅིག་ལ་གཡུགས་བྱུང་བ་དང་འཐབ་རའི་ནང་ནས་འབར་གས་ཆེན་པོ་ཞིག་གིས་བྲག་རྡོ་ཚང་མ་གཏོར་ནས་ཕར་ངོས་ཀྱི་དགྲ་དམག་མང་པོ་ཞིག་ཤི་རྨས་སུ་བཏང།

དེ་ནི་དབུ་རྩེ་ནས་གནམ་མཁར་རི་རྫོང་ལ་དམག་སྣོན་ལྟ་བུར་མངགས་པའི་དཔའ་རྒོད་གཉིས་ཀྱིས་དེ་གར་བསད་སོང་བའི་རོགས་པ་གསུམ་དང་ཁོ་རང་གཉི་གའི་འགད་རྫས་བཅས་སྡེབ་གཅིག་ལ་བསྒྲིལ་ནས་འཐབ་རའི་བྲག་རྡོའི་བར་གསེང་ལ་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པ་ཞིག་རེད།

དཔའ་རྒོད་གཉིས་ཕ་བོང་གི་རྒྱབ་ནས་ཐོན་ཏེ་འཐབ་རའི་ནང་དུ་ཞུགས་ནས་མེ་མདའ་བརྒྱབ། མགོ་ལེབ་སྒང་ནི་ལག་མཐིལ་ལ་བླངས་པ་ལྟ་བུ་ཞིག་ཡིན་པས་གཅིག་ཀྱང་འཆོར་ས་མེད། འོན་ཀྱང་ཕར་ཕྱོགས་དམའ་ས་ན་ཡོད་པས་ཚུར་སྒྱོགས་མདེལ་རིགས་མ་གཏོགས་མེ་མདའ་གཞན་གྱིས་གོ་ཅང་མི་ཆོད།

རྒྱང་མདའ་འགའ་རེ་འཕེན་པ་ལས་དགྲ་དམག་གིས་ཡང་བསྐྱར་གཤར་རྡང་བྱེད་མ་ཕོད། འགས་གཏོར་ཆེན་པོ་དེ་གཉིས་ཁྲོད་བཀོད་འདོམས་པ་དཔོན་རྒན་ཞིག་དང་བརྒྱ་དཔོན་གཉིས་བཅས་དགྲ་དམག་བརྒྱ་ཙམ་ཞིག་ལ་ཤི་རྨས་བྱུང། དེ་ནི་ཁོ་ཚོའི་བསམ་ཡུལ་ལས་འདས་པའི་ཆེས་སྟབས་ཉེས་ཀྱི་ཆག་སྒོ་ཞིག་ཡིན་ལ། ཁོ་ཚོས་ཐོག་མར་སྟག་རྒོད་ཚོགས་པར་ཚོད་དཔག་བྱས་པའི་ནུས་པ་ལས་ལྡབ་དུ་མས་བརྒལ་བ་ཞིག་ཡིན་ནོ།

ཉི་མ་ལྷོད་ལ་བབས་དུས། གནས་སྐབས་རིང་ཡོད་ཚད་འཇམ་ཐིང་ངེར་གྱུར། དབུ་རྩེའི་དཔའ་རྒོད་གཞན་པ་ཚོས་གནས་ཚུལ་འདི་དག་གི་མགོ་མཇུག་ཚང་མ་གློག་བརྙན་ལ་ལྟ་བ་བཞིན་མཐོང་ཡོད་པས། “དཀོན་མཆོག་གསུམ་པོ་མཁྱེན། ཡུལ་ལྷ་གཞི་བདག་གིས་གྲོགས་བྱས་སོང” ཞེས་དགའ་ཐག་ཆོད་ནས་ཁོ་ཚོས་ཀྱང་དཔའ་རྩལ་འདོན་རྒྱུར་ངང་སྒུག་བྱས།

ཉིན་གུང་ཡོལ་རྗེས་གེ་སར་མཁར་རྫོང་ལའང་དགྲ་དམག་བརྒྱ་ཤོག་ཅིག་འབྱོར། སྤོ་སྟག་རྒན་སོགས་ཀྱིས་ངང་སྒུག་ཡུན་རིང་བྱས་ཡོད་པ་བཤད་ཅི་དགོས། གློ་བུར་དུ་མཁར་རྫོང་གི་འགག་སྒོ་འོག་མ་ནས་རྐང་དམག་འགའ་ཞིག་འཇབ་རྒྱུགས་ཀྱིས་ཡར་མར་ཁ་བཀྲམ་ནས་ཡིབ་འགྲོས་ཀྱིས་ལ་ལྟ་ལུང་ལྟ་བྱས། མི་མ་དགོས་རྟ་ཞིག་ཀྱང་མི་འདུག ཁོ་ཚོས་མཁར་རྫོང་གི་རྩེ་མོ་དང་བྲག་ཐེམ་དག་ལའང་རྒྱང་མཐོང་བཙུགས་ནས་བལྟས་ཀྱང་ཅི་ཡང་མ་མཐོང༌། དེ་ནས་ག་ལེར་ཡར་མར་ལ་སོང་ནས་ད་དུང་ཞིབ་ལྟ་བྱས། ཕལ་ཆེར་ཉེན་ཁ་མི་འདུག་བསམ་པ་འདྲ་གཅིག་གིས་ལག་བརྡ་ཞིག་བྱས་པ་དང༌། དགྲ་དམག་རྣམས་འགག་སྒོ་ནས་རིམ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བྱུང༌། དགྲ་དམག་སྔོན་མ་དག་གིས་ལམ་འཚོལ་བཞིན་འགག་སྒོ་གོང་མར་བསླེབས་བྱུང༌། ད་དུང་གནས་ཚུལ་ཅི་ཡང་མ་བྱུང༌། འགག་སྒོ་ནས་ཕྱིར་བུད་པ་དང་དམག་རྟ་མང་པོ་ཞིག་ཡོད་པ་མཐོང་བས་དེ་གར་ཡིབ་ཅིང་ཕྱི་ལོགས་ཀྱི་དམག་མི་ཚོར་ཉེན་བརྡ་བཏང༌། སྐབས་དེར་དཔའ་རྒོད་ཅིག་གིས་ལག་འབོམ་ཞིག་འགག་སྒོ་གོང་མའི་དགྲ་དམག་འགའ་བོའི་ནང་ལ་འཕངས་པའི་འགས་གཏོར་དང་བསྟུད། འགག་སྒོ་འོག་ནས་ཀྱང་དེ་བཞིན་བྱུང་བ་མ་ཟད། བྲག་ཐེམ་གཞན་འགའ་ནས་བསྟུད་མར་བྲག་གཏོར་འགད་རྫས་བཀད་བྱུང་བས། རེ་ཞིག་མཁར་རྫོང་ནང་རྡོ་ཆར་དང་ས་རྡུལ་གྱིས་ཁེངས་པ་དང་དུས་མཚུངས་དགྲ་དམག་གང་མང་ཞིག་ཀྱང་ཕྱི་མའི་དམྱལ་མཁར་ནང་དུ་བརྫངས་ཡོད་པ་ཐག་གིས་ཆོད།

སྐར་མ་འགའ་ལ་སུ་ལ་ཡང་གྲག་འགུལ་མ་བྱུང་ཞིང་ས་རྡུལ་ཡང་རིམ་པས་མཁའ་རུ་ཡལ་བ་ན། དགྲ་བོ་རྨས་སྐྱོན་མབྱུང་བ་ཁག་ཅིག་གིས་རྡོ་ཕུང་འགའ་རེའི་བར་ན་མགོ་ཀྲོག་ཀྲོག་གིས་ཡར་མར་ལ་ལྟ་གིན་འདུག་མོད་མེ་མདའི་ཁ་སྐོར་ཕྱོགས་ཤིག་མ་བརྙེད། སྐབས་དེར་མཁར་རྫོང་གི་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་སོ་སོ་ནས་རིམབཞིན་མེ་མདའ་བརྒྱབ་བྱུང་བས། དགྲ་དམག་ལྷག་མ་དག་གིས་མགོ་མདའ་རུ་དཀྲོག་དཀྲོག་གིས་ཕར་ལྟ་ཚུར་ལྟ་རེ་བྱེད་ཀྱིན་ཕལ་ཆེ་བ་གཏན་དུ་ལངས་རྒྱུ་མེད་པར་གྱུར། ཡིན་ན་ཡང་ཤི་རྫི་བ་དང་རྨས་མ་དྲན་པ་འཐོར་བའི་རིགས་ཡོད་ཀྱང་སྲིད།

སྟག་རྒོད་ཚོས་ཀྱང་དོགས་ཟོན་ངང༌། དུས་ཚོད་ཕྱེད་ལྷག་ཕྱིན་ཡང་ཡོད་ཚད་དལ་ཅག་གེ་རེད། སྟག་རྒོད་ཅིག་བྲག་ཐེམ་ཞིག་ནས་ལངས་ཏེ། “རྒྱ་རོ་འདི་ཚོར་རོ་བདག་གཅིག་ཀྱང་མེད་པ་འདྲ། འགྲོ ལག་ཆ་ལེན་གི་འགྲོ མེ་མདའ་རྫིག་པོ་འདྲ་ཡོད་རྒྱུ་རེདཅེས་མར་བབས་པའི་རྗེས་སུ། བྲག་ཁུང་འགའ་ནས་རོགས་པ་འགའ་ཡང་ཕྱིར་བུད་དེ་གནམ་ལ་གཅིག་ལྟ་བཞིན།

“ཨ་ལ་ལ་་་་རོ་བདག་བྱ་རྒོད་འདི་ཚོ་ལོས་ཡིན། འདི་འདྲའི་མང་བ་ལ། དེ་རིང་གཡུ་འབྲུག་རྫ་རྒྱུད་ཚང་མ་རྒྱ་རོས་གང་ཡོད་པ་མིན་ནམ” ཞེས་མར་འབབ་རྩིས་བྱེད་སྐབས།

ཚང་མ་མར་མ་འབབ། ད་དུང་ཕྱི་ནས་དགྲ་བོ་ཡོང་ན་ཐངབྲག་ཐེམ་ཞིག་ན་གན་རྐྱལ་དུ་ཉལ་ནས་ཐ་མག་འཐེན་བཞིན་པའི་སྤོ་སྟག་རྒན་གྱི་སྐད་ཆ་འདིས་སྟག་རྒོད་གཉིས་གསུམ་ཞིག་བྲག་ཐེམ་ནས་བཀག་སོང༌།

གཟབ་གཟབ་བྱོས་ཨ། རོ་ལངས་བརྒྱབ་ཡོངརོགས་པ་ཞིག་གིས་ཀྱང་ཉེན་བརྡ་བཏང༌།

སྟག་རྒོད་བཞི་སྔ་ཕྱི་བྱས་ནས་ག་ལེར་མར་བབས་ཚར་བ་དང་ངོ་མ་རོ་ལངས་བརྒྱབ་བྱུང༌། རྨས་མ་ཡིན་མིན་དགྲ་རྒན་བཅུ་གྲངས་ཤིག་གིས། གཅིག་རྗེས་གཉིས་མཐུད་ཀྱིས་ཡར་མར་ནས་མེ་མདའ་བརྒྱབ་བྱུང་བས། བྲག་ཐེམ་ན་འགྱིངས་ནས་ཡོད་པའི་སྟག་རྒོད་གཉིས་ཐོག་མ་བྱས་ཏེ་སྟག་རྒོད་དྲུག་རིམ་པ་བཞིན་སྟགའཛུམ་དྲུག་གྱི་ལེར་ཉལ་སོང༌།  སྤོ་སྟག་རྒན་གྱིས་བསྟུད་མར་མེ་མདའ་འགའ་འཕངས་ཐུབ་པས་དགྲ་རྒན་འགའ་ཡང་ཕྱིར་ཉལ་སར་ལྷུང་སོང༌།

ཡིན་ན་ཡང་དགྲ་དམག་ཁ་ཤས་བྲག་རྡོ་ལོག་ལོག་རེའི་ཕག་ལ་གབ་ཚར་བས། ཁོང་གིས་ཤུགས་ཆེན་པོས་ལག་འབོམ་འགའ་ཡར་མར་གཡུགས། ཁོས་ལག་འབོམ་ཐ་མ་དེ་གཡུག་སྐབས་མེ་མདའ་ཕོག་ཅིང་འབོམ་དེས་རང་ལུས་ཀྱང་གཙང་མར་བཟོས་པ་དང་གེ་སར་མཁར་རྫོང་གི་གཡུལ་འགྱེད་ཀྱང་མཇུག་གྲིལ།

 

ས་རུབ་ལ་ཉེ། གྲག་རྒྱུ་གོ་རྒྱུ་མེད་པའི་རུ་ཤོག་ཅིག་ནི་སྟག་སྨྱོན་དཔའ་རྒོད་ལྔ་བོ་རེད། གླག་ཚང་ཅན་ནི་དབུ་རྩེའི་ཤར་ན་ཡོད་ཅིང་བྲག་རིའང་དམའ་ཙམ་ཡོད་པས། ཤར་ཕྱོགས་རི་རྒྱུད་མ་གཏོགས་ནུབ་ཕྱོགས་ཀྱི་དབུ་རྩེ་ཁོ་ན་ལས་ཅི་ཡང་མི་མཐོང༌། ཁོ་ཚོས་འདི་ལྟར་རོགས་པ་ཚོའི་འཐབ་འཛིང་གི་མེ་སྒྱོགས་དང་མེ་མདའི་སྐད་ལ་ཉན་ནས་སྡོད་རྒྱུ་དེ་བློ་བདེ་ཞིག་ག་ལ་ཡིན། ལྷག་པར་སྟག་སྨྱོན་ལ་མཚོན་ན་ཁོས་དཔའ་རྒོད་ཚང་མའི་ཐོག་མ་བྱས་ནས་དཔའ་རྟགས་ཤིག་བསྟན་འདོད་ཆེ་ཡང་ད་ཕལ་ཆེར་ཁོས་འདི་ལྟར་སྒུག་བསྡད་ན་ཁོ་ཆེས་རྗེས་མར་ལུས་རྒྱུ་ཡིན་པ་མ་ཟད། གལ་སྲིད་བྱས་རྗེས་ཤིག་འཇོག་ཐུབ་པའི་དབང་དུ་བཏང་ཡང་མཐོང་མཁན་ཉུང་བས། ཁོ་ཕར་འགྲོ་ཚུར་འགྲོའི་ངང་སྡོད་ཚུགས་ཀྱིན་མེད་ལ། ཐ་མག་ཀྱང་སྒམ་ཆུང་ཁ་ཤས་འཐེན་ཚར་ནས་ད་ནི་ཕྱིར་འཁོར་ནས་དུ་སྣེ་འགའ་རེ་བཏུས་ནས་འཐེན་གྱིན་འདུག

འགྲོ” སྟག་སྨྱོན་ཡར་ལངས་བྱུང༌།

གང་ལ་་་

གེ་སར་མཁར་རྫོང་ལ་འགྲོཁོས་འགྲོ་རྩིས་བྱས།

ང་ཚོའི་ས་ཆ་འདི་རེད། དགྲ་བོ་དེ་རིང་མ་ཐོན་ཡང་སང་ཉིན་ཡོང་གི་རེད

མཁར་རྫོང་ལ་ད་ཕལ་ཆེར་རོ་མ་གཏོགས་ཅང་ཡོད་རྒྱུ་མ་རེདརོགས་པ་གཉིས་ཀྱིས་འགྲོ་འདོད་མེད་པའིརྣམ་འགྱུར་བསྟན།

གང་ལྟར་ངས་འདིར་མིག་བཙུམ་ནས་སྡོད་ཀྱི་མིན། འགྲོ་མཁན་ཡོད་ན་འགྲོ། མེད་ན་ཚང་མ་སྡོདཁོས་འགྲོ་བཞིན་དུ་དེ་ལྟར་ཐག་བཅད། སྟག་དར་མ་ཁོའི་རྗེས་སུ་འབྲངས་སོང༌།

ནམ་གུང་ཙམ་ཞིག་ལ། ཁོ་གཉིས་གེ་སར་མཁར་རྫོང་གི་འཁྲིས་ལ་བསླེབས། དམག་རྟ་འགའ་ད་དུང་ཕྱི་ལོགས་ན་འདུག དལ་མོར་ནང་དུ་སོང་ནས་ཡར་མར་ལ་བརྟག་ཅིང་ཅི་ཡང་མ་མཐོང༌། དུས་དེར། གླག་ཚང་ཅན་ནས་མེ་མདའ་དང་ལག་འབོམ་བཀད་པའི་སྒྲ་གྲགས་བྱུང༌།

ཨ་ཕའི་རོ། ཕྱིར་འགྲོསྟག་སྨྱོན་གྱིས་སུ་ཞིག་ལ་སྡིགས་དམོད་བྱེད་ཀྱིན་ཁོ་གཉིས་ཀྱིས་རྟ་རེ་ཞོན་ནས་ཕྱིར་རྒྱུགས། ཆུ་ཚོད་ཕྱེད་ཙམ་ནས་འགད་རྫས་ཤིག་བཀད་པ་དང་གླག་ཚང་ཅན་མེ་རུ་འབར་སོང༌། ཕལ་ཆེར་དགྲ་བོས་མེ་མདེལ་འགད་རྫས་བཀོལ་བ་འདྲ།

རྟ་ལམ་སོང་ཚར་བས། ཁོ་གཉིས་བབས་ནས་རྐང་ཐང་ལ་སོང༌། དོགས་ཟོན་དང་བཅས་ཕྱིར་གླག་ཚང་ཅན་ལ་འབྱོར་དུས་ཅི་ཡང་མ་མཐོང༌། འཐབ་ར་སྟོང་བ་རེད། ཕལ་ཆེར་དགྲ་དམག་དབུ་རྩེའི་ཕྱོགས་སུ་ཕྱིན་པ་འདྲ།

སྟག་སྨྱོན་ཡར་ལངས་ཞོར།ཕ་རོ་ཟ་རྒྱུ་བོ། འགྲོ ང་འཆི་ས་ཞིག་ཀྱང་མེད་ལེ་རེད

སྟག་དར་མས།འདིར་བསྡད་ཡོད་ན་ད་ཤི་ཚར་ཡོད་རྒྱུ་རེད”ཅེས་དང་སླར་ཡང༌།

དགྲ་བོའི་རྗེས་ཟིན་སོང་ན་ཡག་ཐག་ཆོད་ཅིག་འཛིང་ཆོག

ཁོ་གཉིས་སླར་ཡང་དབུ་རྩེར་འགོས། མཚམས་ཤིག་ལ་སྟབས་མ་ལེགས་པར་གཉི་ག་གྲོག་རོང་ཆེན་པོ་ཞིག་གི་ནང་དུ་ལྷུང༌། སྟག་དར་མ་འགུལ་རྒྱུ་མི་འདུག སྟག་སྨྱོན་ལ་རྨས་སྐྱོན་ཆེན་པོ་བྱུང་མི་འདུག ཡིན་ན་ཡང་ཁོ་ཉིནམཚན་གཉིས་ལ་གཉིད་མ་ཁུག་པའི་ཐོག་འགྲུལ་བཞུད་མང་པོབྱས་པས་ཧ་ཅང་ཐང་ཆད་ཡོད། ཁོ་དེ་མུར་གན་རྐྱལ་དུ་ཉལ་ནས་ངལ་ཅུང་བསོས་པ་དང་གཉིད་དུ་ཡུར་སོང༌།

ནམ་ཡང་ལངས་ལ་ཉེ། མཚམས་འདིར་དབུ་རྩེ་དང་གནམ་མཁར་རྫོང་ནས་མེ་མདའ་གྲགས་བྱུང༌། མགོ་ལེབ་སྒང་ལ་སླར་ཡང་དམག་སྣོན་དང་མེ་སྒྱོགས་སྐྱེལ་འདྲེན་བྱས་པ་འདྲ་སྟེ། གནམ་མཁར་རི་རྫོང་རྩེ་མོར་སྒྱོགས་མདེལ་བསྟུད་མར་འཕེན་གྱིན་འདུག་ལ། དེ་དང་མཉམ་དུ་དགྲ་དམག་གིས་འཇབ་རྒོལ་དཔུང་འཇུག་བྱས་བྱུང༌། དུས་ཚོད་ཕྱེད་ཀ་ཙམ་ལ་གནམ་མཁར་རི་རྫོང་བདེ་བླག་ངང་དགྲ་བོས་བླངས་ཤིང་སླར་ཡང་དབུ་རྩེ་ལ་མེ་སྒྱོགས་བསྟུད་མར་བརྒྱབ།

