མི་ཚེའི་རྨ་ཁ།

 

 

            མཐའ་ ཡས་རྒྱ་མཚོར་རླུང་འཚུབ་ཀྱིས་འཕངས་པའི་མཐོ་སྒང་གི་ཤིང་ལོ་ཟུང༌། རླབས་ཕྲེང་དྲག་པོས་འདས་ཏེ་གང་ཞིག་ཏུ་འཁྱམས་པ་སུ་ཡིས་ཤེས། ནམ་ཞིག་ལ་འཕྲད་པ་ཡོད་དམ་ཅི། དཀོན་མཆོག་མཁྱེན། ལས་དབང་གིས་མི་ཡུལ་ལ་བརྙས་བཅོས་གཏོང་གིན་འདུག

_ཁ་བྱ་གི་གསང་བ

ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ།

 

            འཛིངས་ ཤིང་གཟེངས་པའི་སྐྲ་ལོ་རླུང་དང་འགྲོགས་ཏེ་འབྲོས་ལ་རྩོམ་ཞིང་མིག་ཆུང་ཟུང་ཡང་ ཆུ་མིག་གཉིས་དང་འདྲ་བར་མཆི་མའི་རྒྱུན་ཆད་མེད་དུ་འབབ། མ་ནེ་བྲང་ཁར་གླན་ཞིང་གདོང་པ་ཆེས་ཆེར་སྨད་པའི་ཚུལ་ནི་འཚོ་བའི་སྡུག་བསྔལ་དག་ ལ་མགོ་བོ་སྒུར་བ་དང་འདྲ། ད་དུང་འཁྱར་འཁྱོར་གོམ་པ་དལ་གྱིས་སྤོ་བས་བཟི་བོའི་གོམ་འགྲོས་ཡང་དག་སྟོན། འཐོར་རླུང་འཚུབ་མ་རེས་འདས་པའི་ལོ་མ་སེར་པོའི་ཚོགས་ཤག་ཤག་སྔུན་ལ་འཕུར་བས་ ཤོག་ཤོག་ཟེར་གྱིན་ལམ་འཁྲིད་བྱེད་དང་མཚུངས། མོའི་འགྲོ་མི་ཤེས་པའི་འཁྱོར་འགྲོས་འདི་ལ་ཆེད་དུ་བཟོས་པ་དང་འདྲ་བའི་ཀྱག་ ཀྱོག་གི་རྐང་ལམ་ཕྲ་མོ་འདི་གང་ཞིག་ཏུ་འཐེན་ཡོད་དམ། ཡ་ཁོག་ན་སེམས་མེད་ན་ཡ་ཐོད་མིག་མེད་ཅེས་པ་ཅིས་མི་བདེན། འཁྱོར་བའི་གོམ་ཁ་དེ་ཡང་སྐབས་རེར་འབུར་ཐོ་རེ་ལ་ཐོགས་ཏེ་ས་ལ་ཕྱག་འཚལ་ཞིང་ མཚམས་རེར་ས་དོང་རེའི་ནང་ལ་རྐང་པ་ཤོར་ནས་པུས་མོས་ས་ལ་བསྣུན་བཞིན་ལག་ཟུང་གིས་ འཁར་བ་བྱས་ཏེ་འགྱེལ་མ་ལངས་ཀྱིས་བགྲོད་པའི་ཚུལ་འདི་མཐོང་ན། བརྒྱད་ཅུའི་རྒན་མོ་ཞིག་གམ་མིག་སྐྱོན་ཅན་ཞིག ཡང་ན་ཆང་གིས་ཁ་ལོ་སྒྱུར་བའི་བཟི་མོ་ཞིག་ཅེས་ལབ་ངེས་མོད། དེ་ནི་ཁྱོད་ཚོའི་འཁྲུལ་གཏམ་རང་ཡིན། མོ་སུ་ཡིན་ནམ། མོ་ལ་ཅི་ཉེས། མོ་གང་དུ་འགྲོའམ། མོ་་་་་་

            མོས་ ཆུ་བུར་བརྡོལ་འདྲའི་མིག་གཉིས་མདུན་གྱི་ཀྱོག་ལམ་ཕྲ་མོའི་མཐའ་ལ་རེ་རེ་བལྟས་ ནས་རྐང་པའི་འདེགས་འཇོག་འགའ་རེ་ག་ལེར་སྔོན་ལ་ལེན། ཡིན་ཡང༌། རྐང་རྗེས་རེ་རེ་ན་ལུས་པའི་ཆགས་ཞེན་ཞིག་འདས་པའི་ལོ་ཟླའི་བཤུལ་ལམ་དུ་ངེས་མེད་ འཁྱམ་ཉུལ་བྱེད།