ནམ་ལངས་བྱུང༌། སྟག་ནག་དང་རོགས་པ་གསུམ་གྱིས་དབུ་རྩེའི་ཤར་ངོས་ཀྱི་བྲག་ཕུག་ཅིག་གི་ནང་ལ་འཛུལ་ནས་དགྲ་དམག་དང་འཛིང་གིན་འདུག འོག་ནས་མེ་མདེལ་འབར་རྫས་ཤིག་གཡུགས་བྱུང་བ་ཏག་ཏག་ཁོ་ཚོའི་བྲག་ཕུག་གི་ཐོད་ལ་ཕོག་པས་བྲག་རྡོ་འཐོར་ནས་རོགས་པ་ཚང་མ་བསད་སོང། སྟག་ནག་གི་ལག་པ་གཡོན་པར་རྨས་སྐྱོན་ཆེ་ཙམ་བྱུང༌། ཁོས་ཡིབ་འགྲོས་ཀྱིས་ཕྱིར་དབུ་རྩེའི་འཐབ་རའི་ནང་དུ་བསླེབས། དེ་གར་ཡང་སྟག་རྒོད་བཞི་བྲག་རྡོའི་གསེབ་ལ་མནན་ནས་ཕྱི་མར་ཆས་འདུག་པ་མཐོང་།

གནམ་མཁར་རི་རྫོང་ནས་ཚུར་དགྲ་དམག་མང་པོ་ཞིག་གཤར་རྡང་གིས་རྒྱུགས་འོང་གིན་འདུག ཁོས་ལག་གཡས་པས་རོགས་པ་ཚོའི་བེམ་པོ་རེ་རེ་ཡར་བཏོན་ནས་ལུས་ནས་ལག་འབོམ་དང་འགད་རྫས་ཚང་མ་བླངས་ནས་མཉམ་དུ་བྲག་རྡོ་འགའ་ཞིག་གི་བར་ལ་སྤུངས་ཏེ་འགད་རྫས་ཀྱི་མེ་རྟའི་ཐོག་ལ་ལག་འབོམ་འགའ་དགད་ཆོག་ཆོག་གིས་བཞག་ཅིང་ལག་གཡས་སར་གཅིག་བཟུང་ནས་གན་རྐྱལ་དུ་ཤི་ཁུལ་གྱིས་སྒུག་བསྡད། ཤར་ནུབ་ཀྱི་དགྲ་དམག་གཉིས་ཀ་གྲོས་བྱས་པ་བཞིན་དུས་མཉམ་དུ་ཕར་ཚུར་ནས་འགོས་ཏེ་དབུ་རྩེར་སླེབས་ཤིང་འཐབ་རའི་འཁྲིས་ལ་སླེབས་པ་དང་བཀད་སོང། འབར་གས་ཆེན་པོའི་བྲག་རྡོའི་ཟེགས་མ་དུ་མ་ཕྱོགས་བཅུར་འཐོར་བའི་ཁྲོད་དུ་སྟག་ནག་གི་ལུས་པོ་དང་རྣམ་ཤེས་ཀྱི་དགོད་སྒྲ་ཚང་མ་ཡང་འཕུར་སོང༌།

ས་རྡུལ་གྱི་འཚུབ་མ་ཡལ་རྗེས། དབུ་རྩེའི་དར་ལྕོག་དང་མདའ་དར་རལ་ཧྲུལ་འགའ་ཞིག་གི་ཁྲོད་ན་དུམ་བུ་ཁ་ཤས་སུ་སོང་བའི་རྒྱལ་དར་གྱི་སེང་གེ་ཡ་གཅིག་གིས་ད་དུང་གཡུ་རལ་གསིག་པའི་ཚུལ་དུ་རླུང་གིས་ལྷབ་ལྷུབ་སྐྱོད།

 

ང་ཚོས་གར་སོང་གི་རྗེས་མགོ་མ་ནོན་པ་ཞིག་ནི་དམར་ཡག་རུ་ཤོག་རེད། ཡང་ང་ཚོས་གསལ་བོ་ཤེས་པ་གཞན་ཞིག་ནི། ཐོག་མར་གཡུ་འབྲུག་རྫ་བྲག་སྔོན་མོའི་སྟག་རྒོད་འདུལ་དུ་ཡོང་མཁན་དགྲ་དཔུང་བརྒྱ་ཤོག་བཅུ་ནས་ད་ལྟ་རྒྱ་རོ་བརྒྱ་ཤོག་གཉིས་ལྷག་དང༌། རྨས་མ་བརྒྱ་ཤོག་གསུམ་ཙམ་ཞིག་ཁུར་ནས་ཕྱིར་སོང་བ་དེ་རེད། འདི་ནི་བོད་རྒྱའི་ལོ་རྒྱུས་ཐོག་གེ་སར་གྱི་གཡུལ་འགྱེད་ཆེན་མོའི་ལེའུ་གསར་བ་ཞིག་སྟེ།བཙན་རྒོལ་བོད་སྐྱོབ་ཀྱི་དྲག་འཐབ”ཅིག་གོ།

 

ཕྱི་ཉིན་ཉིན་གུང་ཡོལ་ཙམ་ལ་དབུ་རྩེར་སྟག་རྒོད་གཅིག་སླེབས་བྱུང༌། དེ་ནི་ངས་མ་བཤད་ཀྱང་ཁྱོད་ཚོས་ཚོད་དཔག་ཐུབ་པ་སྟེ། མདང་ནུབ་གཉིད་དུ་ཤོར་བའི་སྟག་སྨྱོན་རེད།

ཁོས་མདང་ནུབ་དཔའ་རྟགས་སྟོན་ས་ཅི་ཡང་མ་ལོན་པ་དང་། སྟག་རྒོད་འཐབ་གྲོགས་རྣམ་པའི་རྣམ་ཤེས་ཡོངས་སུ་འཕུར་ཤུལ་གྱི་དུར་ས་དེ་མཐོང་ནས་སེང་གེ་ཡ་གཅིག་ཅན་གྱི་དར་ཤིང་ལ་འཇུས་ཏེ་སྐད་ཡོད་ཚད་ཕྱུང་ནས་ཀི་ཞིག་བཏབ། ཀི་སྒྲ་དེ་གནམ་མཁར་རི་རྫོང་གི་རྫ་རྒྱུད་ལ་བྲག་ཅ་འཁོར་ནས་རྒྱང་རིང་དུ་ཁྱབ་བོ༎

 

 

 ཇ༽

 

 

        མེ་རི་ཆུང་ཆུང་ཞིག་འབར་གས་ཤོར་བ་དང་འདྲ་བའི་ཡ་ང་བའི་གཡུལ་འགྱེད་ཐེངས་གཅིག་དེའི་སྐོར་བོད་ཆོལ་ཁ་གསུམ་དུ་རླུང་གིས་བསྒྲགས་པ་བཞིན་ཁྱབ་ཅིང༌། བོད་མི་ཚང་མས་དགའ་སྐྱོ་ཅི་རིགས་ཀྱི་གླེང་མོལ་སྣ་ཚོགས་ཤིག་བྱེད་ལ། ལྷག་པར་གཞོན་སྐྱེས་སྐྱ་སེར་མང་པོས་དམག་འཐབ་དེར་གདེང་འཇོག་ཆེ་བསྟོད་ཀྱི་སྙན་རྩོམ་མང་པོ་བྲིས་ནས་ག་སར་གསང་འགྲེམས་བྱེད་ཀྱིན་པ་མ་ཟད། <<གངས་གཡག>>ཅེས་པའི་རྩོམ་རིག་དུས་དེབ་ཐོག་ལ། <དཔའ་བོའི་ཀི་སྒྲས་རི་ལུང་གཉིད་ལས་བསླངས>ཞེས་པའི་རབ་རིབ་སྙན་རྩོམ་རིང་མོ་ཞིག་སྤེལ་བ་དེས་རྩོམ་མཁན་དང་རྩོམ་སྒྲིག་པ་གཉི་ག་ཁྲིམས་སྒོར་བསྐྱེལ་བའི་གནས་ཚུལ་སོགས་ཀྱང་འབྱུང་བཞིན་ཡོད།

འོན་ཀྱང་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་ཇི་བཞིན་མ་ཡིན་པ་དང་གསལ་ཁ་མེད་པ་རེ་ལས་གསལ་བསྒྲགས་བྱེད་ཀྱིན་མེད་པས། མི་ཚང་མས་གནས་ཚུལ་གསལ་རྟོགས་ཐུབ་རྒྱུ་དཀའ་བས། མི་རྣམས་ཀྱིས་ཡ་མཚར་བའི་གླེང་མོལ་སྣ་ཚོགས་ཤིག་བྱེད་ཀྱིན་ཡོད་ལ། ལྷག་པར་ཧི་མ་ལ་ཡའི་ཕར་རྒྱབ་སྟེ་བཙན་བྱོལ་བོད་ཀྱི་མི་མང་ཁྲོད་ལ། བོད་ཀྱི་སྟག་རྒོད་ཚོགས་པ་ཟེར་བའི་ལྷ་འདྲེ་མི་གསུམ་གྱི་གསང་བའི་དམག་དཔུང་གསར་བ་ཞིག་གིས་རྒྱ་ནག་ལན་ཀྲིག་གི་དམག་དཔུང་ཕམ་པར་བཏང་ནས་རྒྱལ་ཁ་ཆེན་པོ་བླངས་པ་རེད། ད་བོད་རང་བཙན་མགྱོགས་པོ་འཐོབ་ཀི་རེད། ཅེས་པ་སོགས་ཀྱི་འུར་གཏམ་དང་ལྷན་དུ། གཞོན་ནུ་ཚོགས་པ་སོགས་ཀྱིས་ཀྱང་ད་ནི་དུས་ལ་བབ་སོང་ཞེས་ཚོགས་འདུ་བསྡུས་ཏེ་དྲག་པོའི་ལས་འགུལ་སྤེལ་དགོས་ཞེས་ཁུ་ཚུར་གནམ་ལ་བསྒྲེངས་ཤིང་ཅོག་ཙེར་ཤུགས་ཀྱིས་རྡུང་མཁན་བྱུང་སྐད།

འོན་ཀྱང་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་དུ་བླ་ཆེན་ཁག་གིས་གཙོས་སྐྱ་སེར་མང་པོས་དམག་འཐབ་ནང་དུ་བསད་སོང་བའི་བོད་རྒྱའི་དམག་མི་ཚང་མར་བསྔོ་བ་སྨོན་ལམ་དང༌། མི་སྲོག་གིས་རྩེ་སྤྱད་བྱེད་པའི་ཁྲག་གི་རྒྱ་མཚོ་དང་རུས་པའི་བྲག་དཀར་ཅིག་མི་མཐོང་བའི་ཐུགས་སྨོན་གསོལ་འདེབས་གནང་གིན་ཡོད།

སྣང་ཚུལ་འདི་དག་ནི་སུས་ཀྱང་འགྲེལ་བཤད་དཀའ་བའི་བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་ཤིག་ཡིན་ལ། ཕལ་ཆེར་འབྱུང་འགྱུར་གྱི་གནས་སྟངས་ཀྱང་ཡིན་ངེས།

གང་ལྟར་དཔའ་ངར་གྱིས་ཀྲོང་ངེར་འགྱིངས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ནི་གཡུ་འབྲུག་རྫ་བྲག་རང་བྱུང་དཔའ་བོའི་རྡོ་རིང་དེ་ཡིན་ལ། ཁོའི་ཆགས་འཇིག་གི་གནས་ཚུལ་ཅུང་ཟད་རེ་ཤེས་མཁན་རྣམས་ཀྱང་གནས་དེའི་ཡུལ་མི་ཚོ་ཡིན། ལྷག་པར་དམག་འཐབ་དེའི་རྒྱབ་ལྗོངས་དང་བཅས་པའི་གནས་ཚུལ་ཚང་མར་རྒྱུས་ཅུང་ཟད་ཅིག་ལོན་བཞིན་པ་ནི་ཉེན་རྟོག་ཉམས་ཞིབ་པ་ཞོ་ཧྭ་རེད།

ཁོ་མོས། རང་གི་ཉེན་རྟོག་བྱ་སྒྲུབ་ཁང་གི་འབོལ་སྟེགས་ཐོག་བསྡད་དེ་ཆུ་ཁོལ་ཞིག་འཐུང་བཞིན་གསར་དུ་འབྱོར་མ་ཐག་པའི་ཀྲུང་གོ་མི་དམངས་ཉིན་རེའི་ཚགས་པར་དེ་ལག་ཏུ་བླངས་པ་དང༌། མདུན་ཤོག་དང་པོའི་ངོས་སུ། <མེ་སྟག་ཆུང་ནས་གསོད་པ>ཞེས་པའི་གསར་འགྱུར་དེ་བཀླགས།

དེའི་ནང་ཉེ་ཆར་གྱི་དམག་འཁྲུག་དེའི་གནས་ཚུལ་དག་ནི་མེས་རྒྱལ་ཁ་བྲལ་གཏོང་བའི་འཇིགས་སྐུལ་ཇག་པ་སྐོར་ཅིག་རྩ་མེད་བཏང་བའི་དོན་རྐྱེན་ཆུང་ངུ་ཞིག་ཏུ་བཏང་ནས་ཁ་མི་གསལ་བར་བྲིས་འདུག་པ་དེས། མོས་གསར་དུ་འབྲི་བཞིན་པའི་<འབར་ལ་ཉེ་བའི་མེ་རི་ཞིག་གི་ཆགས་འཇིག་སྐོར>ཞེས་པའི་སྙན་ཞུ་རྩོམ་ཡིག་དང་རྦད་དེ་འགལ་ཟླར་གྱུར་པས། མོ་ལ་གློ་བུར་བའི་འགོག་རྐྱེན་ཆེན་པོ་ཞིག་གི་ཚོར་སྣང་བྱུང་བས་ཡར་ལངས་ཏེ་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་རྗེས། ཐད་ཀར་དུ་ཀྲང་ཉེན་དཔོན་གྱི་གཞུང་སྒྲུབ་ཁང་དུ་བཅར།

ཀྲང་ཉེན་དཔོན་གྱིས་མོ་ལ་འོང་དོན་དྲིས་པ་ན། མོས་ཚགས་པར་དེ་སྟོན་བཞིན། “ཉེན་དཔོན་ལགས་ཀྱིས། <མེ་སྟག་ཆུང་ནས་གསོད་པཞེས་པའི་གསར་འགྱུར་འདི་གཟིགས་བྱུང་ངམ

བལྟས་མེད། ཅི་བྲིས་འདུག

རྫུན་གཏམ་བཀོད་འདུག

ཨོ་ རྫུན་གཏམ་ཅི་བཀོད་འདུག

གནས་ཚུལ་འདི་མེ་སྟག་ཆུང་ངུ་ཞིག་རེད་དམ

འོ་ན། རང་གིས་བལྟས་ན་མེ་དཔུང་ཆེན་པོ་ཞིག་ཡིན་ནམ

རེད། འབར་ལ་ཉེ་བའི་མེ་རི་ལྟ་བུ་ཞིག་རེད། ཉེན་དཔོན་ལགས་ཀྱི་དགོངས་ཚུལ་ཅི་འདྲ་ཡིན་ནམ

ངེད་གཉིས་བསམ་ཚུལ་ཕལ་ཆེར་འདྲ་བོ་འདུགཅེས་ཀྲང་ཉེན་དཔོན་གྱིས་འབོལ་སྟེགས་ཐོག་ནས་ལྷོད་ལྷོད་ཀྱིས་ཐོད་པར་ཕུར་ཙམ་བྱེད་ཀྱིན། “ཁྱོད་མར་སྡོད་ལ་ག་ལེར་ཤོད་དང

ལགས་སོ” ཞོ་ཧྭ་མར་སྡོད་ཞོར། “ངས་ངོ་མ་ཧ་གོ་གི་མི་འདུག ང་ཚོས་ཕྱོགས་གཅིག་ནས་ཉོག་གྲ་འདི་གཏིང་ཟབ་པ་ཛ་དྲག་གི་གནས་ཚུལ་ཞིག་ཏུ་བརྩིས་ནས་ཚོགས་འདུ་ཆེ་ཆུང་དང་བྱ་འགུལ་མང་པོ་སྤེལ་བཞིན་པ་རེད་ལ། ཐ་ན་བཅིངས་འགྲོལ་དམག་གིས་ཀྱང་དྲག་འདུལ་བྱས་པ་རེད། འོན་ཀྱང་ངོ་ལོག་པ་ཉུང་ཤས་ཤིག་མ་གཏོགས་རྩ་མེད་ཀྱང་གཏོང་ཐུབ་མེད། དེ་བས་གནད་དོན་འདི་མེ་སྟག་ཅིག་བསད་པ་ལྟར་ཚར་བ་ཡིན་ནམམོས་ཚོར་ཤུགས་ཆེན་པོས་བཤད།

དེ་ང་ཚོ་ལས་ཀྱང་ཀྲུང་དབྱང་གིས་གསལ་བོ་རྟོགས་ཡོད་པ་རེད། འོན་ཀྱང་གནས་ཚུལ་འདི་ཇི་བཞིན་བཤད་ན་དེ་ལ་ཆབ་སྲིད་ཐད་ནས་ཕན་ལས་གནོད་པ་ཡོང་གི་རེད

         དེ་ཅི་ཡིན་ནམ

         གལ་ཏེ་ང་ཚོས་མེ་སྟག་ཅིག་རེད་ཅེས་བཤད་ནའང༌། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་པ་ཚོས་དེ་མེ་དཔུང་ཞིག་ཏུ་འུད་སྒྲོག་བྱེད་ངེས་རེད” ཀྲང་ཉེན་དཔོན་གྱིས་དེ་ལྟར་ཤོད་ཞོར་ཐ་མག་ཅིག་ལ་མེ་སྒྲོན་བཞིན་ཞོ་ཧྭར་མིག་གི་ཟུར་གྱིས་ལྟ་ཙམ་ཞིག་བྱེད་ཀྱིན།

ཡང་གཅིག་བཤད་ན་ང་ཚོས་ཐེངས་འདིར་ངོ་ལོག་པ་ཉུང་ཤས་ཤིག་ལས་ཚར་གཅོད་མ་ཐུབ་ཀྱང༌། ངོ་ལོག་པ་མང་པོ་ཞིག་དང་དེ་དག་དང་འབྲེལ་བའི་བོད་མི་མང་པོ་ཞིག་གི་སེམས་བསད་ཡོད་པ་རེད། ད་དུང་ཡང་གཅིག་བཤད་ན་བོད་མི་མང་པོ་ཞིག་ལ་ལྷག་པར་འཁོན་སེམས་ཆེ་རུ་བཏང་ཡང་ཡོད་སྲིད་པ་རེད

         རེད། ཕལ་ཆེར་ཡོད་རྒྱུ་རེད། གལ་ཏེ་དེ་ལྟར་འགལ་ཟླ་ཆེ་རུ་གྱུར་ན། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ལའང་བར་ཆད་གཏོང་གིན་ཡོད་པ་མིན་ནམ” ཞོ་ཧྭས་ཅུང་སེམས་ཁྲལ་གྱི་ཚུལ་དུ་བཤད།

ཀྲང་ཉེན་དཔོན་གྱིས་མགོ་ནང་ལ་ལྡེམ་གྱིན། “ཡིན་ན་ཡང་ང་ཚོར་ཡང་ཐབས་མེད་སོང་བ་རེད། གལ་ཏེ་དྲག་འདུལ་མ་བྱས་ན་དེའི་མཇུག་འབྲས་དེ་ལས་ཀྱང་ཚབས་ཆེན་དུ་འགྱུར་རྒྱུ་རེད། འོན་ཀྱང་སྟབས་མ་ལེགས་པ་རེད

         ཅི། འོ་རེད། ངོ་མ་སྟབས་མ་ལེགས་པ་ཡིན་རྒྱུ་རེད། དེ་འདྲ་མིན་ན་མི་དམངས་བཅིངས་འགྲོལ་དམག་འདི་འདྲ་མང་པོ་ཞིག་གི་ཚེ་སྲོག་ག་ལ་འཆོར” ཞོ་ཧྭས་དེ་ལྟར་བཤད་པར། ཀྲང་ཉེན་དཔོན་གྱིས་མགོ་འཕྲེད་ལ་གཡུག་གིན།

མ་རེད། ངས་དེ་ཟེར་བ་མིནཐ་མག་རྔུབ་འཐེན་ཞིག་བྱས་ཏེ། “ད་རེས་སྟག་རྒོད་ཚོགས་པའི་མི་ཕལ་ཆེ་བ་མཉམ་འཛོམས་བྱུང་ཡོད་པ་རེད། འོན་ཀྱང་མང་ཆེ་བ་བྲོས་ཤོར་བ་འདྲ། དེ་བས་དུག་རྩ་གཅོད་མ་ཐུབ་པས་སླར་ཡང་དུག་འདི་ཁྱབ་ནས་འོང་རྒྱུ་ཡིན་པ་རེད” ཅེས་ཅུང་ཁྲོ་ཉམས་ཀྱིས་བཤད།

གཡུ་འབྲུག་རྫ་བྲག་གི་མཐའ་ཡོངས་སུ་དམག་གིས་བསྐོར་ནས་འཐབ་པ་མ་ཡིན་ནམ། ཤོར་ས་ཞིག་ག་ལ་ཡོད། རྨས་མ་གཉིས་བཅས་བསད་སོང་བ་ཕལ་ཆེར་མི་བཞི་བཅུ་ཙམ་བྱུང་བ་རེད། གཅིག་བྱས་ན་དེ་ཙམ་ལས་མེད་པ་མིན་ནམ

དེ་འདྲ་ཞིག་ཡིན་ན་བཟང་མོད། ངས་བལྟས་ན་སྟག་རྒོད་ཚོགས་པས་ཡིག་ཆ་བཀྲམ་ནས་ང་ཚོར་མགོ་སྐོར་བཏང་བ་འདྲ” ཞེས་དུ་སྣེ་ལ་རྔུབ་འཐེན་ཙམ་བྱས་ཏེ་དུ་སྣོད་ནང་གཡུགས།

 

༼ཁོ་གཉིས་ཀྱི་གླེང་མོལ་འདིའི་རྒྱབ་ལྗོངས་ནི་འདི་ལྟར། ཉེ་སྔོན་སྟག་རྒོད་ཚོགས་པས། ང་ཚོར་དཔའ་རྟུལ་སྟག་རྒོད་བརྒྱད་ཅུ་ལྷག་ཡོད། གུང་ཁྲན་ཏང་ལ་དམག་མངས་པས་དཔའ་ཡོད་ན་གཡུ་འབྲུག་རྫ་བྲག་ལ་རོ་སྐྱེལ་དུ་ཤོག་ཅེས་ཡིག་ཆ་བཀྲམ་ནས་ཁྱབ་བསྒྲགས་བྱས་པ་དང༌། ཕལ་ཆེར་དཔུང་དམག་བརྒྱ་སྐོར་ཙམ་ཞིག་གཡུ་འབྲུག་རི་རྒྱུད་དུ་བསྐྱོད་ཚུལ་ཉེན་རྟོག་པ་ཁ་ཤས་ཀྱིས་ཀྱང་རྒྱང་རིང་ནས་མཐོང་ཡོད་པས། ཀྲུང་དབྱང་གིས་ཐད་ཀར་ལན་ཀྲིག་དམག་དཔུང་གིས་གཅིག་ཀྱང་མ་ཤོར་བར་ཚར་གཅོད་རྒྱུའི་བཀའ་བརྡ་བཏང་བ་བཞིན་དམག་དཔུང་གིས་རི་རྒྱུད་ཀྱི་མཐའ་ཡོངས་སུ་བསྐོར་ནས་སྟོང་དམག་ཅིག་གིས་དངོས་སུ་སྔ་གཞུག་ཏུ་ཕར་རྒོལ་བྱས་པའི་གནས་ཚུལ་འདི་དང་འདིའི་དམིགས་ཡུལ་སོགས་ཇི་བཞིན་རྟོགས་མཁན་ཧ་ཅང་ཉུང༌།

ལྷག་པར་སྐབས་འདིར་ད་དུང་བཤད་མི་འདོད་པའི་གསང་་ཞིག་ཡོད་པ་ནི་དམར་ཡག་རུ་ཤོག་གི་ཆགས་འཇིག་ཡིན། ཁོ་ཚོའི་རུ་ཤོག་གིས་མཚན་མོ་དེར་དམག་རྒྱག་གྲ་སྒྲིག་ལེགས་པོ་བྱས་པའི་འཆར་བཀོད་ལྟར་རྒྱ་དམག་བརྒྱ་ཤོག་གཅིག་བསླེབས་པ་ཕལ་ཆེར་འགད་རྫས་དང་བྲག་རྡོ་བསྙིལ་བ། མེ་མདའ་རྒྱག་པ་བཅས་ཀྱིས་ཚང་མ་ཚར་བཅད་དེ་རྒྱལ་ཁ་ཆེན་པོ་ཐོབ་རྗེས། དམར་ཡག་གིས་ད་ནི་ང་ཚོར་མཚོན་ཆ་མེད་པས་ཐར་ཐབས་བྱས་ན་བཟང༌། རྗེས་མ་ཡང་བསྐྱར་འཆི་བའི་གོ་སྐབས་མང་གི་རེད། ཅེས་བསླབ་བྱ་བྱས་པའི་ཐབས་ཇུས་ལྟར་ཚང་མ་མཚན་མོ་དེ་རང་ལ་བྲོས་ནས་གཡུ་འབྲུག་གི་རྫ་རྒྱུད་ལས་བརྒལ་ལ་ཉེ་དུས་གློ་བུར་དུ་ལམ་སྒུག་བྱས་པའི་དགྲ་དམག་གིས་གཡས་གཡོན་ནས་མེ་མདའ་ཆར་ལྟར་བརྒྱབ་པས་དམར་ཡག་དང་རོགས་པ་གཞན་ཞིག་གཉིས་ལ་རྨས་ལྕི་མོ་ཕོག་ནས་མ་ཤི་ཙམ་བྱུང་བ་ལས་ཚང་མ་དུས་གཅིག་ཚར་སོང་བ་རེད། འོན་ཀྱང་རུ་ཤོག་ཚང་མའི་ནང་ནས་རྒྱལ་ཁ་ཆེན་པོ་ཡང་ཁོ་ཚོས་བླངས་ཡོད་པས། སྟག་ཤར་ཁོ་ཚོ་འགྱོད་པ་མེད་བཞིན་ཕྱི་མར་སོང་ནས་སླར་ཡང་སྟག་རྒོད་རྐྱང་རྐྱང་དུ་སྐྱེ་བར་དཔའ་ཁས་ལེན་བྱས་ཡོད་ངེས།༽

 

ད་འོ་ན། ངས་དངོས་ཐོག་བདེན་འཚོལ་གྱི་སྙན་ཞུ་རྩོམ་ཡིག་ཅིག་འབྲི་གིན་ཡོད་པ་འདི་ཡང་ཚགས་པར་ཐོག་འགོད་ཐབས་མེད་པ་མ་རེད་དམ” ཞོ་ཧྭས་སྐད་དམའ་ཙམ་གྱིས་བཤད།

ཀྲུང་དབྱང་གིས་ཐད་ཀར་ས་གནས་ཀྱི་གནས་ཚུལ་ཇི་བཞིན་ཤེས་རྟོགས་དཀའ་བས་གནས་ཚུལ་ངོ་མའི་སྙན་ཞུ་གལ་ཆེན་པོ་རེད། འོན་ཀྱང་ཆབ་སྲིད་ཀྱི་གནད་དོན་ཕྱོགས་ནས་་་ཉེན་དཔོན་གྱིས་གློ་བུར་སྐད་ཆའི་མཚམས་བཞག་ནས་ཐ་མག་ཅིག་ལེན་ཞོར་ཞོ་ཧྭའི་གདོང་ལ་བལྟས་ཏེ། 

“ཁྱོད་ཀྱིས་སྔོན་མར་བྲིས་པའི་ཆེད་རྩོམ་དེ་ཡང་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུ་ཉར་ཚགས་བྱས་ནས་དཔྱད་གཞི་བྱེད་ཀྱིན་ཡོད་པ་རེད། འདི་ཡང་དེའི་རང་བཞིན་རེད། གལ་ཆེན་པོ་རེད། མུ་མཐུད་ཕྲིས

ཞོ་ཧྭས་ཅི་ཞིག་ཧ་གོ་བའམ་མ་གོ་བའི་ཚུལ་གྱིས་མགོ་ལྡེམ་ཙམ་ཞིག་བྱས་ཏེ། “འོ་ན། ཀུན་ཕན་བཟོ་གྲྭའི་དོན་རྐྱེན་འདི་གསར་འགྱུར་ཐོག་ལ་ཕྱི་གསལ་ནང་གསལ་བཀོད་ན་འགྲིག་གམཞེས་དྲིས།

ཀྲང་ཉེན་དཔོན་གྱིས་ནན་གྱིས་ཞོ་ཧྭའི་གདོང་ལ་ལྟ་བཞིན། “ཅི། རང་གིས་དེ་ལ་ཡང་ཇུས་གཏོགས་བྱེད་ཀྱིན་ཡོད་དམ། དེ་ང་ཚོའི་དོན་དག་གཙོ་བོ་མ་རེད། མ་གཞི་དེ་ཞིང་ཆེན་གཞན་པའི་ནང་གི་དོན་དག་ཅིག་རེད

འོན་ཀྱང༌། སྟག་ལྷས། ཀུན་ཕན་བཟོ་གྲྭའི་དོན་རྐྱེན་འདི་གནད་འགག་ཆེན་པོ་ཞིག་ལ་བརྩི་གིན་འདུག

ཨ། ཁོས་ཀུན་ཕན་བཟོ་གྲྭའི་སྦྱིན་བདག་གི་ཤི་གསོན་རྩད་ཆོད་ཡོད་པ་མིན་ནམ” ཞེས་ཐོད་པའི་རྨ་ཤུལ་འཕུར་གྱིན་ནན་གྱིས་དྲིས།

སྟག་ལྷས་ཟེར་ན་ཁོ་ཕལ་ཆེར་ཤི་ཚར་ཡོད་རྒྱུ་རེད་ཟེར། གང་ལྟར་མི་དེ་བྱིས་པའི་སྙིང་ཟ་མཁན་གྱི་གདོན་འདྲེ་ཞིག་ཡིན་པའི་དཔང་རྟགས་བྱུང་བ་རེདཞོ་ཧྭས་ངར་ངར་གྱིས་བཤད།

འོ། གལ་ཏེ་མི་དེ་ཤི་མེད་ན་དེའི་སྙིང་གསོན་པོར་བཏོན་ཡང་ང་ཚོའི་རེ་བ་ཚིམ་རྒྱུ་ཁག་པོ་རེད། འོན་ཀྱང་ཁོ་ཤི་ཚར་བ་ཡིན་ན་ད་ཚང་མ་མཇུག་རྫོགས་པ་མ་རེད་དམ” ཞེས་ཞོ་ཧྭ་ལ་གཅིག་ལྟ་བཞིན། “སྟག་ལྷ་ད་དུང་ཕྱིར་འབྱོར་མ་སོང་ངམ། ད་ཁོས་ཅི་ཞིག་རྩད་གཅོད་ཀྱིན་འདུགཅེས་དྲིས།

སྟག་ལྷས་མྱུལ་ཞིབ་བྱེད་དུས་ཁོ་རང་གཅིག་པུ་འགྲོ་བ་རེད། གང་དུ་འགྲོ་གི་ཡོད་མེད་གང་དུ་སྡོད་ཀྱི་ཡོད་མེད་ཁ་པར་གཅིག་ཀྱང་རྒྱག་གི་མ་རེད། ང་ཁོ་ལ་སེམས་ཁྲལ་འདུག ྡ་གང་ཞིག་ན་ཡོད་དམ” ཞོ་ཧྭས་སྐྱོ་སྣང་དང་བཅས་བཤད།

སྟག་ལྷ་དཔའ་རྒོད་ཅིག་རེད། ངོ་མ་མྱུལ་ཞིབ་པ་ཡག་པོ་ཞིག་རེད། དེ་ཁྱོད་ཀྱི་ཡང་གཟི་བརྗིད་ཅིག་རེད” ཅེས་ཞོ་ཧྭའི་ཕྲག་པར་རྡེབ་རྡེབ་ཅིག་བྱས།

ཏིར་ཏིར་་་་’ཁ་པར་གྱི་ཏིར་སྒྲ་ཞིག་གིས་ཁོ་གཉིས་ཀྱི་གླེང་མོལ་མཚམས་འཇོག་ཏུ་བཅུག ཞོ་ཧྭས་ཀྲང་ཉེན་དཔོན་ལ་གུས་འདུད་ཅིག་བྱས་ནས་ཕྱིར་ཐོན།

 

ཞོ་ཧྭས་དུས་ཚོད་ལྔ་བའི་ཐོག་ལ་ལས་ཁུངས་སྒོ་བརྒྱབ་ནས་ཉལ་ཁང་དུ་སླེབས་དུས། སྒོ་འགྲམ་ལ་ཡིག་ཐུམ་ཆེན་པོ་ཞིག་བཞག་འདུག་པ་མཐོང༌། མོས་སྒོ་ཕྱེ་རྗེས་ཡིག་ཐུམ་དེ་ཁུར་ནས་ནང་ལ་སོང་སྟེ། རྣམ་རྟོག་ཅིག་དང་བཅས་ཁ་ཕྱེ་པ་དང་ཁ་བཏགས་ཤིག་གི་ནང་ཅ་ལག་ཆུང་ཆུང་ཞིག་བསྒྲིལ་ཡོད་པས། མོས་ཅི་ཞིག་ཡིན་ནམ་སྙམ་བཞིན་བལྟས་དུས་སྒྲ་ཕབ་འཁོར་ཐག་ཅིག་རེད། དེ་སུའི་ཡིན་ནམ། སུས་བཞག་པ་ཡིན་ནམ། དེའི་ནང་ལ་ཅི་ཡོད་དམ་སོགས་དོགས་འཆར་མང་པོ་ཞིག་དང་བཅས་དེ་མ་ཐག་སྒྲ་ཕབ་འཕྲུལ་ཆས་ནང་ལ་བླུགས་ཏེ་ཉན་པར་རྩོམ་པ་དང་མཉམ་དུ་མོའི་ལག་འཁྱེར་ཁ་པར་གྱིས་རོལ་དབྱངས་སྒྲོག།

ཝེ་ ཞོ་ཧྭམོས་སྐད་སྦོམ་པོ་འདིས་ལམ་སང་སུ་ཡིན་པ་ཤེས།

སྟག་ལྷ། ཁྱོད་བདེ་མོ་ཡིན་ནམ། གང་ན་ཡོད། དོན་དག་འགྲུབ་སོང་ངམ། ནམ་ཡོང་གི་ཡིནམོ་དགའ་ཐག་ཆོད་དེ་བསྟུད་མར་དྲི་བ་འགའ་དྲིས།

བདེ་མོ་ཡིན། དོན་དག་གྲུབ་ནས་ང་ཡོང་གིན་ཡོད” ཞོ་ཧྭས་འཛུམ་མདངས་དང་བཅས། 

ངོ་མ་ཡིན་ནམ

ངོ་མ་མིན་ན། ངས་རང་ལ་ཁ་པར་གཏོང་གི་རེད་དམ།

དེ་ངོ་མ་རེད། གང་ན་ཡོང་གི་ཡོད

ད་མགྱོགས་པོ་ཐོན་ལ་ཡོད། ཕལ་ཆེར་ཆུ་ཚོད་གཅིག་ལྷག་ལས་མི་འགོར

ཡ། ངས་རང་ལ་ཤ་བཙོས་ནས་སྒུག་འདུག

ཡ། ད་ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད། ཁྱིམ་ན་ཡོད་དམ

ང་ཐོན་མ་ཐག་ཡིན། འོ་སྒོ་ཁ་ན་ཡིག་ཐུམ་ཞིག་གི་ནང་ལ་འཁོར་ཐག་ཅིག་བཞག་འདུག དེ་་་

ཨོ་ ཝེ། གཅིག་བྱས་ན་གསང་བའི་གནས་ཚུལ་འདྲ་ཡིན་སྲིད། ཁྱོད་ཀྱིས་གཅིག་ཉོན་དང༌། སྐད་ཆེན་པོ་མ་གཏོང་གཟབ་གཟབ་ཀྱིས་ཨ

ཡ་ ངས་ཤེས་སོང

ཞོ་ཧྭས་འཁྱག་སྒམ་ནང་ནས་དེ་རིང་གསར་དུ་ཉོས་པའི་ཤ་དུམ་བུར་གསེས་མ་རྒྱ་མ་དོ་ཙམ་ཡོད་པ་དེ་བླངས་ནས་བ་མའི་ནང་དུ་བླུགས་ནས་ཐབ་ལ་བཞག་རྗེས། རྐུབ་སྟེགས་ཐོག་བསྡད་དེ་སྒྲ་ཕབ་འཕྲུལ་ཆས་ལ་ཉན།

 

 “ད་ངས་ཁྱོད་ལ་བདུན་ཕྲག་གསུམ་རིང་སངས་རྒྱས་ཀྱི་གསུང་རབ་སྤྱིའི་དགོངས་དོན་ལམ་རིམ་གནད་བསྡུས་ཤིག་དང་ལྷག་པར་ལས་འབྲས་སྐོར་རྒྱས་བཤད་དང་བསམ་བློ་གཏོང་དུ་བཅུག་པ་ཡིན། ཁྱོད་ཀྱི་བསམ་བློར་འགྱུར་བ་ཅི་ཞིག་ཕྱིན་སོང་ཞེས་དེ་ཙམ་དག་རྒྱུ་མེད་པའི་རྒྱ་སྐད་ཀྱི་སྐད་ཤིན་ཏུ་སྦོམ་པོ་ཞིག་གིས་དྲི་བ་ཞིག་བཀོད་པ་དང༌།

 “དགེ་སྦྱོང་ཆེན་པོ་ལགས། ཁྱེད་ཀྱིས་ངའི་སེམས་ཁ་ཡོངས་སུ་བསྒྱུར་སོང༌། ལྷག་པར་ཁྱེད་ཀྱིས་ལྐོག་གྱུར་མངོན་སུམ་མཁྱེན་པའི་ནུས་པ་དང་བྱམས་བརྩེ་ཆེན་པོ་དེས་ང་ཡོངས་སུ་བཏུལ་སོང། ད་ང་འཇིག་རྟེན་གྱི་བྱ་བར་ཞེན་པ་ལོག་གིན་འདུག” ཅེས་རྒྱ་སྐད་ཤིན་ཏུ་དག་མོ་ཞིག་གིས་ལན་བཏབ།

འོ་ན། ཁྱོད་དམ་པའི་ཆོས་སྒོར་ཞུགས་ཐུབ་བམ། མི་ཚེ་རི་ལ་སྐྱེལ་ནས་སྡིག་སྦྱོང་སྒོམ་སྒྲུབ་བྱེད་ཐུབ་བམ

ང་དམ་པའི་ཆོས་ལ་ཡིད་སྨོན་དང༌། དད་པ་སྐྱེས་བྱུང༌། ང་རབ་ཏུ་འབྱུང་ན་འདོད། དགེ་སྦྱོང་ཁྱེད་ཀྱིས་བྱམས་སྙིང་རྗེས་གཟིགས་པ་ཐུགས་རྗེ་ཆེ། ངས་ཁྱེད་སློབ་དཔོན་དུ་བསྟེན་ནས་ཚེ་མཇུག་ལ་སྒྲིབ་སྦྱོང་གང་ཐུབ་ཅིག་བྱེད་འདོད་འདུག

“ཡ་ཡ་། ཡར་ལོངས། ད་རུང་ཕྱག་འཚལ་མི་དགོས། ཁྱོད་ལ་ངེས་འབྱུང་ངོ་མ་ཞིག་སྐྱེས་ཡོད་ན་དམ་པའི་ཆོས་སྒོར་ཞུགས་ནས་ཉམས་ལེན་རྣལ་མ་ཞིག་གནང་ཐུབ་ཀི་རེད། ཐོག་མར་སྡིག་སྒྲིབ་སྦྱོང་དགོས། དཀོན་མཆོག་གི་དྲུང་དུ་འགྱོད་སེམས་དྲག་པོས་སྡིག་པ་བཤགས་དགོས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་ཁྲིམས་བསྲུང་དགོས། ཁྱོད་ཀྱིས་རང་གི་ཉེས་པ་ཚང་མ་ཁས་ལེན་ཐུབ་བམ།