            དེ་ ནི་ལོ་གསུམ་སྔོན་གྱི་མོའི་བརྩེ་དུང་གི་ས་བོན་ཡིད་ལ་སྦྲུམ་པའི་ཐོག་མའི་དྲན་ རྟེན་དུ་གྱུར་པའི་ཡིད་ཀྱི་གློག་བརྙན་ཞིག མོ་དང་ཁོ། གཞན་ཡང་སློབ་གྲོགས་ཁ་ཤས་བཅས་གཟའ་སྤེན་པའི་དགོང་མོ་ཞིག་ལ<བརྩེ་བའི་དཔང་རྟགས>ཞེས་ པའི་གློག་བརྙན་ཞིག་ལ་བལྟས་ཏེ་ཕྱིར་ལོག་བཞིན་པའི་ལམ་དུ་གློག་བརྙན་ནང་གི་ཕོ་ གསར་མོ་གཞོན་དེ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་དུང་དང་མི་འདོད་པའི་འགལ་རྐྱེན་ སོགས་ཀྱི་སྐོར་གླེང་མོལ་སྣ་ཚོགས་བྱེད་ཀྱིན་ཡོང༌།

            “ངོ་མ་བརྩེ་དུང་གི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པ་ཡོད་དམ། སློབ་གྲོགས་ཤིག་གིས་དེ་ལྟར་དྲིས།

            “དེ་འདྲ་ག་ལ་ཡོད། རྩོམ་པ་པོས་བཟོས་པའི་རྫུན་སྒྲུང་ཡིན་གྱི་རེད། གཞན་ཞིག་གིས་ལན་བཏབ།

            “ཁྱེད་ཚོས་བརྩེ་དུང་ཟེར་བ་དེ་ཧ་གོ་གི་མ་རེད། ཡང་གཅིག་གིས་ཅུང་མཐོང་ཆུང་གིས་བཤད།

            “བརྩེ་དུང་ལ་རང་དབང་མེད་ན་ཅི་འདྲའི་སྡུག་བསྔལ་བ་ཞིག་མ་རེད་དམ། འདི་ནི་སྟག་ལྷའི་སྐད་རེད།

            “རེད། དེ་འདྲའི་བར་ཆད་མང་པོ་ཞིག མ་གཞི་རྒྱ་མོ་དེ་ལས་ངན་མ་ཞིག་ཡིན་པ་འདྲདཔའ་མོས་ཀྱང་དེ་ལྟར་བཤད།

            “སྡོད གློ་བུར་དུ་རྒྱ་ཆས་སྤྲས་པའི་ཕོ་གསར་མགོ་རིལ་འགས་ཁོ་ཚོའི་འགྲོ་ལམ་བཀག

            “ལིག་ཆོན། བུ་མོ་འདི་ཁ་སྔོན་ལག་ལ་མ་ཚུད་པ་དེ་མིན་ནམ། སྙིང་རྗེ་བ་ལ མགོ་ རིལ་གཅིག་གིས་རྒྱ་སྐད་ཀྱིས་དེ་ལྟར་བཤད་ཀྱིན་དཔའ་མོའི་སྐྲ་ནས་བཟུང༌། ལིག་ཆོན་ཞེས་པའི་མིང་དེ་ཐོས་པ་དང་སྟག་ལྷ་མ་གཏོགས་རོགས་པ་ཚོ་ཕྱོགས་ཕྱོགས་སུ་ བྲོས། ལིག་ཆོན་ནི་བདེ་སྲུང་ཁྲིམས་ཁང་དུ་ཐེངས་དགུར་འཛིན་བཟུང་བྱས་པའི་ས་ཕྱོགས་ཀུན་ ལ་གྲགས་པའི་ཁྲམ་པ་བཅོས་སུ་མེད་པ་ཞིག་ཡིན་པས་ཁོའི་གདོང་ལ་ལྟ་ཕོད་མཁན་དེ་ཡང་ དཔའ་བོར་བརྩི།

            “ཧ་ཧ་ དགོང་མོ་ས་སྟོང་འདི་འདྲ་ཞིག་ནས་ང་ལ་མཇལ་བ་ཁྱེད་རང་ངོ་མ་སྐལ་བ་བཟང་པོ་རེད། ལིག་ཆོན་གྱིས་མོའི་མ་ནེ་ནས་འཇུས་ཏེ་བརྙས་བཅོས་བྱས།

            “གྲོགས་པོ། ང་ཚོ་མི་རིགས་སློབ་གྲྭའི་སློབ་མ་ཡིན། གཏོང་རོགས་གནང༌། སྟག་ལྷས་རྒྱ་སྐད་ཀྱིས་སྐད་ཆ་འཇམ་པོར་བཤད།

            “གྲོགས་པོ། ངས་ཁྱོད་མཐོང་མ་མྱོང་བ་ཞིག་ལ་ག་རེ་བྱས་ནས་གྲོགས་པོ་ཆགས་སམ། ཁ་ཡག་བཤད་པ་ལས་སོང་ན་བཟང༌། ཁོས་ཐག་སེ་ལྟེབ་གྲི་ཞིག་གི་ཁ་ཕྱེ་བཞིནངས་ཁྱོད་རང་བཀག་ཡོད་མ་རེད། སྡུག་གྱོང་ཉོ་འདོད་ཡོད་ན་རིན་པ་དགོས་མ་རེད།

            “དེ་འདྲ་མ་བྱེད་རོགས། ང་གཏོང་རོགས་གནང་སློབ་མ་ཡིན། དཔའ་ མོས་ཞུ་བ་བྱས། སྟག་ལྷ་མཆོང་ཐེངས་གཅིག་གིས་ལིག་ཆོན་གྱི་ལག་མགོར་འཇུས་ཏེ་ཤུགས་ཡོད་ཚད་ཀྱིས་ ལག་མགོ་ནས་གཅུས་ཏེ་གྲི་གུག་འཕྲོགས་ཏེ་ལིག་ཆོན་གྱི་བརླ་ཤའི་ཐོག་ལ་གཅིག་ བཙུགས་པ་དང། མགོ་རིལ་གཞན་པ་གཉིས་ཀྱིས་སྟག་ལྷའི་གཡས་གཡོན་ནས་ཁུ་ཚུར་དང་རྡོག་ཐོས་གཞུས། ལིག་ཆོན་གྱིས་རྐང་པ་འདྲུད་ཀྱིན་རྡོ་ཞིག་བླངས་ཏེ་སྟག་ལྷའི་དཔྲལ་བར་གཅིག་ གཞུས་ཏེ་ས་ལ་བསྒྱེལ། དཔའ་མོས་མོ་ལ་འཇུས་སྡོད་པའི་ཕོ་གསར་དེའི་ལག་པར་སོ་བཏབ་ཅིང་སྐད་བརྒྱབ། སྐབས་དེར་སྟབས་ལེགས་པ་ཞིག་ལ། དམག་མིའི་རླངས་འཁོར་ཞིག་སླེབས་པས་མོ་བཏང་ནས་ཚང་མ་ཕྱོགས་སུ་བྲོས།

            “སྟག་ལྷ། སྟག་ལྷ་་་་མོས་ སྐད་ཆེན་པོས་འབོད་ཀྱིན་གློ་བུར་ས་ལ་འགྱེལ། མ་གཞི་མོའི་རྐང་པ་སྤོ་ཐོ་ཞིག་ལ་ཐོགས་ཏེ་བརྡབས་པ་དེས་དེ་མ་ཐག་ཕྱིར་དྲན་གྱི་ འཇིགས་པ་ལས་བསྐྱབས། མོ་རེ་ཞིག་ལ་ཙོག་པུར་བསྡད་དེ་ཡར་ལྟ་མར་ལྟ་ཞིག་བྱས། སྟོན་ཟླ་གསུམ་པའི་ཟླ་དེ་དྭངས་གསལ་དུས་ཚིགས་ཀྱི་ནང་ནས་བུད་པ་འདྲ་སྟེ། ཆུ་འཛིན་སྟུག་པོ་ཞིག་གི་ཡོལ་ནག་གིས་ནམ་མཁའ་གཡོག་པར་བྱེད་ཅིང་རླུང་འཚུབ་ཀྱི་ འཇབ་རྒོལ་གྱིས་རྐང་ལམ་གྱི་ས་རྡུལ་མིག་ལ་གཏོར། ངེས་མེད་འཕུར་བའི་ཤིང་བལ་རྣམས་ནི་མོའི་གདུང་སེམས་མཚོན་ཕྱིར་གཡོ་ཞིང་གནམ་སར་ དོན་མེད་འཁང་ར་བྱེད་པ་བཞིན་ནོ།

            མོས་ ལག་ཟུང་ས་ལ་བཙུགས་ཏེ་ཡར་ལངས། ཡུན་རིང་སྐམ་མ་མྱོང་བའི་མིག་ཟུང་གིས་རྒྱང་རིང་གི་དགོན་ཆུང་དེར་གཅིག་བལྟས་ ཏེ་ལྗིད་ཆེ་བའི་གོམ་པ་རེ་རེ་འཁྱོར་ཞིང་སྔོན་ལ་སྤོས།