ངས་ཁས་ལེན

ཁས་ལེན་དོན་ཅི་ཡིན

སངས་རྒྱས་ཀྱི་གསུང་ལྟར་ངས་རང་གི་སྡིག་པ་འགྱོད་བཤགས་བྱེད་འདོད་ཡིན

“ཧ་ཅང་བཟང་གི འོ་ན། ངས་ཁྱོད་ལ་ཁྲིམས་ཁང་གི་འདྲི་གཅོད་བྱེད་པ་ལྟར་དྲི་བ་དྲིས་ན། ཁྱོད་ཀྱིས་རང་ཉིད་ཉེས་ཅན་པ་ཞིག་ཡིན་པའི་ངོས་ནས་ལན་འདེབས་བྱོས

ལགས་སོ

ཞོ་ཧྭའི་སེམས་ལ་འདི་བླ་མ་ཞིག་གིས་ཆོས་གསུང་པའི་སྐོར་ཡིན་པ་འདྲ། སུས་འདིར་བཞག་པ་ཡིན་ནམ། གྲྭ་བ་ཞིག་གི་མིན་ནམ་སྙམ་བཞིན་དེ་ཙམ་ཉན་འདོད་མ་བྱུང་བར་ཡར་ལངས་ཏེ་མེ་ལོང་ནང་ལ་གཅིག་བལྟས་ནས་ཡག་ལས་ཅུང་བྱེད་མགོ་བརྩམས།

ཁྱོད་ཀྱི་རུས་དང་རང་མིང་ལ་ཅི་ཟེར། མིང་གཞན་པ་ཅི་ཡོད། ལོ་དུ་ཡིན

ངའི་རུས་ཝང་དང་མིང་ལ་ཝང་མེན་ཟེར། མི་ཚོས་ཝང་སྦྱིན་བདག་ཀྱང་ཟེར། ལོ་ལྔ་བཅུ་ང་ལྔ་ཡིན།

ཁྱོད་ཀྱི་ཕ་ཡུལ་གང་ནས་ཡིན། གཉེན་ཉེ་སུ་སུ་ཡོད

ངའི་ཕ་ཡུལ་པེ་ཅིན་ཡིན། ང་རང་པེ་ཅིན་སློབ་ཆེན་ནས་མཐར་ཕྱིན་པ་ཡིན། ད་ལྟ་བུ་མོ་ཝང་ཁྲིན་ལས་གཉེན་ཉེ་སུ་ཡང་མེད

ཁྱོད་ཀྱིས་མི་ཚེའི་ནང་སྡིག་པ་ཆེ་ཤོས་གང་བསགས་ཡོད

ངས་ནག་ཚོང་དང༌། རྐུ་འཕྲོག ལོག་གཡེམ། སྲོག་གཅོད་བཅས་ཀྱི་ཉེས་པ་བསགས་ཡོད། ངའི་སྡིག་པ་ནམ་མཁར་མི་ཤོང་

ཞོ་ཧྭས་ཡག་ལས་མཚམས་བཞག་ནས་ཧ་ལས་པའི་ཚུལ་གྱིས་ཉན་བཞིན་ག་ལེར་རྐུབ་སྟེགས་ཐོག་ལ་བསྡད་དེ་སྒྲ་སྐད་ཅུང་ཆུང་དུ་བཏང་ནས་ནན་ཏན་གྱིས་ཉན།

ཁྱོད་ཀྱིས་ནམ་ཞིག་ནས་ནག་ཚོང་གི་ཉེས་པ་བསགས་པ་ཡིན

༡༩༨༧ ལོ་ནས་གཡོ་ཐབས་ཀྱིས་རྒྱན་འཛུགས་སྣ་ཚོགས་བྱས་པ་དང༌། ༨༩ ལོ་ནས་རྒྱལ་ནང་དུ་ཉལ་ཐའི་ཚོང་ཆེན་བརྒྱབ། རྗེས་སུ་དེ་ལ་ཉེན་ཁ་བྱུང་བས། ༡༩༩༠ལོར་བོད་དུ་ཡོང་ནས་མཚོན་ཚ་དང༌། གླ་རྩི། ཤ་རྭ། དོམ་མཁྲིས་སོགས་ཀྱི་ནག་ཚོང་བརྒྱབ་པ་ཡིན

རྐུ་འཕྲོག་གི་ནག་ཉེས་གང་གང་བསགས་ཡོད

ང་ལ་མ་དངུལ་གང་འཚམ་བྱུང་བས་ ༡༩༩༡ ལོར་ཀུན་ཕན་བཟོ་གྲྭ་ཉོས་པ་ཡིན། བཟོ་གྲྭའི་ནང་གཙོ་བོ་ཀོ་ལྷམ་སོགས་ཀོ་པགས་རིགས་ཀྱི་གོན་པ་སྣ་ཚོགས་དང༌། སྣམ་བུའི་རིགས་མང་པོ་བཟོས་པ་ཡིན། དེ་བས་ལག་འོག་པ་མང་པོ་ཀན་ལྷོ་དང་མཚོ་སྔོན་ཕྱོགས་སུ་བཏང་ནས་འབྲོག་པའི་སྒོ་ཕྱུགས་ཉོ་བ་དང་ཞོར་དུམང་ཆེ་ཤོས་རྐུ་རུ་བཅུག་པ་ཡིན། ད་དུང་ཚོང་པ་ཆེན་པོ་འགའ་རེར་བཟི་སྨན་བླུད་དེ་དངུལ་དངོས་ཚང་མ་འཕྲོག་པ་ཡིན

འོ་ན་སྒོ་ཕྱུགས་དེ་འདྲ་མང་པོ་ལན་ཀྲིག་བར་ལ་སྐྱེལ་འདྲེན་དང་དེ་དག་གི་ཤ་ཇི་ལྟར་བེད་སྤྱོད་བཏང་བ་ཡིན

ལུག་ཤ་མང་ཤོས་བཟོ་གྲྭའི་ཟ་ཁང་དུ་ལས་བཟོ་བ་ཚོར་འགྲོ་སོང་བཏང་བ་དང༌། རྗེས་སུ་ཀ་ཆུ་དང༌། བླ་བྲང། རེབ་གོང༌། རྨ་ཆུ་བཅས་ཟ་ཁང་ཆེན་པོ་རེ་བཙུགས་ནས་ཁ་ཆེ་ཚོར་བོགས་མ་བཏང་ཡོད། དེ་ལྟར་ཀོ་པགས་གཅིག་པུ་ལས་དབོར་འདྲེན་མི་དགོས་པ་བཟོས་པ་ཡིན

ཟ་ཁང་དེ་ཚོའི་བདག་པོ་ཁ་ཆེ་སུ་སུ་རེད། ཟ་ཁང་གི་སྒོ་བྱང་ལ་ཅི་ཟེར

         དེ་བཤད་མི་ཉན། ངས་ཁོ་ཚོར་སྡུག་པོར་བཏང་ན་ངའི་སྡིག་པ་མང་དུ་འགྲོ་རྒྱུ་རེད

ཧ་ཧ་ཧ་ གལ་ཏེ་ཁྱོད་ཀྱིས་མ་བཤད་ན་དེ་བས་ཀྱང་སྡིག་པ་ཚབས་ཆེན་དང་སྡིག་པ་འདག་མི་ཐུབ་པ་ཆགས་རྒྱུ་རེད

         དེ་ཅི་ཡིན་ནམ

         ཁྱོད་མེད་ནའང་ཁྱོད་ཀྱིས་བཙུགས་པའི་ཟ་ཁང་དེ་དག་དང་མི་ངན་དེ་ཚོས་མུ་མཐུད་ཉེས་པ་གསོག་གིན་ཡོད་པ་རེད། ཉེས་པ་དེའི་རྩ་བ་ཁྱོད་ལ་ཐུག་པ་མ་རེད་དམ། དེ་ལ་བརྒྱུད་ནས་བསགས་པའི་ཉེས་པ་ཟེར། ཁྱོད་ཀྱིས་བསམ་བློ་ཡག་པོ་ཞིག་ཐོངས། ད་ལྟ་ཁྱོད་རང་སྡིག་སྦྱོང་དགེ་སྒྲུབ་ཀྱི་ཆོས་པ་ཞིག་བྱེད་འདོད་པ་རེད། ཁྱོད་རང་གིས་ཆོས་ཡག་པོ་ཞིག་བྱེད་རྒྱུ་ཙམ་མིན་པར། ཁྱོད་ཀྱིས་སྡིག་པ་གསོག་འཇུག་བཞིན་པའི་ལས་ངན་དེ་ཚོར་ཡང་སྙིང་རྗེ་བསྐྱེད་དེ། ཁོ་ཚོ་ད་ནས་ལམ་དེར་མི་འགྲོ་བ་ཞིག་བྱ་རྒྱུ་དེའང་ཆོས་མཐུན་གྱི་བྱ་བ་ཞིག་མ་རེད་དམ

         འོ་ན། ཁོ་ཚོ་བཙོན་ཁང་དུ་བཅུག་ན

 “ཚེ་ཕྱི་མར་རང་གཞན་ཚང་མ་དམྱལ་བར་འགྲོ་རུ་འཇུག་པ་ལས་ཚེ་འདིར་ལོ་ཁ་ཤས་ལ་བཙོན་ཁང་དུ་འདུག་དགོས་བྱུང་ན་དེ་ཡག་ཤོས་མ་རེད་དམ། མ་གཞི་ང་ཚོས་སྤྱི་ཚོགས་ཐོག་གི་མི་ངན་དོན་ངན་རྣམས་ཉུང་དུ་བཏང་ནས་མི་མང་ལ་འཚོ་བ་བཟང་པོ་ཞིག་སྐྱེལ་འདོད་པ་ལས་ཞེ་སྡང་དང་འཁོན་སེམས་ཆེན་པོས་ཁོ་ཚོར་མནར་གཅོད་གཏོང་འདོད་མེད། དཔེར་ན། ཁྱེད་རང་ལྟ་བུ་རེད། ལམ་ནོར་ལྡོག་ཤེས་བྱུང་ན་རང་ཉིད་ཚེ་འདི་ཙམ་མ་ཟད་ཕྱི་མར་ཡང་སྡུག་པོ་མྱང་མི་དགོས་པའི་ཞི་བདེའི་འཚོ་ལམ་ཞིག་ཏུ་འགྲོ་ས་ཡོད་པ་འདི་རེད། ཁྱོད་སེམས་བདེ་མོ་བྱོས། ང་ཚོས་དེ་དག་ལ་གནོད་ཆེན་པོ་མི་སྐྱེལ

ངས་བཤད་ཆོག ས་ཁུལ་སོ་སོའི་ཟ་ཁང་ཚང་མའི་མིང་ལ་ཀུན་ཕན་ཟ་ཁང་ཟེར། ཟ་ཁང་ཆེ་ཤོས་ཀ་ཆུ་ན་ཡོད་བདག་པོའི་མིང་ལ་མ་པི་ཧྤང་ཟེར། བླ་བྲང་གི་ཟ་ཁང་ནང་ན་མ་ཧྭེ་ཟེར་བ་ཞིག་ཡོད། རེབ་གོང་གི་དེའི་མིང་ལ་མ་ཆན་ཟི་ཟེར། རྨ་ཆུ་ན་མ་གོ་ཧྥ་ཟེར་བ་ཞིག་ཡོད

 

         མི་སྲོག་བཅད་པའི་སྡིག་པ་ཅི་ཞིག་བསགས་ཡོད

 “ཐོག་མ་ཉལ་ཐའི་ནག་ཚོང་རྒྱག་སྐབས་ཤིག་ལ་ངས་ཉལ་ཐ་རྫུན་མ་བཟོས་ནས་འཚོང་སྐབས་ཉོ་མཁན་གྱིས་ཤེས་ནས་རྒྱག་རེས་ཤོར་བས་ངས་དཀྲུམ་མདའ་བརྒྱབ་ནས་བསད་པ་ཡིན། གཅིག་གཞོན་ནུ་མ་ཞིག་ལ་ལོག་གཡེམ་བྱེད་སྐབས་མོས་སྐད་བརྒྱབ་ནས་ངོ་ཡ་བྱས་པས་ལག་འཛིང་ཤོར་སོང༌། ངས་མོའི་ཁ་ནང་ལ་ཨ་ཅོར་བརྫངས་ཏེ་བཙན་གཡེམ་བཏང་བ་ཡིན། དེ་ནས་མོས་གཏུགས་གཤེར་བྱེད་རྒྱུར་དོགས་ནས་སྐེ་བཙིར་ནས་གསོད་དགོས་བྱུང་སོང། ཡང་དེ་རྗེས་ལས་བཟོ་བ་ཞིག་གིས་བཟོ་གྲྭའི་ནང་གི་གསང་བ་ཚོར་ནས་ཉེན་རྟོག་པར་ཞུ་གཏུགས་རྒྱག་པར་འགྲོ་བ་ཧ་གོ་ནས་རྗེས་འདེད་ཀྱིས་རླངས་འཁོར་གྱིས་ཐུག་བརྒྱབ་ནས་བསད་པ་ཡིན

ལས་བཟོ་བ་དེས་གསང་བ་ཅི་ཞིག་ཧ་གོ་བ་རེད

ངའི་བཟོ་གྲྭའི་ཟུར་གྱི་ས་འོག་ན་སྨན་སྦྱོར་དང་རྫས་སྦྱོར་འདྲ་མིན་རིགས་བྱེད་སའི་གསང་ཁང་ཞིག་ཀྱང་ཡོད། དེའི་ནང་དུ་བྱིས་པའི་སྙིང་ལ་སོགས་པའང་མཁོ་སྒྲུབ་བྱེད་ཀྱིན་ཡོད། མཚན་དགོང་ཞིག་ལ་རྫས་སྦྱོར་བས་བྱིས་པའི་སྙིང་འགའ་ཁྱེར་ནས་གསང་ཁང་དུ་འགྲོ་དུས་མི་ཞིག་གིས་མཐོང་ནས་ཁོའི་རྗེས་འདེད་བཏང་འདུག ཁོ་གསང་ཁང་ནང་ལ་སླེབས་ཏེ། ཆེད་སྒྲིག་གློག་ཀླད་ནང་ལ་གཅིག་བལྟས་པས་གསང་ཁང་གི་སྒོ་ན་ང་ཚོའི་ལས་བཟོ་བ་ཞིག་འཇབ་འགྲོས་ཀྱིས་འོང་ནས་ལྟ་རྟོག་བྱེད་ཀྱིན་པ་མཐོང་ནས། ཁོས་ང་ལ་གསང་བའི་ཉེན་བརྡ་བཏང་བྱུང་བས་ངེད་གཉིས་ཀྱིས་དེ་མ་ཐག་གསང་གྲོས་ཐུང་ངུ་ཞིག་བྱས་ནས། ངས་རླངས་འཁོར་བསྐོར་ནས་བཟོ་གྲྭའི་རྒྱ་སྒོ་ནས་སྒུག་བསྡད་པ་དང༌། ངའི་རོགས་པས་མི་དེ་བདས་ནས་འོང་གིན་འདུག དེ་ནས་རྒྱ་ལམ་དུ་ཕར་ཙམ་འབྲོ་བཅུག་རྗེས་ངས་རླངས་འཁོར་བཏང་ནས་བདས་པ་ཡིན

རྫས་སྦྱོར་པ་དེ་སུ་རེད

ཁོ་ལན་ཀྲིག་དམག་ཁང་གི་སྨན་པ་ལིས་ཕིན་རེད། རྟག་པར་གཟའ་སྤེན་པའི་དགོང་མོ་དང་གཟའ་ཉི་མར་འོང་གིན་ཡོད་པ་རེད

         ཁྱོད་གཉིས་བར་ལ་འབྲེལ་བ་ཇི་ལྟར་བྱུང་བ་ཡིན ཁྱོད་ཀྱིས་ལས་ཀ་དེ་འདྲ་གཉེར་ནས་ཁེ་ཕན་ཅི་འདུག

ད་དེ་བཤད་ན་ཡང་ཉོག་གྲ་ཆེན་པོ་ཞིག་གི་སྒོ་ཕྱེ་དགོས་པ་རེད

དེས་ན་སྡིག་པའང་ཆེན་པོ་ཞིག་བཤགས་ཐུབ་རྒྱུ་རེད

ངས་ཉལ་ཐ་རྫུན་མ་བཙོང་ནས་ཆག་སྒོ་བྱུང་བའི་མཚན་མོ་དེར། གང་ནས་སླེབས་པ་མ་ཤེས་པའི་དམག་ཆས་སྤྲས་པའི་མེ་མདའ་བཟུང་བའི་མི་སྐོར་ཞིག་གིས་ང་ཚོ་བསྐོར་བྱུང༌། ང་ཚོའི་ལག་གི་དངུལ་དངོས་ཚང་མ་ཁྱེར་ནས་ཕྱིན་སོང༌།

དེ་ནས་ཉིན་ཤས་རྗེས་ལ་ངོ་མི་ཤེས་པའི་ཕོ་གསར་ཞིག་གིས་ང་ལ་ཁ་པར་ཞིག་བཏང་བྱུང༌། ཁོས། ང་སྔོན་མ་ཁྱོད་ཚོའི་ལག་ནས་ཅ་དངོས་འཕྲོག་བཅོམ་བྱེད་མཁན་དེ་ཡིན། ང་དང་ཚོང་རོགས་སྒྲིག་དགོས་ཟེར། གལ་ཏེ་སྒྲིག་འདོད་མེད་ན་བཙོན་ཁང་དུ་སྐྱེལ་རྒྱུ་ཟེར། དེ་བས་ངས་ཁོ་ལ་ཁས་བླངས་པ་ཡིན། ཁོས་དེང་སང་ཉལ་ཐ་འཚོང་ན་ཉེན་ཁ་ཆེ། དེ་བས་བོད་དུ་སོང་ནས་རྩ་ཆེའི་རི་དྭགས་བསད་ན་ཉེན་ཁ་ཆུང་ལ་ཁེ་བཟང་ཆེ་ཚུལ་བཤད་བྱུང༌། ཁོས་ད་དུང་བོད་མི་ཚོར་དེང་སང་མེ་མདའ་མཁོ་གལ་ཆེ་བས་ངས་ཁྱོད་ལ་མེ་མདའ་རིང་ཐུང་ཅི་དགོས་ཚང་མ་མཁོ་སྤྲོད་བྱེད། ཁྱོད་ཀྱིས་ཚོང་རྒྱོབ། ཁེ་བཟང་ཚང་མ་མཉམ་བགོ་བྱེད་ཟེར། དེ་ནས་བཟུང་ངས་ནག་འཚོང་གི་ཁ་ཕྱོགས་གཞན་དུ་བསྒྱུར་དགོས་བྱུང༌། སྔ་ཕྱིར་ཁོ་དང་འབྲེལ་བ་ཐེངས་དགུ་བྱས་པ་ཡིན། ཡིན་ཡང་ཁོས་འབག་ཅིག་གྱོན་ནས་གདོང་སྟོན་གི་མི་འདུག

         ནག་ཚོང་དེ་ལམ་འགྲོ་རྒྱུགས་ལོས་ཡོད

 “ངོ་མ་མེ་མདའི་ཚོང་བྲིན་པོ་བྱུང༌། འབྲོག་པ་ཚོར་མགོ་སྐོར་གཏོང་ཞོར་སྔ་ཕྱིར་མེ་མདའ་རིང་ཐུང་ཉིས་སྟོང་ལྷག་དང༌། མདའ་ཁྲི་ཕྲག་འགའ་བཙོང་བ་ཡིན། ད་དུང་ཞར་དང་ཞོར་དུ་གླ་བ་དང༌། ཤྭ་བོ་ཡང་བརྒྱ་ལྷག་བསད

 “ངོ་མ་སྡིག་རྒན་འཇོན་པོ་རེད། དེ་ནས་ ”

 “དེ་རྗེས་མ་རྩ་ལེགས་པོ་བྱུང་བས། ངས་ཁོ་ལ་ད་ང་གཉིས་མ་རྩ་མཉམ་འདོན་གྱིས་བཟོ་གྲྭ་ཞིག་བཙུགས་ན་ལེགས་ཚུལ་བཤད་པས། ཁོས་མོས་མཐུན་བྱས་བྱུང༌། དེ་ནས་ཁོས་ལན་ཀྲིག་ནས་ཐབས་ཤེས་ཀྱིས་བཟོ་གྲྭ་རྙིང་པ་ཞིག་གོང་ཚད་རན་པོའི་ཐོག་ནས་ཉོས་བྱུང། ང་རང་བོད་ས་ཆར་ཉམས་མྱོང་ཅུང་ཟད་ལོན་པས་འབྲོག་པའི་ལག་ནས་སྒོ་ཕྱུགས་ཉོ་ཚོང་དང༌། རྐུ་འཁྱེར་བྱེད་རྒྱུ་ལས་སླ་མོར་མཐོང༌། དེ་བས་བཟོ་གྲྭ་ལོ་གཉིས་གསུམ་ནང་ཡར་རྒྱས་ཆེན་པོ་བྱུང

ཞོ་ཧྭས་ཐབ་ཀྱི་ཤ་ཚོས་ཀི་ཡོད་མེད་ལའང་དོ་སྣང་མ་བྱུང་བར་མགོ་ཡོན་ཙམ་གྱིས་ཉན་འདུག

ཀུན་ཕན་བཟོ་གྲྭའི་སྦྱིན་བདག་ངོ་མ་རང་ཡིན་ནམ། རྫས་སྦྱོར་གྱི་འཆར་གཞི་སུས་བཟོས་པ་རེད

         བཟོ་གྲྭ་ངེད་གཉིས་བར་གྱི་ཡིན། རྫས་སྦྱོར་གྱི་དོན་དག་དེ་ཁོ་གཉི་གའི་གསང་བ་ཞིག་རེད། སྔ་ས་ནས་ས་གནས་གཞན་ཞིག་ཏུ་ཡོད་པ་རྗེས་སུ་བཟོ་གྲྭའི་ནང་ཚུར་སྤོར་ནས་ཟླ་ཤས་ཙམ་རེད། སྙིང་འཚོང་གི་ཡོང་མཁན་ཚོ་ཡང་སྨན་པ་རང་གིས་ཐད་ཀར་འབྲེལ་བ་བྱེད་ཀྱིན་པ་རེད། དེའི་སྐོར་ངས་གསལ་བོ་མི་ཤེས

 “ཁྱོད་ཀྱིས་རང་གི་ཚོང་རོགས་མི་ཤེས་པ་ཡ་མཚན་རེད

ཁོས་རང་གི་གནས་བབ་ངོ་མ་ཞིག་ང་ལ་བཤད་མ་མྱོང༌། ཐ་ན་གདོང་པ་ཡང་བསྟན་མ་མྱོང༌། དེ་བས་ངས་ཁོ་སུ་ཡིན་ངོ་མ་མི་ཤེས། ངས་བལྟས་ན་ཁོ་གནས་བབ་མཐོན་པོའི་མི་སྣ་ཞིག་མིན་ནམ་སྙམ། དཔེར་ན་དམག་དཔོན་ལྟ་བུ་ཞིག གང་ལྟར་ཁོ་སྤྱིར་བཏང་གི་མི་ཞིག་མ་རེད

         ཝང་མེན། ཁྱོད་ཀྱིས་བཤད་པ་ཚང་མ་བདེན་པ་བདེན་རྐྱང་ཡིན་ནམ། རང་ཉེས་གཞན་ལ་བཀལ་བ་མེད་དམ

 “དགེ་སྦྱོང་ཆེན་པོ། ད་ལྟ་ངས་དཀོན་མཆོག་གི་མདུན་ནས་རྫུན་བཤད་ག་ལ་ཕོད། ཚང་མ་བདེན་པ་ཤ་སྟག་ཡིན། དཀོན་མཆོག་གིས་གཟིགས་ནས་ངའི་ཉེས་པ་ཚང་མ་འདག་པར་སྨོན

 “སྙིང་ཐག་པ་ནས་འགྱོད་བཤགས་བྱས་ཏེ། ད་དུང་སླད་ཆད་ཉེས་པ་དེ་རིགས་མི་གསོག་པའི་དམ་བཅས། བྱམས་དང་སྙིང་རྗེ་བསྒོམས་ནས། སངས་རྒྱས་ཀྱི་གསུང་བཞིན་བསྒྲུབ་ན་མཚམས་མེད་ལྔ་ཡི་སྡིག་པའང་འདག་རྒྱུ་ཡོད་པ་རེད

“ ངས་བཀའ་བཞིན་སྒྲུབ་ཆོག ང་ད་ལྟ་རབ་ཏུ་བྱུང་ན་འདོད། ངས་རང་གི་ལུས་ངག་ཡིད་གསུམ་ཚང་མ་དྭངས་གཙང་གི་ནོར་བུ་ཞིག་ཏུ་བསྒྱུར་ན་འདོད

 “བྲེལ་བ་མ་ལངས། གནངས་ཉིན་ས་ག་ཟླ་བའི་ཚེས་བཅོ་ལྔ་རེད། དུས་ཆེན་སུམ་འཛོམས་ཀྱི་ཉི་མ་འདི་ལོ་གཅིག་གི་ནང་གི་རྟེན་འབྲེལ་བཟང་ཤོས་ཀྱི་ཉིན་ཞིག་ཡིན། ཁྱོད་སྐལ་བ་ཅུང་བཟང་གི གནངས་ཉིན་ཁྱོད་རབ་བྱུང་བསྒྲུབ་ཆོག

 “ལགས་སོ། བླ་མ་ཐུགས་རྗེ་ཆེ

སྐབས་འདིར་འཚིག་དྲི་ཞིག་བྲོ་བས། ཞོ་ཧྭས་ལམ་སང་སྒྲ་འཁོར་བསད་དེ། རྒྱུག་སོང་ནས་བ་མའི་ནང་ལ་ཆུ་ཁོལ་ཅུང་ཟད་ཅིག་བླུགས་ནས་མེ་ཆུང་རུ་བཏང༌། དེ་ནས་ཡང་བསྐྱར་སྒྲ་འཁོར་གྱི་སྒོ་ཕྱེས།

གོང་གི་གནས་ཚུལ་འདི་ཀུན་ཕན་བཟོ་གྲྭའི་སྦྱིན་བདག་ཝང་མེན་ལ་དངོས་སུ་འདྲི་གཅོད་བྱས་པའི་སྐད་ཆ་ཡིན། ཁྱོད་ཚོས་མི་མང་གི་ཁེ་ཕན་སྲུང་སྐྱོབ་ཀྱིས་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་ནས་ལས་དོན་བཟང་པོ་ཞིག་བསྒྲུབ་རྒྱུར་རེ་བ་ཞུ། གྲོགས་པོ་ཝང་མེན་ལགས། ད་ལྟ་སྔོན་ཆད་ཀྱི་ཉེས་ཅན་ཝང་མེན་མིན། ཁྱོད་ཚོར་མཁོ་བ་ནི་དོན་དག་ཐག་གཅོད་ལ་མཁོ་བའི་གནས་ཚུལ་ངོ་མ་ཡིན་པ་ལས་ཝང་མེན་གྱིས་ཕན་ཐོགས་མེད། དེ་བས་རྗེས་སུ་ཁོ་རྩད་གཅོད་བྱེད་དགོས་དོན་མེད་ལ། རྩད་ཆོད་པ་ཞིག་ཀྱང་མིན། ཁོང་འཇིག་རྟེན་འདིར་མེད་པ་ལྟར་བརྩི་ཆོག རིག་གནས་གསར་བརྗེ་ཡི་བཀའ་དྲིན་ལ་ངས་བཙོན་ཁང་ནང་ནས་རྒྱ་ཡིག་ཅུང་ཟད་སྦྱངས་པ་དེས་ད་ལྟ་ཕན་ཐོགས་ཆེན་པོ་བྱུང༌། ངས་འཇིག་རྟེན་འདིའི་སྤུན་ཟླ་སྡིག་རྒན་ཞིག་ལ་ཕྱི་མའི་ལམ་སྟོན་ཐུབ་སོང༌། སྟག་རྒོད་ཚོགས་པས་ཁ་ནང་ནས་ཚིག་གཅིག་མ་ལོན་པའི་སྟག་རྒོད་ཅིག་ང་གསེར་གཡག་གིས་འདུལ་ཐུབ་སོང་། གནས་ཚུལ་ཚང་མ་ཡང་དག་པ་ཡིན།

 

ཞོ་ཧྭས་ཡ་མཚར་ངང་འགྲམ་པ་ལག་པས་སྐྱོར་ནས་ཉན་ཚར་རྗེས་ད་དུང་ཅི་ཞིག་ལ་བསམ་བློ་གཏིང་ཟབ་ཅིག་གཏོང་བཞིན་པའི་སྐབས་སུ། གློ་བུར་དུ་སྒོ་ཐག་ཐག་ཐག་བརྡུངས་པས་མོ་ལྷབ་སེ་བཏང་ངོ༎

 

ཉ༽

 

ས་རུབ་ལ་ཉེ་དུས། ཤེལ་མིག་ནག་པོ་གོན་ཞིང་སྐྱ་སྟོང་གི་ཆ་ལུགས་སྤྲས་པའི་གསར་རྒོད་སྟོབས་ཆེན་ཞིག་དང་གཟུགས་ཐུང་ནག་སྟིག་ཅིག གཟུགས་རིང་ཤ་སྐམ་ཞིག་བཅས་ཐ་མག་རེ་འཐེན་གྱིན་ཀ་ཆུའི་སྲང་བར་བརྒྱུད་ནས་ཟ་ཁང་དག་གི་སྒོ་བྱང་ལ་ལྟ་བཞིན་འགྲོ་གིན་འདུག མཚམས་ཤིག་ལ། ཀུན་ཕན་ཟ་ཁང”ཞེས་པའི་ཡིག་འབྲུ་ཆེན་པོ་བཞིའི་སྒོ་བྱང་ཅན་གྱི་ཟ་ཁང་ཆེན་པོ་ཞིག་གི་སྒོ་འགྲམ་ལ་བསླེབས་པ་དང་ཚང་མ་སྔ་གཞུག་གིས་ནང་དུ་འཛུལ།

ཁོ་ཚོ་གྲལ་མགོའི་གཡས་ཟུར་གྱི་ཅོག་ཙེ་ཞིག་གི་ཐོག་ལ་བསྡད་ཅིང་ཐོག་མར་ཇ་མངར་རེ་འཐུང་བཞིན་གད་མོ་དང་བཅས་སྦྱིན་བདག་ཨོག་ཚོམ་རིང་བོ་ཅན་དེར་ལྟ་བཞིན་ཤབ་ཤུབ་མང་ཙམ་ཞིག་བཤད་མཐར། སྐམ་རིང་དེས།

"མཱ་སྦྱིན་བདག" ཁྱོད་འདིར་ཅིག་ཤོག་ཅེས་རྒྱ་སྐད་ཀྱིས་བོས།

"ཡ་དོན་དག་ཅི་ཡོད།"མཱ་སྦྱིན་བདག་ཀྱང་ཉམས་དང་བཅས་ཚུར་ཡོང་།

ཕོ་གསར་གཟུགས་སྟོབས་ཆེ་བ་དེས་མིག་ཤེལ་ནག་པོ་ཆེན་པོ་དེ་ཐོད་པའི་ཐོག་ཡར་དེད་དེ་ཡིག་ཆ་ཞིག་ལ་ལྟ་བའི་ཁུལ་གྱིས། རྒྱ་སྐད་ཀྱིས།

ཀ་ཆུ་ན་ཀུན་ཕན་ཟ་ཁང་ཟེར་བ་ཞིག་ཡོད། དེའི་སྦྱིན་བདག་གི་མིང་ལ་མཱ་པི་ཧྤང་ཟེརཅེས་ཁོའི་གདོང་ལ་གཅིག་བལྟས་པས། ཁོས་མགོ་ནང་ལ་ལྡེམ་ཙམ་བྱས།

ཡང་ཁོས་མུ་མཐུད་ཡིག་ཆར་བལྟས་ནས། “ཀུན་ཕན་བཟོ་གྲྭ་ལ་གསང་བའི་ཡན་ལག་ཟ་ཁང་བཞི་ཡོད། ཀ་ཆུའི་ཟ་ཁང་དེ་ཡོང་སྒོ་ཆེ་ཤོས་ཡིན། ཟ་ཁང་ཚང་མའི་ཡོང་སྒོ་གཙོ་བོ་འབྲོག་ཕྱོགས་ཀྱི་སྐམས་ལུག་བརྐུ་འཚོང་དག་ཡིན” ཞེས་ཁོས་ཡིག་ཆའི་ཁ་རྒྱག་བཞིན། “འདི་སྦྱིན་བདག་ཝང་ལགས་ཀྱི་གསང་བའི་ཡིག་ཆ་ཞིག་རེད” ཅེས་བཤད།

མཱ་པི་ཧྥང་ཅུང་འཚབ་བཞིན། “ཝང་སྦྱིན་བདག་ཟེར་ན་སུ་རེད། ངས་མི་ཤེས ཁྱོད་ཚོ་སུ་ཡིན

ང་ཚོ་ཉེན་རྟོག་པ་་་་ཞེས་ཐ་མག་ཅིག་ཁ་ནང་ལ་འཛུགས་བཞིན་མཱ་པི་ཧྤང་གི་གདོང་ལ་གཅིག་བལྟས་པས་ཁོའི་གདོང་པ་ཚ་ལམ་མེར་མིག་ཟུང་ཡང་རབ་རིབ་ཏུ་གྱུར། རོགས་པ་གཉིས་ཀྱིས་ཁོང་དགོད་ཤོར། ཁོས་དུ་བ་ཁམ་གང་བརྔུབས་ཏེ། 

ང་ཚོ་ཉེན་རྟོག་པ་མིན། ཁྱོད་སྐྲག་མི་དགོས” སྐད་ཆ་འདིས་མཱ་སྦྱིན་བདག་གི་སེམས་པ་གློ་བུར་བདེ་འབོལ་ལེར་གྱུར་པ་ནི་ད་བར་དུ་བྱུང་མ་མྱོང་བའི་བདེ་ཚོར་ཅིག་རེད་ཟེར་ཡང་མི་ཆོག་པ་མེད།

ཁྱོད་ཚོ་དོན་ངོ་མ་ཅི་བྱེད་མཁན་ཡིན

ཕོ་གསར་སྐམ་རིང་དེས་སྐད་དམའ་ཙམ་གྱིས། “ང་ཚོ་སྦྱིན་བདག་ཝང་ལགས་ཀྱི་ལག་འོག་གི་མི་ཡིན། ནམ་རྒྱུན་འབྲོག་པའི་གཡག་སྐམས་རྐུ་ཚོང་རྒྱག་མཁན་དེ་ཚོའི་གྲས་ཡིན། ས་ཆ་འདིར་ད་བར་དངོས་སུ་ཡོང་མ་མྱོང་མོད། ང་ཚོ་བརྒྱུད་ནས་གཡག་སྐམས་མང་པོ་སླེབས་ཡོད

ཕོ་གསར་ནག་སྟིག་གིས། “སྦྱིན་བདག་ཝང་ལགས་ལ་ཆག་སྒོ་ཆེན་པོ་བྱུང་ན་ཡང༌། སྟབས་བཟང་ནས་ཁོ་མ་ཤི་ཙམ་བྱུང་བ་རེད། ཁོ་ད་ལྟ་གསང་བའི་སྨན་ཁང་ཞིག་གི་ནང་ན་ཡོད། རྗེས་ཕྱོགས་གཅིག་བྱས་ན་གནས་སྐབས་རིང་ཁོ་ཟ་ཁང་འདིར་ཡིབ་སྡོད་བྱེད་དགོས་རྒྱུ་རེདཅེས་གཟབ་ནན་གྱི་ཚུལ་དུ་བཤད།

འོ་ དེ་འདྲ་ཡིན་ན་སྟབས་ལེགས། ཡིན་ན་ཡང་ད་ང་ཚོའི་ལས་ཀ་འདི་ཡང་ཉེན་ཁ་ཇེ་ཆེར་སོང་བ་རེད” མཱ་སྦྱིན་བདག་གིས་བསམ་ཚུལ་ངོ་མ་ཐལ།

ཨ་ལ་ཀུ་རེ་ཡིན། ཝང་མེན་ཤི་ཚར་བ་རེད། ཤི་སོང་བ་དེ་ད་སྟབས་ལེགས་པ་རེད། དེ་མ་རེད་དམམཱ་ སྦྱིན་བདག་གིས་ཁ་ཆེ་ཙམ་གདངས་ཏེ་ཉན་བསྡད། སྐམ་རིང་གིས་མུ་མཐུད་དུ། 

ང་ཚོར་ཁོའི་གསང་བའི་ཡིག་ཆ་གང་ཡང་མེད་ལ་ཁོ་གསོན་པོ་རེད་ཅེས་མ་བཤད་ན། ཁྱོད་ཀྱིས་ལས་སླ་བོར་ཁས་ལེན་རྒྱུ་མ་རེད་བསམས་ནས་དེ་ལྟར་བཤད་དགོས་བྱུང

ཨ་ཡ་ དོན་ངོ་མ་ཅི་བཤད་ཀྱིན་ཡོད། ཁྱོད་ཚོར་དོན་དག་ཅི་ཞིག་ཡོད

ནག་སྟིག་གིས།ང་ཚོ་ཚང་མའི་དོན་དག་གཅིག་པ་རེད། སྒོར་མོ་རེད། དེས་ན་ཟ་ཁང་འདི་ཡང་ཁྱོད་གཅིག་པུའི་མ་རེད། ང་ཚོ་ད་བར་དུ་རྐུ་འཕྲོག་གསོད་གསུམ་བྱེད་མཁན་ཤ་སྟག་ཡིན་ལ། ང་ཚོའི་བཀའ་དྲིན་ལ་ཁྱོད་ལའང་ཡོང་སྒོ་ཞིག་བྱུང་བ་རེད། ད་ཁྱོད་ཀྱིས་བལྟས་ན་ཅི་བྱས་ན་བཟང་ངམ

མཱ་སྦྱིན་བདག་གི་སེམས་པ་སླར་ཡང་ལང་ལོང་དུ་གྱུར་ནས། “ངས་ཤེས་སོང༌། ཁྱོད་ཚོར་ཟ་ཁང་འདི་དགོས་ན་ངས་སྤྲོད་ཆོག ཡང་མིན་ན་ང་ལ་མུ་མཐུད་དུ་བོགས་མར་བཏང་ནའང་འགྲིགས། དེ་ཁྱོད་ཚོས་ལྟོས” ཞེས་མགོ་སྒུར་ཙམ་དང་འཛུམ་ཙམ་ངང་བཤད།

“ཆོག་གི མུ་མཐུད་དུ་བོགས་མ་གཏོང་ཆོག ད་ཁྱོད་སོང་ནས་ང་ཚོར་སྣེ་ལེན་ཡག་པོ་ཞིག་བྱོས་དང༌། ཕོ་བའང་ལྟོགས་ཀིན་འདུགསྟོབས་ཆེན་གྱིས་དེ་ལྟར་ཐག་བཅད།

ཚང་མས་གཅིག་གཅིག་གི་གདོང་པར་ལྟ་བཞིན་ཧབ་ཆ་ཞིག་བརྒྱབ། མཱ་པི་ཧྥང་གི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་ཤར་ནས། མྱུར་དུ་སོང་ནས་ཆང་ཆེས་ཡག་ཤོས་མའོ་ཐེ་རྟགས་ཅན་ཤེལ་དམ་གཅིག་དང༌། ཐ་མག་ཡག་ཤོས་ཀྲུང་ཧྭ་ཡན་བག་ཆ་གཅིག་ཁྱེར་ཡོང་ནས།

"ཡ་་་ཐ་མག་འཐེན"ཅེས་ཐ་མག་སྒམ་ཆུང་གཅིག་གི་ཁ་ཕྱེ་ནས་མི་རེར་དུ་བ་རྐང་རེ་སྤྲད་ཅིང་ཆང་དམ་གྱི་ཁ་ཕྱེ་སྟེ་ཚང་མའི་ཆང་ཕོར་ཆུང་ངུའི་ནང་ལ་གང་རེ་ལྡུག་ཞོར། "ཆང་དགའ་བོ་ཡིན"ཞེས་ངོ་དགའི་རྣམ་འགྱུར་གང་ལེགས་བསྟན།