            “ངས་ཀྱང་ཁྱོད་འདིར་ཡོད་སྙམ་སྟེ་ཡོང་བ་ཡིན། གཟབ་ འཕྱོར་གྱི་རས་ལྭ་ཐར་རྐྱང་ཞིག་གོན་པའི་དཔའ་མོས་གོམ་པ་དལ་གྱིས་ལེན་གྱིན་ཙན་ དན་སྡོང་རྩར་རྒྱབ་བརྟེན་ཏེ་བཟི་བའམ་བསམ་གཞིགས་ཀྱི་དྲ་རྒྱར་ཚུད་འདྲའི་སྟག་ ལྷའི་འཁྲིས་སུ་བཅར།

            “ག་རེ་བསམ་བློ་གཏོང་གི་ཡོད། བཟི་སོང་ངམ། མོས་ཡང་བསྐྱར་དེ་སྐད་འདྲི་བཞིན་ཁོའི་འགྲམ་དུ་བསྡད།

            “ཨོ། འདིར་ཡོང་ནས་ཁྱོད་ལ་སྒུག་བསྡད་ཡོད། དོ་དགོང་ཅུང་བཟི་ཡང་འདུག ཁྱོད་ཀྱིས་དྲངས་པའི་ཆང་ཕོར་གང་དེར་ལྷག་པར་བཟི་ཁ་ཞིག་འདུག་ཡ ཁོས་མོའི་གདོང་པ་ལ་ཞིབ་ཏུ་ལྟ་བཞིནམ་ གཞི་ཁྱོད་ཀྱིས་ང་སྔོན་མ་ནས་བཟི་རུ་བཅུག་ཡོད། ལོ་གསུམ་གྱི་རིང་ལ་ང་ཁྱོད་ཀྱི་དྲུང་དུ་བཟི་བོ་ཞིག་ཡིན། ཡིན་ཡང༌། ངས་ཁྱོད་ལ་བཟི་ཉམས་རེ་བསྟན་པ་ཙམ་ལས་བཟི་གཏམ་ཟུར་ཙམ་ཞིག་ཀྱང་བཤད་ཕོད་མེད། དོ་དགོང་ངའི་སྙིང་ལ་འཁྱིལ་བའི་མངར་ཆང་དེ་ཁྱེད་ཀྱི་ལག་མཐིལ་ལ་སྐྱུག་ན་འདོད། ཁྱོད་ཀྱིས་ངའི་་་་

            “ཁྱོད་སྐྱུགས་ཚད་ངས་འཐུང་ཐུབ་ལ་བརྙངས་ཚད་ཀྱང་ངས་ལྡག་ཆོག

            “ཧ་ཧ་་་་གཉིས་ཀ་ཧ་ཅང་དགའ་སྣང་གིས་བགད།

            “དོ་ ནུབ་ནི་མཐར་ཕྱིན་ཉིན་མོའི་དགོང་ཚོགས་དང་སློབ་གྲྭ་འདིའི་ནང་གི་ཆེས་མཐའ་མའི་ མཚན་མོ་དེ་ཡང་རེད། ང་དགའ་ཡང་དགའ་ལ་སྐྱོ་སྣང་ཞིག་ཀྱང་འདུག འཚོ་ལམ་གསར་པར་སྐྱོད་དགོས་པས་དགའ་བ་དང་བྲེལ་བ་ཞིག་ཀྱང་འདུག ཡིན་ནའང༌་་ ཁོས་མོའི་གདོང་ལ་ལྟ་ཙམ་གྱིས་དབུགས་རིང་ཞིག་འབྱིན་གྱིནམཛའ་ བརྩེ་ཆེ་བའི་དགེ་གྲོགས་ཚོ་དང་ལྷག་པར་ཁྱོད་དང་འབྲལ་དགོས་པས་སེམས་པ་སྐྱོ། ང་ནམ་ཡང་ཁྱོད་དང་འབྲལ་འདོད་མེད། ཡིན་ཡང་དེ་རིང་བར་སྤྱིར་བཏང་གི་སྐད་ཆ་ཆོ་མེད་རེ་ལས་དོན་ལྡན་གྱི་སྙིང་གཏམ་ དྲོན་མོ་ཞིག་སུས་ཀྱང་སུ་ལ་བཤད་མྱོང་མེད། འདི་ལ་བརྩེ་དུང་གི་ལྐུགས་པ་ཞེས་བརྗོད་ན་འོས། ཁོས་ བཟི་ཉམས་དང་བཅས་འཇམ་ཞིང་ལྷོད་པའི་ངག་གི་གླུ་གསར་འདི་ཁོ་མོའི་སྙན་དབང་ལ་ འདྲེན་བཞིན་མོའི་འཇམ་མཉེན་ལག་པ་ཟུང་ལ་དལ་བུས་འཇུས། མོས་ཀྱང་ཁོའི་ལག་པ་ནས་སྡོམ་ཙམ་དང་མགོ་བོ་ཅུང་སྨད་ཅིང་མཆུ་སྒྲོས་འདར་ཙམ་ གྱིས།