“རྣམ་འགྱུར་བཟང་གི" སྟོབས་ཆེན་གྱིས། "ཤོག་རྒྱལ་ཁ་བསུ་བའི་ཞབས་དག” 

"རྒྱལ་ཁ་བསུ་བའི་ཞབས་དག"ཁོང་གསུམ་པོས་ཆང་ཕོར་མཉམ་འདེགས་ཀྱིས་ཞབས་དག་རེ་བརྒྱབ།

 

སྐབས་དེར་པགས་རྩག་གོན་པའི་འབྲོག་རྒན་རྒྱ་བོ་སྟོབས་ཆེན་ཞིག་དང་ཀོ་བའི་སྟོད་གོས་གོན་པའི་འབྲོག་པ་གསར་བུ་གསུམ་ཉམས་དང་བཅས་ཟ་ཁང་ནང་འཛུལ་བྱུང༌། ཕོ་གསར་སྟོབས་ཆེན་གྱིས་ཅི་ཞིག་ཚོར་བ་བཞིན་ཐོད་པའི་སྒང་གི་ཤེལ་མིག་ནག་པོ་དེ་མིག་ཁར་མར་དེད་ཅིང་ཁོ་ཚོར་རྒྱབ་གཏད་དེ་ཕྱིར་ལྟ་ཙམ་ཡང་མི་བྱས།

སྐབས་འདིར་མཱ་སྦྱིན་བདག་གིས་བཅོས་མའི་འཛུམ་ཞིག་དང་ལྷན་དུ། “ཨ་ཁུ་ཁྲོ་བོ་དཔའ་རྒོད་ཁྱོད་ཚོ་ཡིན་ནམ། བདེ་མོ། ནང་ལ་ཤོག ཡར་སྡོད་ཡར་སྡོདཅེས་བོད་སྐད་དག་མ་དག་ཅིག་གིས་ཁ་ཡག་ཤོད་ཀྱིན་སྣེ་ལེན་བྱས།

འབྲོག་རྒན་རྒྱ་བོ་དེས་ཐད་ཀར་ཟ་ཁང་གི་སྦྱིན་བདག་ལ་བལྟས་ཏེ་སྐད་སྦོམ་པོས། 

ང་ཡོང་བར་སུན་སྣང་མི་སྐྱེའམ

ཅི་ལ་སྐྱེ། ང་ལ་དགོས་པ་མགྲོན་པོ་རེད་པ། ཟ་མ་ཅི་ཞིག་དགོས

ཁྱོད་ལ་དགོས་པ་མགྲོན་པ་ད་ཡིན་རྒྱུ་རེད་མོད། འོན་ཀྱང་ང་ལྟ་བུའི་གཅན་གཟན་གཏུམ་པོ་ཞིག་ད་མིག་གི་མ་རིག་ན་ལོས་བསམ” ཀུ་རེ་མིན་པའི་ཀུ་རེ་ཞིག་བཤད་པས།

ཧ་ཧ་་་གཅན་གཟན་ཡིན་ན་ལྷག་པར་བཟང་གི ཤ་མང་ཙམ་ཟ་རྒྱུ་རེད་པམཱ་་པི་ཧྤང་གིས་ཀྱང་རྩེད་མོའི་ཚུལ་དུ་ལན་འོས་འཚམ་ཞིག་བཏབ།

རེད། ཁྱོད་ལ་ཡོད་པ་ཤ་རེད། ལུག་ཤ་རྩིབས་མ་བསྲེགས་མ་རྒྱ་མ་བཅུ། ཚོན་པོ་ཚོན་པོཞེས་སྦྱིན་བདག་གི་གདོང་ལ་ཅེར་བཞིན། “ད་དུང་འཐེན་ཐུག་དཀར་ཡོལ་ལྔ་བཅས་མགྱོགས་པོ་ཁྱེར་ཤོག

ཡ་ཡ་ ཅུང་ཙམ་སྒུགས་ཨ། མགྱོགས་པོ་བཙོ་ཆོགཅེས་ཐབ་ཚང་ལ་སོང་ནས་མ་བྱན་ཚོར་ཤབ་ཤུབ་ཅིག་བཤད་རྗེས། ཚུར་འཁོར་ནས། “ལུག་ཤ་རྩིབས་མ་རྒྱ་མ་ལྔ་མ་གཏོགས་མི་འདུག ཨུན་་་སྐམས་ཤ་ཚོན་པོ་ཚོན་པོ་ཡོད་ཀི” ཅེས་ངག་འཇམ་པོས་བཤད།

ཨོ་ཡ་ ཀུན་ཕན་ཟ་ཁང་ལ་རྟག་ཏུ་འཆད་རྒྱུ་མེད་པ་སྐམས་ཤ་ཡིན་ཟེར་ཀི བདེན་པ་རེད། འོན་ཀྱང་དེ་རིང་ང་ལ་ལུག་ཤ་དགོས

ལུག་ཤ་ངོ་མ་མེད་ཀི

འོ་ན། སྐམས་ཤ་རྒྱ་མ་ལྔས་ཚལ་རིགས་མི་འདྲ་བ་སྡེར་མ་ཁ་ཤས་ལས་དང་གསར་བུ་གདོང་དཀར་ཅིག་གིས།

ད་དུང་ལྦུ་ཆང་ཤོག་སྒམ་གང་མགྱོགས་པོ་ཁྱེར་ཤོག” གསར་བུ་གདོང་ནག་ཅིག་གིས་དེ་སྐད་བཤད་པ་དང༌། རྒྱ་བོས། 

རྟ་གཅིན་དེས་ཅི་བྱེད། ཨ་རོགས། ང་ལ་ཆང་དམ་གོང་ཆེན་གཅིག་ཁྱེར་ཤོགཅེས་སྐད་བརྒྱབ། གཡོག་པོ་ཞིག་གིས་ཁང་པ་སྦུག་མ་ལས་ལྦུ་ཆང་ཤོག་སྒམ་གཅིག་བཀྱགས་ནས་འོངས། མ་པི་ཧྥང་གིས་ཆ་སྒམ་ནང་ནས་ཨ་རག་དམ་བུ་ཞིག་དང་ཆང་ཕོར་ཆུང་ངུ་ཞིག་ཁྱེར་ནས་འབྲོག་པ་རྒྱ་བོའི་མདུན་ལ་བཞག

མཐེ་བོང་འདྲ་བོ་འདི་མི་དགོས། ང་ལ་ཆང་དཀར་ཆེན་པོ་ཞིག་ཁུར་ཤོག དཀར་ཡོལ་འབྲུག་མ་ཨེ་ཡོདརྒྱ་བོས་མཱ་སྦྱིན་བདག་ལ་བལྟས།

“ལོས་ཡོད་ལོས་ཡོདསྦྱིན་བདག་ཕྱིར་རྒྱུགས་སོང་ནས་འབྲུག་དཀར་ཆེན་པོ་ཁ་ཡངས་ཤིག་ཁྱེར་ཡོང༌།

གསར་བུ་གསུམ་པོས་ལག་པ་གཡས་པས་དམ་བུ་ཞིག་གི་ཁ་ལེབ་ཀྱི་ཟུར་ལ་དམ་བུ་གཞན་ཞིག་གི་ཁ་ལེབ་ཀྱི་འོག་ཟུར་སྦྱར་ནས་བྱང་ཆ་ལྡན་པའི་ངང་ནས་ཤེལ་དམ་འོག་མའི་ཞབས་ས་ལ་གཅིག་བརྡབས་མ་ཐག་བོའུ་སྐད་འདྲ་བ་ཞིག་དང་ལྷན་དུ་ཆང་དམ་ཐོག་མའི་ཁ་ལེབ་ཅིག་ཡར་ནས་ཁང་པའི་ཐོག་ངོས་ལ་གཅིག་བརྡབས་ཤིང་ཁ་ལེབ་གཞན་ཞིག་ཡར་ནས་ཅོག་ཙེ་གཞན་པའི་ཕོ་གསར་ཤ་སྐམ་གཟུགས་རིང་དེའི་ཇ་མངར་འཐུང་བཞིན་པའི་ནང་ལ་ལྷུང་ནས་ཆུ་ཁོལ་གྱི་ཟེགས་མ་འགའ་ཁོའི་གདོང་ལ་འཐོར་བས། གསར་བུ་ཚོས་ཧབ་ཆ་རྒྱག་བཞིན་ཆང་དམ་རེ་རེ་ཁ་ལ་སྦྱར་ནས་རྔམ་འཐུང་རེ་བྱས་ཏེ་སླར་ཡང་ཁོ་པར་ལྟ་བཞིན་ཧབ་ཆ་བརྒྱབ།

སྐམ་རིང་གིས་ཁོ་ཚོར་མིག་སྡང་གིས་གཅིག་བལྟས་པས། ཨ་ཁུ་ཁྲོ་བོས། “མིག་འདྲུ་དགོས་ཨེཞེས་སྐད་ཆེན་པོས་བཤད་ཀྱིན་མིག་ལོག་གིས་བལྟས་ནས་བསྡད། ནག་སྟིག་གཟུགས་ཐུང་དེས་ཅི་ཞིག་གོ་སོང་བའི་ཚུལ་གྱིས་རོགས་པའི་གདོང་ལ་གཅིག་བལྟས། ཕོ་གསར་སྟོབས་ཆེན་གྱིས་མགོ་འཕྲེད་ལ་གཡུག་ཙམ་བྱས།

རྒྱ་བོས་ཆང་དམ་གྱི་ཁ་ལེབ་མཐེ་བོང་གིས་ཕྱེས་ཏེ་ཆང་དཀར་ནང་ཤག་ཤག་གང་བླུགས་ཏེ་ཧུབ་གང་འཐུང་ནས་ཁོ་ཚོར་ལྟ་བཞིན། “རྒྱ་སྤྲང་འདིས་ངའི་སྐད་ཆ་མ་གོ་བ་འདྲཞེས་ཁོའི་རོགས་པ་ཞིག་གི་གདོང་ལ་གཅིག་བལྟས་ནས་སྐད་སྒྱུར་བྱེད་དགོས་པའི་བརྡ་བརྒྱབ་པས། གསར་བུ་དེས་རྒྱ་སྐད་ཀྱིས།

རྒྱ་སྤྲང་ཁྱོད་ངར་ན་ཡང་བསྐྱར་གཅིག་ལྟོས་དང༌། མིག་གཉིས་འདྲུ་བཞག་དགོས” སྐམ་རིང་ལ་བལྟས་ནས་བཤད། འོན་ཀྱང་ཁོ་ཚོས་ཅི་ཡང་མ་གོ་བ་ལྟར་ཁ་རོག་བསྡད་ཅིང༌། ཆང་དམ་དེའི་ཁ་ཕྱེས་ནས་ཆང་ཕོར་ཆུང་ངུ་དག་གི་ནང་དུ་བླུགས་ནས་མཉམ་འཐུང་ཞིག་བྱས་ཏེ་སླར་ཡང་གང་རེ་བླུགས།

སྐབས་དེར། མཱ་སྦྱིན་བདག་གིས་ཁོ་ཚོས་རྒྱག་རེས་བྱས་མི་ཡོང་ངམ་སྙམ་ནས། “དཔའ་རྒོད་ཁྱོད་ཚོ། ཁྱོད་ཚོའི་གདོང་ལ་ལྟ་མཁན་སུ་ཡང་མེད། རྒྱ་སྤྲང་ཉམ་ཆུང་རེད། བུ་མོ་འདྲ་་་འདི་ཚོ་ལ་ཐུབ་ཚོད་བྱེད་རིན་མི་འདུག དེ་རེད་པ་ ཨཞེས་བོད་སྐད་དག་མ་དག་ཅིག་གིས་ངོ་དགའ་བཤད་ཞོར་དུ་བ་རྐང་རེ་བྱིན་ནས་མེ་སྦར།

ང་ཚོའི་ཟ་མ་ཁོ་ཚོའི་སྔོན་ལ་ཁྱེར་ཤོག” འབྲོག་པ་རྒྱ་བོས་ཕོ་གསར་གཞན་པ་ཚོར་མཛུབ་མོ་ཀེར་གྱིན་ངར་སྐད་དང་བཅས་བཤད།

ཡ་ ཡ་ ཨ་ཁུ་ཁྲོ་བོ་སྤོ་མ་ལངས་དང༌། ཟ་མ་ལས་ནས་ཚར་གྲབས་ཡོདཅེས་ཁ་ཕྱིར་འཁོར་ནས་སྐད་མགོ་དམའ་མོས། “མི་འདི་ཚོ་རྒྱག་རེས་ཚ་བོ་ཡོད་རེད། ཁྱོད་ཚོས་བཟོད་བསྲན་གྱིས

གསར་རྒོད་སྟོབས་ལྡན་དེས་འཛུམ་ཙམ་ངང་ཆང་ཕོར་གང་མགོ་ལ་གཡོན་ནས་སྐད་མགོ་མཐོན་པོས། “ང་ཚོ་ལྟོགས་ཀིན་མི་འདུག བྲེལ་བ་མེད། སྤུན་ཟླ་ཁོ་ཚོར་སྣེ་ལེན་ཡག་པོ་གྱིས”རྒྱ་སྐད་ཀྱིས་བཤད།

སྐྱག་པ་སྤུན་ཟླ། རྒྱ་སྤྲང་འཁྱམ་པོ་ཁྱོད་ཚོགདོང་དཀར་གྱིས་ཧ་ཅང་མ་དགའ་བའི་ཚུལ་གྱིས་སྡང་མིག་ཅིག་ལྟ་བཞིན་བཤད་པས། སྐམ་རིང་གི་གདོང་མདོག་དམར་ནག་ཏུ་གྱུར།

སྟོབས་ཆེན་གྱིས་ཐ་མག་རྔུབ་ཞོར་མགོ་འཕྲེད་ལ་གཡུག་ཙམ་བྱས་པས་ཁོས་བཟོད་བསྲན་བྱེད་དགོས་བྱུང༌། མཱ་སྦྱིན་བདག་གི་སེམས་ཅུང་ཟད་ལྷོད་ལ་བབས།

 

ས་ཀ་ཆུ་རང་ཡུལ་རང་བདག་གི་ལྟ་བུ་ནས་ཀྱང་མཱ་པི་ཧྥང་གིས་འདི་ལྟར་སྤྲེལ་ལད་འཁྲབ་དགོས་པ་ནི་ཁོ་རང་གི་ཚོང་དོན་གཅིག་པུ་མ་ཡིན་ཏེ། གནོན་ཤུགས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་ཡོད་པའི་ནང་ནས་གཅིག་ནི་ཨ་ཁུ་ཁྲོ་བོ་ཟེར་བ་འདི་ཡིན། ཁོ་ནི་སྔོན་མ་ཞིག་ནས་ཀ་ཆུར་ཡོང་ནས་སྐམས་ལུག་དང་མེ་མདའ་སོགས་ཀྱི་ཚོང་འདྲ་མིན་རྒྱག་གིན་ཡོད་ལ། ཁ་ཆེ་ཚོང་བ་འགའ་དང་རྒྱག་རེས་ཀྱང་ཐེངས་མང་བརྒྱབ་མྱོང༌། ཐེངས་གཅིག་ལ་ཁ་ཆེ་བཅུ་ཁ་ཞིག་གིས་ཁོ་རུབ་པས་ཁོས་རུམ་ནས་ལྕགས་མགོར་བསྐོར་ནས་ཁ་ཆེ་བཞི་ལྔ་ཞིག་ས་ལ་བསྒྱེལ་ཞིང་གཞན་པ་ཚོ་ལ་བདའ་ལུང་བདའ་བྱས་པས་ཀ་ཆུར་ཨ་ཁུ་ཁྲོ་བོའམ་འབྲོག་པ་རྒྱ་བོ་ཞེས་སྐད་གྲགས་ཆེ་ལ། ལྷག་པར་ཟླ་གཅིག་ཙམ་སྔོན་ལ་ཟ་ཁང་འདིར་ཡོང་ནས་རྒྱ་རྒན་འགའ་ལ་བརྡུངས་པའི་ཞོར་དུ་ཟ་ཁང་འདིའི་ཅ་ལག་ཀྱང་མང་པོ་ཞིག་འཕྲོ་བརླག་ལ་བཏང་ཡོད་པས་མཱ་སྦྱིན་བདག་ལ་སེམས་ཁྲལ་དང་འཇིགས་སྣང་ལོས་ཆེ།

སྐར་མ་ཁ་ཤས་ནང་ལ་མ་བྱན་ཚོས་ཤ་ཚལ་དང་འཐེན་ཐུག་རྣམས་ཚར་ནས་ཁོ་ཚོའི་མདུན་ཅོག་སྟེང་ལ་བསྒྲིགས།

རྒྱ་བོས་རྔམ་ཟ་རྔམ་འཐུང་བྱེད་སྟངས་ལ་བལྟས་ན་ཧ་ཅང་ལྟོགས་ཡོད་པ་འདྲ་ལ། ཟ་སྤྱད་སྟག་གི་ཁ་འདྲ་འདྲ་བ་དེས་སྐར་མ་ཁ་ཤས་ནང་ལ་ཐུག་པ་དཀར་ཡོལ་གཉིས་དང་ཤ་སྡེར་མ་དོ་སྟོང་བར་བཟོས། དུས་ཚོད་ཕྱེད་ཙམ་ནང་ལ་ལྦུ་ཆང་དམ་བུ་བཅུ་གཉིས་པོའང་ཁོག་སྟོང་དུ་གྱུར། དེར་ལུག་ཤ་རྩིབས་མ་རྒྱ་མ་ལྔ་བོའང་ཅོག་ཙེའི་ཐོག་ལ་བསྐྱལ་བྱུང༌།

གསར་བུ་ཞིག་གིས་མཱ་སྦྱིན་བདག་གི་གདོང་ལ་གཅིག་བལྟས་ཤིང་ཤེལ་དམ་སྟོང་བ་ཚོར་མཆུ་སྟོན་ཞིག་བྱེད་ཀྱིན། ཡང་བསྐྱར་ཤོག་སྒམ་གང་དགོས་པའི་བརྡ་བསྟན།

སྐར་མ་ཁ་ཤས་ནང་ལ་ཤ་རྒྱ་མ་ལྔ་བོའང་རུས་སྐམ་འགའ་ཞིག་ཏུ་བཏང༌། ཁོང་ཚོས་མཉམ་ཟ་བྱས་ནའང་ཕྱེད་ཀ་ཕལ་ཆེར་རྒྱ་བོའི་ཁ་ནང་དུ་ཤོར་སོང་ཟེར་ན་འགྲིགས། བསྟུད་མར་སྒྲེགས་པ་བྱེད་སྟངས་ལ་བལྟས་ན་ད་རྒྱ་བོའང་ཕལ་ཆེར་འགྲངས་སོང་བ་འདྲ། ཁ་ཤ་མཐུག་པོ་ན་བཞུར་བའི་ཚིལ་ཁུ་ལ་ལྕེ་ལྡག་ཅིག་བྱེད་ཀྱིན་ཆུ་འཁྱག་ཕོར་བ་གང་ཡང་མགོ་ལ་གཡོན།

སྐབས་འདིར་གསར་རྒོད་གཞན་གསུམ་པོའི་ཅོག་ཙེ་ཐོག་ལའང་ཤ་ཚལ་མི་འདྲ་བ་སྡེར་མ་འགའ་དང་འབྲས་སྡེར་མ་འགའ། ཁུ་ཐང་ཕོར་བ་འགའ་བཅས་བསྐྱལ་པས། ཁོ་ཚོས་ཀྱང་ཟ་འཐུང་གི་འགོ་བརྩམས།

རྒྱ་སྤྲང་དེས་ཇ་ཕོར་ནང་ལ་ཤེལ་དམ་གྱི་ཁ་ལེབ་ཞིག་ལྷུང་བ་ལའང་མིག་སྡང་གིས་གཅིག་བལྟས་སོང༌། ད་ཕོར་བའི་ནང་ལ་ཁ་ལུད་གཅིག་འཕངས་ན་ཅི་བྱེད་དམགདོང་ནག་གིས་རྒྱ་མི་ཤ་སྐམ་དེར་མིག་ཟུར་གྱིས་ལྟ་བཞིན་བཤད།

འདི་ཚོ་གཉོམ་ཆུང་འདྲ་བོ་ཞིག་འདུག་མ་གཏོགས་ཁ་ནང་ལ་རྩམ་ཁུ་མི་འགྲོ་བ་ཞིག་རྡུང་ས་རེད” ཁྲོ་བོས་ཀྱང་ཁོ་ཚོར་གཅིག་ལྟ་བཞིན་དེ་ལྟར་བཤད།

ད་དེ་ལས་ཧྭེ་རྒན་ལ་ངོ་མཚང་ཞིག་འདྲུ་དགོས་པ་མིན་ནམ” གསར་བུ་གདོང་དཀར་གྱིས་བཤད།

རྒྱ་བོས་གད་མོ་དང་བཅས། འོ་ན་ངས་ཁོ་ལ་ཡང་གཡག་གཅིག་བཙོང་གཞེས་བཤད་པ་དང་རོགས་པ་ཚོ་ཡང་དགོད་ཤོར།

ཡ་སྦྱིན་བདག” ཅེས་རྒྱ་བོས་མཱ་པི་ཧྥང་ལ་ལག་བརྡ་ཞིག་བྱས།

         ད་ཅི་ཞིག་དགོས” ཞེས་ཁོ་འཛུམ་ཙམ་བྱེད་ཀྱིན་ཁོ་ཚོའི་འགྲམ་ལ་ཡོང༌།

         ད་ང་ཚོས་ཚོང་ཞིག་སྒྲིག་ན་གང་འདྲ་འདུག” ཨ་ཁུ་ཁྲོ་བོས་ཁོའི་གདོང་ལ་ཅེར་ནས་དྲིས།

         ཚོང་ཅི་རེད

གཡག

          “དུ་ཡོད

“དུ་དགོས་ན་ཡོད། སྤྱིར་བཏང་གཡག་རྣམས་རིན་མེད་དུ་ག་ས་གང་དུ་སྦྱིན་པ་གཏོང་རྐྱང་བྱེད་ཀིན་ཡོད། འོན་ཀྱང་ངས་ཁྱོད་ལ་གཅིག་བཙོང་ན་འདོད་ཀི དེ་ཁྱོད་ཀྱིས་མི་ཉོ་ན་ཡང་ཉོ་དགོས

ཉོ་ཆོག་ཉོ་ཆོག གོང་དུ་ཡིན

         ཁེ་བོ་ཡིན། དེ་རང་གི་ཟ་མ་འདི་ཚོའི་རིན་གོང་ལས་མང་མི་དགོས

         ཧེ་ཧེ་ གཡག་གཅིག་ལ་ཟ་མ་འདི་འདྲ་ཐེངས་བཅུ་ལ་ཟ་གི་ཡོང་ནའང་འགྲིག་གི་རེད

         ངོ་མ་ཡིན་ནམ

 “ཡིན། གཡག་གང་ན་ཡོད

 “གཡག་འདི་ན་ཡོདཅེས་རྒྱ་བོས་རང་གི་འཕོངས་བསྟན་ཙམ་བྱས་ཀྱང་ཁོས་ཅི་ཡང་མ་གོ་བར་གླེན་ལྟ་བྱས།

         ཚུར་ཤོག་དང༌། འདི། ལག་པ་ཐུག་དང་རྒྱ་བོས་རྐུབ་སྟེགས་ཐོག་ནས་འཕོངས་ཡར་ལ་བཀྱགས་ཙམ་བྱས་པས། མ་པི་ཧྤང་གིས་ཅི་ཡང་ཧ་མ་གོ་བའི་ཚུལ་དུ།

ངས་གཡག་སྐམས་ཟེར་བ་ཡིན། འདི་ལ་ཅི་ཞིག་ཡོད” ཅེས་ལག་པ་རེག་ཙམ་བྱས།

གཡག་སྐམས་ཡིན་མིན་མི་ཤེས། གཡག་ཡིན་ཐག་ཆོད་ཡིན། ཧ་ཅང་ཚོ་ལ་དྲི་མ་ཞིམཞེས་རྒྱ་བོས་རྐུབ་ཀྱི་གཡག་རྒན་གཅིག་ངུར་བཅུག་པས། རོགས་པ་ཚང་མ་བགད་ནས་རིལ་གྲབས་བྱས་ཤིང༌། ལོགས་ཀྱི་གསར་རྒོད་སྟོབས་ཆེན་དང་ནག་སྟིག་དེ་གཉིས་ཀྱང་རང་དབང་མེད་པར་དགོད་ཁ་ཤོར། མཱ་སྦྱིན་བདག་གིས་རྒྱང་ཙམ་བཀྱེད་དེ་གདོང་མདོག་ཡ་མཚར་ཅིག་ཏུ་གྱུར།

ངའི་གཡག་གཅིག་ལ་ཟ་མ་འདི་འདྲ་ཐེངས་བཅུ་ཟ་ཆོག་ཟེར་བ་མིན་ནམ། ཐེངས་བཅུ་མི་དགོས། ངས་ཁྱོད་ལ་ཐེངས་རེར་གཡག་རེ་གཏོང༌། ཨ་ ཅི་འདྲ་འདུག བྲོ་བ་ཨེ་ཞིམ་གི

མཱ་སྦྱིན་བདག་གིས་མགོ་ནང་ལ་སྒུར་ནས་ཕྱིར་འགྲོ་རྩིས་བྱས། “སྡོད། ཚོང་འདི་ཅི་འདྲ་བྱུང་སོང

ང་ཕམ་སོང

         ཁྱོད་ག་ལ་ཕམ། གཡག་གཅིག་གི་རིན་རེད། ཁྱོད་ཚོས་རྩྭ་ཐང་གི་གཡག་སྐམས་རིན་མེད་ག་ཚོད་ཅིག་ཟོས་ཡོད་རྒྱུ་རེད

         ཨ་ཁུ་རྒྱ་བོ་སྐད་ཆ་དེའི་དོན་དག་ངས་ཧ་གོ་གི་མི་འདུག

         ཁག་མེད། ཁྱོས་ད་ཧ་མི་གོ ང་ཚོའི་སྡེ་བ་གཅིག་པུ་ནས་ཀྱང་གཡག་སྐམས་བཅུ་གསུམ་དགོང་མོ་གཅིག་ལ་རྐུ་ཤོར་བ་རེད

         ཁྱོད་ ཁྱོད་ཀྱིས་ ང་་ང་རྐུན་མ་་་

ཁྱོད་རྐུན་མ་ཡིན་ན་འདྲ་མིན་ན་འདྲ། དེ་གནད་དོན་གཙོ་བོ་མ་རེད། གང་ལྟར་ཁ་ཆེ་མང་པོ་རྩྭ་ཐང་ལ་ཡོང་ནས་རྐུ་འཕྲོག་གསོད་གསུམ་བྱེད་ཀྱིན་ཡོད། གཡག་མང་པོ་ཞིག་གི་འགྲོ་ཁུངས་ས་ཆ་འདི་རེད། དེའི་ནང་ནས་ཀྱང་གཡག་སྐམས་ཚོན་པོ་མང་པོ་ཞིག་ཀུན་ཕན་ཟ་ཁང་ལ་ཐིམ་ཡོད་རྒྱུ་རེད། མཱ་སྦྱིན་བདག་ངོ་མི་ཤེས་པའི་སྐམས་འཚོང་བ་ཞིག་ཡོད་རྒྱུ་མ་རེད” རྒྱ་བོས་མུ་མཐུད་དུ།

རྐུན་མ་ཚོང་པ། ཚོང་པ་རྐུན་མ། སྦྱིན་བདག་ཇག་པ་ག་ས་གང་ན་གང་འདུག ལྷག་པར་ས་ཀ་ཆུ་ན་ཟ་ཁང་མང༌། ང་ཚོ་ཉི་མ་རེ་རེ་བཞིན་ཟ་ཁང་རེ་རེ་ལ་རིན་པ་མི་དགོས་པའི་གཡག་བཙོང་ནས་རིན་པ་ཅན་གྱི་གཡག་ཤ་ཟ་བར་འགྲོ་རྒྱུ། ཕལ་ཆེར་ལོ་གཅིག་ནང་ཟ་ཁང་རེ་ལ་ཐེངས་གཉིས་གསུམ་ལས་འཁོར་ཐུབ་རྒྱུ་མ་རེད། དེ་ལ་ཁྱོད་ཚོར་གྱོང་ཡོད་རྒྱུ་ཨེ་རེད། ཨ་”ཁོས་མཱ་པི་ཧྥང་གི་གདོང་ལ་བལྟས།

ཁོས་བཅོས་འཛུམ་ཞིག་སྟོན་གྱིན། “གྱོང་མི་འདུག མི་འདུག

ཀ་ཆུའི་ཟ་ཁང་ཚང་མའི་ཤ་ཡི་ཡོང་ཁུངས་འབྲོག་པ་རེད། ལུགས་མཐུན་གྱིས་ཉོས་པ་ལས་ཁྲིམས་འགལ་གྱིས་བརྐུས་པ་མང༌། གལ་ཏེ། འདི་ལྟར་ལོ་བཅུ་འགོར་ན་འབྲོག་པའི་སྒོ་ཕྱུགས་ཚང་མ་རི་སྤྱང་སྔོན་མོ་དག་གི་ཁ་ནང་དུ་ཚར་འགྲོ་རྒྱུ་རེད” གསར་བུ་གདོང་དཀར་དེས་བཤད།

རི་སྤྱང་སྔོན་མོ་ཟེར་ན་་་དེ་སུ་རེད” མཱ་པི་ཧྤང་གིས།

དེ་སྤྱང་ཀི་རེད། སྤྱང་ཀི་དེ་ཚོ་གཅིག་རྒྱ་དཔོན་ཚོ་དང༌། གཅིག་ཁྱོད་ཚོ་ཁ་ཆེ་ཚོང་པ་ཚོ་རེདཁོས་རྒྱ་སྐད་ཀྱིས་བཤད།

རྒྱ་མི་གཉིས་ཀྱིས་ཟ་མ་ཟ་ཞོར་གསར་བུ་དེར་མཉམ་ལྟ་ཞིག་བྱས་ཤིང་སླར་ཡང་རོགས་པ་སྟོབས་ཆེན་དེའི་གདོང་པར་གཅིག་བལྟས་ནས་བཟོད་སྒོམ་བྱས།

གལ་ཏེ་ང་ཚོས་སུ་ཞིག་གིས་སྐམས་ལུག་རྐུ་འཚོང་བྱེད་ཀྱིན་པ་ཤེས་སོང་ན། དེ་ཚོ་སྐམས་ལུག་གསོད་གསོད་བྱེད་ངེས་ཡིནཁྲོ་བོས་ངར་སྐད་དང་བཅས་བཤད།

འོ་ དེ་ དེ་རེད” མ་སྦྱིན་བདག་གིས་འཚབ་འཚུབ་ངང་བཤད།

ཀུན་ཕན་ཟ་ཁང་དང་ཀུན་ཕན་བཟོ་གྲྭ་ཟེར་བ་འདི་དག་ལ་གོ་བ་ལྡོག་ཕྱོགས་ནས་བླངས་ན་ཧ་ཅང་འཚམ་གི” གསར་བུ་གདོང་དཀར་གྱི་སྐད་ཆ་འདིས་སྦྱིན་བདག་གི་གདོང་པ་ཇེ་དམར་དུ་བཏང༌།

སྐབས་དེར་འགྲུལ་བ་རྒྱ་མི་སྐོར་ཅིག་ཟ་ཁང་དུ་བསླེབས་པས། མ་སྦྱིན་བདག་གིས་དེ་ཚོར་སྣེ་ལེན་བྱེད་ཁུལ་གྱིས་ཁོ་ཚོའི་བརྙས་བཅོས་ལས་གཡོལ་ཐབས་བྱས།

དེ་རིང་ནམ་རྒྱུན་ལས་མགྲོན་པོ་ཉུང༌། ཤོག་ཁག་འདི་གཉིས་ཀྱིས་ཡང་སྙིང་ཆག་སྒོ་ཅི་ཞིག་བསླང་འོང་བསམ་ནས་མཱ་སྦྱིན་བདག་གི་སེམས་ལྷོད་ལ་འབབ་ཐབས་བྲལ།

ཁོ་ཚོས་རྒྱ་སྐད་དང་བོད་སྐད་བསྲེས་ནས་བཟི་མ་གཏམ་མང་ཙམ་བཤད་ཚུལ་ལ་བལྟས་ན་ཅུང་ཟད་ར་བཟི་གིན་ཡོད་པ་འདྲ། ཡིན་ཡང་ཁོ་ཚོའི་ཚིག་གི་ནང་ན་ཚིག་དང༌། རིལ་མའི་ནང་ན་སྤུ་ཡོད་པས། ཉན་རྒྱུ་དང་གོ་རྒྱུ་མེད་པ་ཞིག་མ་རེད།

ཁོ་ཚོའི་ལྦུ་ཆང་ཤོག་སྒམ་གཉིས་པ་ལས་ཤེལ་དམ་གསུམ་མ་གཏོགས་ལྷག་མི་འདུག་ལ། ཨ་ཁུ་ཁྲོ་བོའི་ཆང་དཀར་ནང་ན་འང་ཨ་རག་ཧུབ་གང་ལས་མི་འདུག

སྐབས་དེར་གསར་བུ་གདོང་ནག་དེས་ལྦུ་ཆང་ཤེལ་དམ་ཞིག་མཆུ་ལ་སྦྱོར་གྱིན། “ཁྱོད་ཚོ་ཚོང་པ་ཡིན་ནམ། རྐུན་མ། ཡང་ན་ཇག་པ་ཡིན” ཞེས་རྒྱ་སྐད་དག་མ་དག་ཅིག་ཤོད་ཀྱིན་ནག་སྟིག་གི་ཅོག་ཙེའི་ཟུར་ལ་བསྡད།

ཚང་མས་གཅིག་གཅིག་གི་གདོང་ལ་ལྟ་ཙམ་རེ་བྱེད་ཀྱིན་སྣ་དགོད་དང་ཁོང་དགོད་རེ་ཤོར།

ཁྱོད་ཚོ་འོན་པ་ཡིན་ནམ། ལྐུགས་པ་ཡིན” གདོང་ནག་ཅུང་མ་བདེ་བར་སླར་ཡང་ངར་སྐད་བརྒྱབ།

ཁོ་ཚོས་སྣང་མེད་ངང་ཆང་ཕོར་ཐ་མ་དེ་མཉམ་འདེགས་ཀྱིས་ཞབས་དག་ཅིག་བརྒྱབ་ཅིང༌། ནག་སྟིག་གིས་ཆང་ཕོར་རེ་རེའི་ནང་ལ་སླར་ཡང་གང་རེ་བླུགས་པས་ཆང་དམ་ཡང་སྟོང་བར་གྱུར། ཡིན་ན་ཡང་ཁོ་ཚོའི་སུ་ལ་ཡང་བཟི་ཉམས་མི་འདུག འོན་ཀྱང་ནག་སྟིག་གིས་ལོགས་ཀྱི་གདོང་ནག་གི་ངོ་ལ་ལྟ་ཙམ་གྱིས་ཕར་སོང་ཞེས་པའི་མཆུ་བརྡ་ཞིག་བསྟན།

གདོང་ནག་གིས། ལག་གི་ཤེལ་དམ་ཤུགས་ཀྱིས་ཅོག་ཙེའི་ཐོག་ལ་གཅིག་བརྡབས་ཏེ་ཡར་ལངས་ཤིང༌། “ཅི་རེད། རྒྱག་རེས་རྒྱག་འདོད་དམཞེས་ནག་སྟིག་ལ་ཁུ་ཚུར་བསྟན།

ད་ཁྱོད་ཀྱིས་གློས་རྟགས་མ་སྟོནནག་སྟིག་གིས་དབང་མེད་དུ་བོད་སྐད་ཅིག་ཤོར་ཞིང་ཕྱིར་ཁོའི་གདོང་ལ་མཛུབ་མོ་བཙུགས།

ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་ལག་པས་སྐྱོར་ན་རྒྱག་ནི་མེདསྟོབས་ཆེན་གྱིས་ཐ་མག་ཅིག་འཐེན་བཞིན་མིག་ཀླད་ལ་སྐོར་གིན་མིག་ཤེལ་ནག་པོའི་ནང་ནས་ཁོ་གཉིས་ལ་ལྟ་ཙམ་བྱས་པས་ནག་སྟིག་གིས་ལག་པ་ཕྱིར་བསྐུམས་ནས་ཧིན་ཞེས་སྣ་དགོད་ཅིག་བརྒྱབ།

ཁོ་ཚོ་ལྷོད་ལྷོད་ངང་སྡོད་པའི་བརྗིད་ཉམས་དེ་དང་ལྷག་པར་གློ་བུར་བའི་བོད་སྐད་དག་མོ་འདི་གཉིས། ད་དུང་གཏམ་དཔེ་དེས་གདོང་ནག་ལ་ཅི་ཞིག་གི་ཚོར་བ་བྱིན་པ་བཞིན་ཁ་རོག་ཕྱིར་འཁོར་ནས་ཁོ་རང་སྡོད་སར་སོང༌།

ཨོ་ ཁྱོད་གཉིས་བོད་མི་ཡིན་ནམ། སྤོ་མ་ལངས། མ་ཤེས་པ་རེདཨ་ཁུ་རྒྱ་བོས་དེ་ལྟར་བཤད།

ནག་སྟིག་གིས་ཁོ་ཚོར་ལྟ་བཞིན་ཅི་ཞིག་བཤད་རྩིས་བྱས་པ་དང་ཕོ་གསར་སྟོབས་ཆེན་གྱིས་ལག་པ་གཡོན་མ་ཡར་བཀྱགས་ཏེ་ཁོའི་ཁ་བཀག་ཅིང་མཱ་པི་ཧྤང་ལ་ལྟ་བཞིན། 

ཁོ་ཚོས་ཟེར་ན་ཀུན་ཕན་ཟ་ཁང་དང་ཀུན་ཕན་བཟོ་གྲྭ་གཉིས་གཅིག་པ་རེད་ཟེར། མ་སྦྱིན་བདག་ཁྱོད་ཀྱིས་བལྟས་ན་སྐད་ཆ་དེའི་ནང་དོན་ཅི་རེད

 དྲི་བ་འདི་དོན་ངོ་མར་སུ་ཞིག་ལ་བཏང་བ་དང༌། དེས་གནད་དོན་ཅི་ཞིག་ཤེས་འདོད་པ་ཡིན་ནམ།

ངས་མི་ཤེས། ཀུན་ཕན་བཟོ་གྲྭ་ཟེར་བ་ཞིག་ངས་གོ་ཡང་མ་མྱོངམཱ་སྦྱིན་བདག་གིས་སྣང་མེད་ཀྱི་ཚུལ་དུ་བཤད།

གོ་མ་མྱོང་ཨེ། ལན་ཀྲིག་གི་ཀུན་ཕན་བཟོ་གྲྭ་འགས་གཏོར་བཏང་བའི་གསར་འགྱུར་འབྲོག་པའི་རྩྭ་ཐང་ནའང་ལྷང་ལྷང་རེད” འབྲོག་པ་རྒྱ་བོ་བར་ལ་འཚང་ནས་བཤད།

ཨོ་་དེ་གོ་མྱོང༌། ཡིན་ན་ཡང་ངའི་ཟ་ཁང་དེ་འདྲ་བོ་འདུག་ཟེར་དོན་ཅི་རེད། ངས་ཧ་གོ་མ་སོང་

གོ་ཚོད་ཡིན་ན་ཀུན་ཕན་བཟོ་གྲྭ་ཟེར་བ་དེ། སྐམས་ལུག་རྐུ་འཚོང་བྱེད་ས། མེ་མདའ་ལྐོག་འཚོང་བྱེད་ས། བུད་མེད་གཡོ་ཚོང་བྱེད་ས། ད་དུང་བྱིས་པའི་སྲོག་སྙིང་ལེན་ས་་་འབྲོག་པ་རྒྱ་བོས་མཛུབ་མོ་རེ་རེ་ནང་དུ་འགུགས་བཞིན་མཱ་སྦྱིན་བདག་གི་གདོང་ལ་ཅེར་ནས། 