            “ཉན་ ཉན་པའི་ཁུ་བྱུག་དེ་རིང་གྲགས། བསམས་བསམས་པའི་འདོད་པ་དེ་རིང་འགྲུབ། ངོ་ཚའི་འཆིང་སྒྲོག་གིས་བཅིངས་པ་ཙམ་ལས་ངེད་གཉིས་ཀྱི་ངག་སྒོ་འདི་ན་ཆ་འགྲིག་ གི་ཚིག་གཅིག་ཡོད་པ་ནི། གཉིས་ཀས་ཕན་ཚུན་གྱི་གདོང་པར་ཆེས་དུངས་ཞེན་གྱིས་ལྟ་བཞིན།

            “ང་ཁྱེད་ལ་སྙིང་ནས་དགའ། ངའི་སྙིང་སྡུག་ལགསགཉི་གའི་ངག་སྒོ་མཉམ་ཕྱེ་དང་ལྷན་ལག་བཞིའི་སྣོལ་བ་ཞིག་སྟེ་ཕན་ཚུན་མགུལ་བར་དམ་གྱིས་འཁྱུད།

            “ང་ ལ་སྐྱེད་ཚལ་འདིར་དགའ་ཞེན་ཆེ་ས་ཞིག་ཡོད་པ་ནི་ཙན་དན་གྱི་ལྗོན་པ་འདི་ཡིན་ལ། དེ་བས་ཀྱང་མི་ཚེའི་ཁྲོད་དུ་ཆེས་ཐོག་མའི་བརྩེ་དུང་ཆགས་སའི་མདངས་ཆེན་ཞིག་ཡོད་ པ་ནི་དཔའ་མོ་ཁྱོད་རང་ཡིན།

            “རེད། ཙན་དན་འདིས་ཁྱེད་ལ་གྲིབ་བསིལ་གྱི་བདེ་བ་དང་ཞིམ་པོའི་དྲི་བཟང་གང་མང་ཞིག་ སྦྱིན་མོད་ཀྱང༌། བརྩེ་བའི་འདུ་ཤེས་ཞིག་འཛིན་ག་ལ་ཤེས། གལ་ཏེ་ལྗོན་པ་འདིས་བདེན་དཔང་ཞིག་བྱེད་ཐུབ་ན་ངས་ཁྱེད་ལ་ཕུལ་བའི་གསང་བའི་ བརྩེ་དུང་དེ་ཁོས་སྦྱིན་པའི་དྲི་བཟང་ལས་མང་ངེས་ལ། ཁྱེད་ལ་རེ་བའི་ཡིད་ཆེས་ནི་ཁོའི་རྩ་བ་ལས་བརྟན་ངེས་ཡིན། མོས་ག་ལེར་ཁོའི་དཔྲལ་པའི་རྨ་ཁ་ཆེན་པོ་དེར་ཕུར་ཕུར་བྱེད་ཀྱིནད་དུང་ངའི་སེམས་ཁོང་ནས་ཁྱེད་ལ་བཟོད་གསོལ་ཞིག་ཞུ་རྒྱུ་ཡོད་པ་ནི་རྨ་ཁ་འདི་ཡིན། ཁྱེད་ཀྱིས་ངའི་དོན་དུ་་་་་་་་་་

            སྟག་ལྷས་མོའི་ཚིག་མཚམས་བཅད་དེ་མོའི་མིག་མཐར་འཁྱིལ་བའི་མཆི་མ་དེ་འགོག་ཕྱིར། འདི་ ནི་ལས་དབང་གིས་ཕབ་པའི་བརྩེ་དུང་གི་དཔང་རྟགས་དངོས་ཡིན་ལ། ངའི་བརྩེ་དུང་གི་རང་གཟུགས་ཕྱིར་མངོན་པའི་མཛེས་རིས་ཤིག་ཀྱང་ཡིན། དེ་བས་འདི་ནི་ངའི་གདོང་གི་མཛེས་རྒྱན་ཞིག་ལས་མི་སྡུག་པའི་རྨ་ཁ་ཞིག་གཏན་ནས་ མིན། གཅིག་བྱས་ན་ངའི་རི་མོ་འདིས་ད་གཟོད་ཁྱེད་རང་ཁུགས་པ་ཡིན་ཡང་སྲིད། དེ་བས་འདི་ནི་ང་ལ་རྩ་ཆེན་ཡིན། སེམས་ གཏམ་འདི་ནི་ཆུ་རགས་རྩིག་པའི་ཕ་བོང་ཞིག་གི་ཚུལ་དུ་བཤད་མོད། མོ་ལ་དེ་ལས་ལྡོག་སྟེ་རགས་གཏོར་གྱི་རླབས་ཆེན་ཞིག་དང་འདྲ་བར་མོའི་མིག་ཟུང་གི་ རྫིང་བུ་ཀུན་ནས་རལ།