ཨོ་ཡ་དེ་འདྲའི་ནག་ཚོང་རྒྱག་སའི་བཟོ་གྲྭ་ཞིག་ཡིན་པས། སྟག་རྒོད་ཚོགས་པས་གཏོར་ཕམ་བཏང་བ་རེད། ན་ནིང་གཞི་ནིང་ལོར་ཁྱོད་ཚོའི་ཟ་ཁང་འདི་དག་ནས་ཀྱང་མེ་མདའ་ཐུང་བ་རེ་ལ་སྐམས་རེ་དང༌། རིང་བ་རེ་ལ་སྐམས་གསུམ་ལྔ་རེ་བྱས་ནས་ཉོས་ཚུལ་གོ་རྒྱུ་ཡོད་ཀི དེ་བདེན་ནམ་་

ཨ་ཁུ་རྒྱ་བོ་དེ་ དེ་ གལ་ཏེ་ དེ་འདྲ་ ”ད་ཐེངས་ཁོ་ལ་སྐད་ཆས་མ་འདང་བ་གཅིག་པུ་མིན་པ་འདྲ།

གལ་ཏེ། ཀུན་ཕན་བཟོ་གྲྭ་འདྲ་བོ་ཞིག་ཡིན་ན། ཀུན་གནོད་ཟ་ཁང་ཞིག་ཡིན་རྒྱུ་རེད། དེ་འདྲ་ཞིག་ཡིན་ན་གཏོར་རྒྱུ་རེད། ཟ་ཁང་འདི་ད་སྟག་རྒོད་ཚོགས་པ་མ་དགོས། ང་དོམ་ནག་སྨྱོན་པས་ཀྱང་གཏོར་ཐུབ་རྒྱུ་རེད” གདོང་ནག་ཡང་བར་ལ་འཚང༌།

སྨྱོན་པ་སྨྱོན་པ་ཐུག་ན་སྨྱོ་ལ་ལ་དྭངས་འགྲོ་ཡང་ཟེར། གང་ལྟར་སྨྱོན་པ་ཞིག་ཡིན་དུས་སྔ་ཕྱི་ཙམ་མ་གཏོགས་ཕམ་ཁ་ཉོ་རྒྱུ་བཤད་མ་དགོས་པ་ཞིག་རེད། ངས་བལྟས་ན་ཁྱོད་ཚོས་གཞན་མ་གཏོར་གོང་རང་གི་མགོ་འཆོར་བར་མཉམ་བཞག་ན་བཟང་གི” སྟོབས་ཆེན་གྱིས་ངོ་མཚང་དྲུས།

ད་ཁྱོད་ཚོད་ཟུངས

ངས་ཚོད་བཟུང་མེད་རྒྱུ་ན། སྔ་ས་ནས་ཁྱོད་ཀྱིས་ཁུ་ཚུར་འགའ་ཉོས་ཚར་ཡོད

ཆོག་གི་ཁུ་ཚུར་ཉོ་མཁན་སུ་ཡིན་བལྟ་ཆོག” གདོང་ནག་ཡར་ལངས་བྱུང༌། ཨ་ཁུ་ཁྲོ་བོས་གདོང་ནག་གི་ལག་པ་ནས་མར་འཐེན་བཞིན།

ཁུ་ཚུར་དང་ལྕགས་མགོར་གཉིས་ཐུག་ན་གྱོང་སུས་ཉོ་རྒྱུ་རེད” མདུན་གྱི་སྟོབས་ཆེན་གྱི་ལྟག་ཁུང་ལ་ལྟ་བཞིན་ཟུར་ཟ་བྱས།

འོ་ན་ངས་ཁྱོད་གཅིག་འདྲི། ལྕགས་མགོར་དང་མེ་མདའ་གཉིས་ཐུག་ན་གྱོང་ཉོ་མཁན་སུ་ཡིན་ནམ

ཨ་ཁུ་ཁྲོ་བོ་གཏིང་ནས་ཁྲོས་ཏེ་རུམ་ནས་ལྕགས་མགོར་ལེན་ཞོར་ཡར་ལངས་བྱུང༌།

སྡོད” སྟོབས་ཆེན་རྐུབ་སྟེགས་སྟེང་ལྷོད་སེ་སྡོད་ཀྱིན། སྐེད་ནས་དཀྲུམ་མདའ་ཞིག་བཏོན་ནས་ཁ་གནམ་ལ་བསྟན་ཏེ། 

ང་ཚོ་དེ་རིང་འདིར་སྤྱང་ནག་གཡོ་ཅན་ཞིག་འཛིན་དུ་ཡོང་བ་ལས་གཡག་རྒོད་གཟའ་རོ་རྣམས་བདའ་རུ་ཡོང་བ་མིན

ངར་སྐད་འདིས་ཟ་ཁང་ནང་གི་མི་ཚོ་འཇིགས་ཡེ་རེར་བཏང་ཞིང༌། ལྷག་པར་མཱཔི་ཧྤང་གིས་ཁ་ཆེན་པོ་ཞིག་གདངས་ཏེ་ཧད་འདུག

སྟོབས་ཆེན་གྱིས་མུ་མཐུད་རྒྱབ་གཏད་དེ་འགུལ་ཙམ་ཡང་མི་བྱེད་པར་དཀྲུམ་མདའ་ཐག་སེ་མདུན་ཅོག་སྟེང་ལ་བཞག་ནས། 

ཧྭེ་རྒན་ཞིག་གིས་སྨྱོན་པ་ཞིག་གི་རྐུབ་ནས་ངོ་ཚ་ཉོས་བ་དེ་དོན་དག་ཆུང་ཆུང་ཞིག་རེད། ཁྱོད་ཚོའི་ཤ་ཞིམ་པོ་དེའི་ནང་ན་དུག་ཁ་བོ་ཞིག་གི་བྲོ་བ་མི་འདུག་གམ

ཁྱོད་ཀྱིས་ཅི་ཟེར། ང་ཚོའི་ཟ་མ་ནང་ལ་དུག་བཏབ་འདུག་ཨེ། ཡིན་རྒྱུ་མ་རེདཅེས་ཚང་མས་མཱ་སྦྱིན་བདག་གི་གདོང་ལ་བལྟས།

མཱ་པི་ཧྤང་གིས་ཁ་གདངས་བཞིན་མགོ་ལག་གཉི་ག་འཕྲེད་དུ་གཡུག་གང་ཐུབ་ཐུབ་བྱས།

གལ་ཏེ་དེ་རིང་བཏབ་མེད་ན་ཡང༌། ཁྱོད་ཚོས་རྟག་ཏུ་འདི་ལྟར་སྨྱོ་རྟགས་བསྟན་ན། ཀུན་ཕན་ཟ་ཁང་མིན་ན་ཡང་སྟག་གསོད་མཁན་གྱི་ཟ་ཁང་མང་གི་རེད། གནས་ལུགས་འདི་ཁྱོད་ཀྱིས་ཤེས་ན་ཆོག་གི

རྒྱ་བོས་མགོ་ནང་ལ་ལྡེམ་ཙམ་ངང༌། ཁྱོད་ཚོ་དོན་ངོ་མ་སུ་ཡིན། ཇག་རྐུན་ཡིན་ནམ། ཉེན་རྟོག་པ་ཡིན” ཨ་ཁུ་ཁྲོ་བོས་ངར་གྱིས་དྲིས།

ཁྱོད་གང་ལ་སྐྲག་ན་ང་ཚོ་དེ་རང་བྱེད་ཆོག” སྟོབས་ཆེན་གྱིས་ལན་བཏབ།

ང་གང་ལའང་མི་སྐྲག སུས་ང་ལ་གནོད་བྱས་ན་དེ་ངའི་དགྲ་ཡིན

ངས་བལྟས་ན་ཁྱོད་ཀྱིས་ད་དུང་སུ་ཞིག་དགྲ་དང་སུ་ཞིག་གཉེན་ཡིན་པའང་ཤེས་ཀྱིན་མི་འདུག ང་རི་སྤྱང་འདུལ་བའི་རྫི་བོ། སྒོ་ཁྱིམ་སྲུང་གི་རྒྱ་སྟག་ཅིག་ཡིན། ཁྱོད་ཀྱིས་བལྟས་ན་ཁྱོད་ཀྱི་གཉེན་རེད་དམ་དགྲ་རེད།

དེ་འདྲ་ཡིན་ན་སྐྱེས་ཕོ་རབ་ཅིག་རེད། ང་ཚོ་གཅིག་པ་རེད་ཟེར་ན་ཆོག

ཆེ་ཆོག སྟག་གི་ཡན་ན་རྒང། ང་ཁྱོད་འདྲ་བའི་སྟག་རྒོད་སྨྱོན་པ་ཞིག་གང་ནས་ཡིན

ཁྱོད། ཁྱོད་་་་ཨ་ཁུ་རྒྱ་བོའི་ངག་ལྐུགས་པར་གྱུར། ཡིན་ཡང་འདི་ནི་མ་པི་ཧྥང་གི་ངག་ལྐུགས་ཚུལ་དང་གཏན་ནས་མི་འདྲ།

དེ་བས་ཁོའི་རོགས་པ་གཉིས་ཀྱང་ཡ་མཚར་ངང་ཨ་ཁུ་ཁྲོ་བོའི་གདོང་ལ་ལྟ་བཞིན་ཅུང་ལྷོད་ལ་བབས།

སྟོབས་ཆེན་གྱིས་ཁ་ནང་ནས་དུ་བའི་ཨ་ལོང་གནམ་ལ་འཕེན་བཞིན་ལག་གི་དུ་སྣེ་སར་གཡུགས་ནས་ཡར་ལངས། ཡིན་ན་ཡང་ཁོས་ད་དུང་ཡང་ཁོ་ཚོར་གདོང་པ་གཏན་ནས་བསྟན་མ་སོང༌། ཁོང་གིས་སླར་ཡང་དཀྲུམ་མདའ་མཱ་པི་ཧྥང་གི་གདོང་ལ་གཏད་དེ་ཐ་མའི་བཀའ་ཕབ་པ།

ཀུན་ཕན་ཟ་ཁང་འདི་ཀུན་ཕན་བཟོ་གྲྭའི་ཡན་ལག་ཟ་ཁང་ཆེ་ཤོས་དེ་རེད། ང་ཚོ་རྫ་དམར་རྫོང་གི་ཉེན་རྟོག་པ་ཡིན། མཱ་པི་ཧྤང་འཛིན་བཟུང་བྱས་པ་ཡིན། ཁོ་ལ་ལག་ལྕགས་རྒྱོབ

ནག་སྟིག་དང་ཤ་སྐམ་གཉིས་ཀས་ཧྭེ་རྒན་ལ་ལག་ལྕགས་བརྒྱབ། མ་པི་ཧྥང་གི་ལག་པ་གཉིས་འདར་འདར་བྱེད་ཀྱིན་ཁ་རྦད་དེ་གདངས་གདངས་རེ་ཞིག་ལ་ཅི་དྲན་འདི་དྲན་མེད་པར་གྱུར།

ཁྱོད་ཉེན་རྟོག་དཔའ་རྒོད་སྟག་ལྷ་ཡིན་ནམགདོང་དཀར་གྱིས།

ཁྱོད་ཚོ་ངོ་ ངོ་མ་ཉེན་རྟོག་པ་ཡིན་ནམ” མཱ་པི་ཧྥང་གིས་ཀྱང་དྲན་པ་ཕྱིར་རྙེད་དེ་ངག་འདར་བཞིན་དྲིས།

གལ་ཏེ་ང་ཚོ་མ་ཡོང་ནའང་ཁོ་ཚོས་ཁྱོད་རང་དགར་འཇོག་ས་མ་རེད། འོན་ཀྱང་ཁོ་ཚོས་སྨྱོ་རྟགས་དང་བླུན་རྟགས་བསྟན་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་རྒྱུ་ཟེར། དེ་ཁྱོད་ཚོར་བབ་ཡོད་པ་ཞིག་མ་རེད

ཁྱོད་ ཁྱོད་ ངོ་མ་ཉེན་རྟོག་པ་སྟག་ལྷ་ཡིན་ནམཨ་ཁུ་ཁྲོ་བོས་ཀྱང་ཡ་མཚར་ངང་དྲིས།

ཅི་རེད། ཡ་མཚར་རམ། མཚར་རྒྱུ་ཅི་ཡོད། གལ་ཏེ་ང་སྟག་ཅིག་ཡིན་ན། ཁྱོད་འདྲ་བའི་སྟག་སྨྱོན་པ་ཞིག་མིན། ང་སྟག་རྣམས་ཀྱི་ལྷ་ཡིན” ཁོས་ཨ་ཁུ་ཁྲོ་བོར་གདོང་ཟུར་ཙམ་བསྟན་ཅིང་ཅུང་ཟད་འཛུམ་བཞིན།

ད་ཁྱོད་ཚོས་བཟི་གཏམ་དང་སྨྱོ་རྟགས་མ་སྟོན། ཕྱིན་ཆད་ནས་རང་གི་ཁ་དང་ལག་པར་བདག་རྒྱོབ། སྐལ་མེད་སར་སྐེ་མ་སྲིངས། ད་ཙང་ཕྱིར་སོངས

སྟོབས་ཆེན་གྱི་སྐད་ཆ་འདིས་ཁོ་རང་སུ་ཡིན་བཤད་མེད་པ་འདྲ་ལ་བཤད་ཡོད་པའང་འདྲ། གང་ལྟར་ཁོ་ཚོར་གདོང་པ་ཡག་པོ་ཞིག་ཀྱང་བསྟན་མ་སོང་བས། ཁོ་ཚོ་རེ་རེ་བཞིན་དུ་ཟ་ཁང་ལས་ཕྱིར་བུད། འོན་ཀྱང་སྐབས་འདིར་ཨ་ཁུ་ཁྲོ་བོའི་རྣམ་འགྱུར་ཧ་ཅང་འཇམ། རྒྱུ་རྐྱེན་ཅི་ཞིག་གིས་ཡིན་མིན་ཁོ་རང་གཅིག་པུས་ཤེས།

ཟ་ཁང་ལ་སྒོ་ཟྭ་བརྒྱབ་ཅིང་སྒོ་ཐམ་སྦྱར་ཏེ་ཚང་མ་གཞུང་བཞེས་བཏང༌།

 

སྟག་ལྷས་བདེ་སྲུང་བ་ཚེ་རིང་ནག་སྟིག་དང་ཧྭ་གོ་སྐམ་རིང་གཉིས་ཁྲིད་དེ་མི་སེར་དཀྱུས་མའི་ཚུལ་གྱིས་དེ་ལྟར་ཐོག་མར་ཀ་ཆུར་སོང་ཞིང་དེ་ནས་བླ་བྲང་དང༌། རེབ་གོང༌། རྨ་ཆུ་བཅས་ལ་རིམ་བཞིན་སོང་ནས་ལས་སླ་བོར་ཀུན་ཕན་ཟ་ཁང་བཞི་བོའི་སྦྱིན་བདག་རྣམས་བཟུང་ནས་ཟ་ཁང་ཚང་མ་གཞུང་བཞེས་བཏང༌།

ནག་ཉེས་ངོས་ལེན་བྱས་པ་ལྟར་ན། ཟ་ཁང་གསུམ་པོས་ལོ་གཉིས་ལྷག་རིང་ལ། བརྐུས་གཡག་གཅིག་པུ་བདུན་ཅུ་དོན་དགུ་བཤས་འདུག ད་དུང་ཀ་ཆུའི་ཟ་ཁང་ནང་ནས་མེ་མདའ་རིང་ཐུང་ལྔ་བརྒྱ་ལྷག་ནག་འཚོང་བྱས་འདུག་པ་སོགས་ཉེས་དོན་ཆུང་ཚགས་མང་པོ་ཞིག་འདུག དེ་བས་མ་པི་ཧྥང་ལ་སྒོར་ཁྲི་ཚོ་དགུ་དང་ལོ་དགུའི་ཁྲིམས་ཐག་དང༌། ཧྭེ་རྒན་གཞན་གསུམ་པོར་སྒོར་ཁྲི་ལྔ་རེ་དང་ལོ་ལྔ་རེའི་ཁྲིམས་ཐག་བཅད།

སྟག་ལྷས་གཞུང་བཞེས་བཏང་བའི་དངུལ་དངོས་ཕལ་མོ་ཆེ་ནོར་གཡག་མང་པོ་བརྐུ་ལ་ཤོར་བའི་རྨ་ཆུའི་ཚེ་ཁོ་དང༌། འགུ་ལོག་རྡོ་རྗེ། ཁོ་ཚེའི་ཚེ་རིང༌། སོག་པོའི་བསོད་ཁོ་ཚང་སོགས་མི་ཚང་མང་པོར་བགོ་བཤའ་བྱས་ཤིང། ཀ་ཆུའི་ཟ་ཁང་དེ་གངས་གཡག་རྩོམ་སྒྲིག་ཁང་ལ་དཔལ་འབྱོར་ཡོང་ཁུངས་འཚོལ་ཕྱིར་གཡར། ཟ་ཁང་གཞན་གསུམ་པོའང་རེབ་གོང་འཇིགས་མེད་དང༌། བླ་བྲང་བཀྲ་ཤིས་མཚོ། རྨ་ཆུའི་ཨ་ཁུ་གཅོད་པ་ཚང་བཅས་ཁྱིམ་ཚང་དབུལ་ཤོས་གསུམ་ལ་ལོ་ལྔ་རེིང་གཡར།

དེ་བས་སྟག་ལྷ་ལརྩྭ་ཐང་གི་མྱུལ་ཞིབ་དཔའ་བོཡི་མཚན་སྙན་ཐོབ་ཅིང་རྩྭ་ཐང་མི་མང་གིས་ཧ་ཅང་དགའ་བོ་དང་བསྔགས་བརྗོད་བྱེད། མི་མང་ཉིན་རེའི་བོད་ཡིག་ཚགས་པར་ཐོག་ལ། <རི་སྤྱང་ཀི་སྒོ་ཟོག་སྲུང་མཁན་གྱི་རྒྱ་སྟག>ཅེས་པའི་སྙན་རྩོམ་ཞིག་ཀྱང་སྤེལ། དེ་ལ་ཀློག་པ་པོ་མང་པོས་དྲང་དོན་དང་ངེས་དོན་གྱི་བཤད་པ་སྣ་ཚོགས་ཤིག་རྒྱག་གིན་ཡོད།།


ཏ༽

༼བདག་གི་བརྩེ་ལྡན་ཀློག་པ་པོ་རྣམ་པ། དགོངས་པ་རྩ་བ་ནས་ཚོམ་མི་ཉན། ངས་བརྩམས་སྒྲུང་འདིའི་འཕྲོ མུ་འགོད་བྱེད་ས་འཚམ་པོ་ཞིག་མ་ལོན་པ་དང་ང་རང་གིས་དེབ་གཟུགས་ཤིག་ཏུ་ཡང་འདོན་མ་ཐུབ་པས་ལོ་ངོ་བཅུ་ལ་མཚམས་ཆད་སོང་། ད་ལྟ་ཀློག་པ་པོ་ཞིག་གི་རེ་སྐུལ་དང་བཅས་མུ་འགོད་བྱེད་སའི་རྩོམ་སྟེགས་ཤིག་ཀྱང་བསྐྲུན་པས་ངས་སླར་ཡང་རྩོམ་འཕྲོ་སྐྱོང་བའི་ཁས་བླངས་སོ།༽ 

 སྟག་ལྷའི་ལས་གནས་དང་གོ་གནས་བརྗེ་སྤོར་བྱས་ཟིན་ན་ཡང། ཁོས་རང་ཉིད་ཀྱིས་རྩད་ཆོད་བཞིན་པའི་གསང་དོན་འདི་མཇུག་མ་སྐྱེལ་བར་ལས་གནས་གསར་བའི་འགན་མི་འཁུར་བའི་ཐག་གཅོད་བྱས་ཡོད། དེ་བས་ཁོས་ད་དུང་དོན་དག་གལ་ཆེན་གཞན་ཞིག་རྩད་གཅོད་དགོས། དེ་ཅི་ཡིན་ནམ། གལ་ཏེ་ཀློག་མཁན་ཁྱེད་རང་མྱུལ་ཞིབ་བྱ་བའི་སྐོར་ལ་ཅུང་དོ་སྣང་ཡོད་མཁན་ཞིག་ཡིན་ན། དེ་ལས་སླ་བོར་ལན་འདེབས་པ་ཞིག་སྟེ། གཤམ་གྱི་ལེའུ་འདིར་གཟིགས་རོགས

 

 

 

 

 

མུ་འགོད།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php