            “ངོ་ མ་ངས་ཁྱེད་གདོང་རེ་རེ་མཐོང་དུས་དྲིན་ལན་ཞིག་ཇི་ལྟར་འཇལ་དགོས་བསམ་ཞིང༌། གལ་ཏེ་ཁྱེད་ཀྱི་སེམས་ན་ང་ཡོད་ན་ང་ཁྱེད་ལ་ཡོངས་སུ་དབང་བ་ཡིན། ངས་སུ་ཞིག་གི་གདོང་ལའང་བལྟ་རྒྱུ་མིན། ཞེས་རང་གིས་རང་ལ་སྔར་ནས་དམ་བཅས་ཡོད། མོའི་མཆུ་འདབ་འདར་མ་འདར་ལས་ཚིག་འདི་ཐལ་མ་ཐག་མཆུ་འདབ་གཉིས་ལྷན་དུ་འབྱར།

            སྟག་ ལྷ་སྟོན་ཆང་གིས་བཟི་བར་ཁ་གཡར་ཆོག་མོད་ཁོ་མོ་གང་གིས་བཟི་བ་ཡིན་ནམ། སྙིང་གཏམ་མངར་མོས་སམ་འགྲམ་ཆང་ཞིམ་པོས། གང་ལྟར་གང་གི་ཕང་བར་གྱེན་དུ་ཕྱོགས་པའི་པདྨ་དམར་པོ་ཞིག་གིས་ཚེས་བཅུའི་དུང་ ཟླར་ངོ་ཚ་སྟེར་རོ།

            གློ་ བུར་ཁ་བུབ་ཏུ་ཉལ་ཞིང་ཡུད་ཙམ་ལ་ཧད་དེ་ལུས། ཡང་མོའི་རྐང་པ་ཡ་གཅིག་ས་དོང་ཞིག་གི་ནང་ལ་ཤོར་བ་རེད། མོས་གོག་འགྲོས་ཀྱིས་ཡར་ལངས་ཏེ་མགོ་བོ་ཤུགས་ཀྱིས་བཏེགས། ཁ་ཕྱིར་འཁོར་ནས་རྐང་འོག་ནས་བརྐྱངས་པའི་ཀྱོག་ལམ་ཕྲ་མོའི་ཕར་སྣེ་ལ་རྒྱང་ལྟ་ ཞིག་བྱས། རྒྱང་རིང་གི་མཐོང་ཡུལ་ཀུན་ནི་རྟ་ནོར་ལུགས་གསུམ་དང་སྦྲ་གུར་ཁང་པ་འདྲེས་མའི་ རྩྭ་ཐང་ཡངས་པོ་ཞིག་ཡིན་མོད། མོའི་ངེས་གཏན་མེད་པའི་དྲན་རིག་འཁྱམ་པོའི་ངོས་ན་མཐོང་སྣང་གཞན་ཞིག་སྟེ། མོ་དང་སྟག་ལྷ་གཉིས་ཆུང་བྱིས་པའི་དུས་སུའང་མཉམ་དུ་བེའུ་འཚོས་ཏེ་སྐྱུར་རུ་ ལེབ་མོ་ཟ་བ་དང་མེ་ཏོག་ལུག་རྭས་དུང་འབུད་པ། ཁོས་མོ་ལ་མེ་ཏོག་གི་ཕྲེང་བའི་སྐེ་རྒྱན་དང་རྣ་ལུང་བཟོ་རོགས་བྱས་ནས་འདོགས་པ། མཚམས་རེར་རྡོ་སྣ་ཚོགས་ཀྱིས་རྩེད་རྭ་བརྩིགས་ཏེ་ཁྱོད་ཚང་དང་ངེད་ཚང་ཞེས་མགྲོན་ འབོད་བྱེད་པ་དང་མནའ་མ་མག་པ་འགྲོ་རེས་ཀྱིས་མཉམ་དུ་ཉལ་ཁུལ་བྱེད་པ་སོགས་དང་དེ་ བས་ཀྱང་ཁ་སང་བཞིན་གསལ་ལྷང་ངེར་དྲན་པ་ནི། ཁོ་གཉིས་མཐོ་སློབ་མཐར་ཕྱིན་རྗེས་ཀྱི་ཟླ་ཤས་ནས་སྟག་ལྷ་མོ་སར་རོགས་ཐུག་ལ་ཡོང་ ནས་རྩེ་ཆུའི་ཁ་ལ་སྤྲོ་འཆམ་ལ་སོང་བའི་ཟླ་འགའི་སྔོན་གྱི་ཆུ་རྩེད་དགོད་བྲོ་བོ་ ཞིག་སྟེ།

            “ང་རང་ཆེས་སྨོན་ས་ནི་རང་གི་ཕ་ཡུལ་རྩྭ་ཐང་འདི་རེད། ལོ་རྗེས་མར་ང་ཡང་རྫོང་མི་རིགས་སློབ་གྲྭ་འདིར་ཡོང་ཐབས་བྱེད་རྒྱུ། སྟག་ལྷས་རང་གི་གོན་པ་རྣམས་འཕུད་ཞོར་དབྱར་ཁའི་རི་ཀླུང་གི་མཛེས་སྡུག་ལ་ལྟ་བཞིན་བཤད།

            “རེད། ངས་ཁྱེད་ཧ་ཅང་དྲན་གྱིན་འདུག ཁྱེད་མེད་ན་ང་ལ་ཕ་ཡུལ་ཡང་དེ་འདྲའི་སྐྱིད་སྣང་ཞིག་མི་འདུག དཔའ་མོས་ཁོ་ཆུ་ནང་ལ་འཛུལ་བར་ལྟ་བཞིན།

            “ཡ་ཤོག་ངས་ཁྱོད་ལ་ཆུ་རྐྱལ་སྟངས་སློབ། ཁོས་རྒྱུག་ཆུའི་ཀློང་འཁོར་ཆེན་པོའི་ནང་དུ་རྐྱལ་རྒྱག་ཞོར་མོ་ལ་བོས།

            “མིན་ང་སྐྲག་གི སྔོན་ཆད་འདིར་སློབ་མ་ཞིག་གྲོངས་སོང་བ་མིན་ནམ། ཁྱོད་ཀྱང་སེམས་ཆུང་བྱོས། མར་ལ་མ་འགྲོ

            “ང་ས་ཐོག་ནས་བསྡད་ན་སྟག་དང་ཆུ་ནང་ལ་འཛུལ་ན་ཉ་ཡིན། ཉ་ཆུ་ནང་དུ་ཤི་སོང་ན་ལས་རེད། ཤོག་ཤོག ངས་ཁྱོད་ཀྱི་ལུས་ཕུང་འཁྲུད།

            “མིན། ང་ངོ་ཚ་གི་འདུག མོས་ཆུ་ངོགས་ཀྱི་གད་ཁ་ནས་རྐང་པ་ཆུ་ནང་ལ་དཀྲུག་གིན་བཤད།

            “ཨོ་རེད། ཡག་པོ་རེད། ངོ་ཚ་ནས་ལོ་གསུམ་ལ་ལྐུགས་པར་ལུས་པ་མིན་ནམ། ད་ནས་བཟུང་ངའི་མདུན་ནས་ངོ་ཚ་ཁུལ་བྱས་ན་ང་མི་དགའ།

            སྟག་ལྷས་ཆུའི་ཕར་ཕྱོགས་ནས་ཆུ་ཐད་གཅོད་ཀྱིས་ཡོང་ནས་གློ་བུར་དུ་མོའི་རྐང་སྣེ་ནས་འཛིན་ཐེངས་གཅིག་གིས་ཆུ་ནང་ལ་འཕངས།

            “ཨང་་་་ཨ་ཤུ་་་་་ང་་་་ང་་་་

            “ཨེ་་་དེ་ནས་ཐོངས། ལག་པ་ང་ལ་བྱིན།

            “ཨ་་་་ང་ཤི་ཐལ།

            “ཨ་་་་ངའི་འདོམས། ང་ལ་རླིག་གཅུར་མ་རྒྱག ཡ་ཡར་ལོངས། ཁོས་མོའི་ལག་པ་གཅིག་ནས་བཟུང་སྟེ་ཡར་བསླངས།

            “ཨ་ཙི་འདོམསམོ་ ཞེད་སྣང་གིས་འཚབ་འཚུབ་ངང་ལག་པ་གཅིག་གིས་ཁོའི་རླིག་པ་ནས་བཟུང་སྟེ་ཡར་ལངས་པ་ དང་ཅུང་ངོ་ཚ་དང་བཅས་ཁུ་ཚུར་གཉིས་ཀྱིས་ཁོའི་བྲང་ཁར་བརྡུངས།

            “རྡུངས་རྡུངས། རླིག་པ་རྡུང་ན་རྡུངས། ཡ་རྡོ་ལོངས་ནས་རྡུངས། དེའི་ཚབ་ལ་ངས་ཁྱོད་ཀྱི་ནུ་མ་འཁྲུད་ན་འགྲིག ཁོས་མོའི་སྟོད་གོས་དང་ནུ་ཤུབས་སོགས་རེ་རེ་བཙན་བཤུས་ཀྱིས་ཆུ་ངོགས་སུ་གཡུགས།

            “ཨ་་་་མིན་མིན་་་་ང་ངོ་ཚ་་་་་

            “སྤུ་་་་མེད་པའི་་་་ངང་མོ་འདི་གཉིས་ངའི་རྩེད་ཆས་མ་རེད་དམ། ཁོས་ མོའི་ནུ་མ་ལ་ཕུར་ཕུར་དང་འོ་བྱེད་ཞོར་འཁྲུ་བའི་སྐབས་དེར་རྒྱབ་ཕྱོགས་ནས་རྟ་ བཞོན་ཞིག་རྒྱུགས་ནས་འོང་བ་མཐོང་བས་སྟག་ལྷ་མར་ཀློང་འཁོར་ནང་དུ་སྲམ་བཞིན་ འཛུལ། མོས་ཀྱང་ངོ་ཚ་བཞིན་ཁ་མར་འཁོར་ནས་སྐེ་མན་ཆད་ཆུ་ནང་ལ་བཅུག་སྟེ་ཡུད་ཙམ་བསྡད།

            “ད་བུད་སོང༌། ཡར་ལོངས།

            “་་་ ་་་

            “སྟག་ལྷ། སྟག་ལྷ་་་་་མོས་ངུ་སྐད་བརྒྱབ།

            “ཧ་ཧ་ཧ་་་་་་་གློ་ བུར་གད་མོ་ཞིག་ཤོར་ཏེ་མོས་ལག་གི་རྡོག་ཁུར་ཆུང་ངུ་དེ་གནམ་ལ་གཡུགས་ཏེ་རྗེས་ སུ་བལྟས་པས་ཁུར་བོ་ཕྱིར་མོའི་གདོང་ལ་ལྷུང་ནས་གན་རྐྱལ་དུ་བསྒྱེལ་བས་ཚོར་བ་ དེ་དེ་མ་ཐག་བརླགས། དེའི་མུར་ཡུད་ཙམ་ལ་ཉལ་བསྡད་པས་ཆར་རྡུལ་རེ་རེ་མོའི་གདོང་ལ་འཐོར། དེ་ནི་མོ་རང་བརྒྱལ་བར་དོགས་ཏེ་གནམ་རྒན་མས་བསངས་ཆུ་གཏོར་དང་འདྲ་བར་དྲན་པ་དེ་ ཡང་ཕྱིར་ཁུགས། མཆི་མ་དང་ཆར་ཆུས་ཁེངས་པའི་གདོང་པ་དེ་ནི་ཆར་སྤྲིན་ལས་ཀྱང་གནག་པར་གྱུར། གང་ཞིག་གདུང་བའི་དུས་སུ་སྔར་བྱུང་གི་འཆར་སྣང་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ སྡུག་བསྔལ་གསར་པ་ཞིག་གི་སྣོན་མར་འགྱུར་བ་འདི་ཅི་ཡིན་ནམ། དཀོན་མཆོག་མཁྱེན། ལས་དབང་གིས་འཇིག་རྟེན་ལ་ཐུབ་ཚོད་གཏོང་གིན་འདུག

            “སྐྱིད་ཀྱི་རེ་བ་བྱས་ཏེ་སྡུག་གི་འཕྲང་ལ་སླེབས་དོན་ཅི། མོས་ ངུ་མ་དགོད་ཀྱི་སྨྲེ་ངག་ཅིག་བཏོན་ནས་ཡར་ལངས་ཏེ་ཁུར་ཕྲན་ཕྲག་པར་ཁུར་ཞིང་མ་ནེ་ བྲང་ཁར་སྦྱར་ནས་སྔར་གྱི་བརྟུལ་ཞུགས་བཟུང༌། སྐྲ་ལོས་ཁེབས་པའི་གསེབ་ཀྱི་མིག་མདངས་མོག་མོག་པོ་དེའི་ནང་དགོན་པ་ཆུང་ངུ་ཞིག་ ཇེ་གསལ་ནས་ཇེ་གསལ་དུ་གྱུར། དེ་ལས་ཀྱང་གསལ་བ་ཞིག་ནི་སློབ་གྲྭ་མཐར་ཕྱིན་རྗེས་ཀྱི་ཉིན་ཞིག་ཁོ་རང་གཉིས་ལྷ་ ཁང་འདིར་ལྷན་འཛོམས་བྱུང་ཚུལ་ཞིག་སྟེ།

            “དེ་ རིང་ངེད་གཉིས་འདིར་འཛོམས་པ་ནི་མ་བསྒྲིགས་རང་འགྲིགས་ཀྱི་རྟེན་འབྲེལ་བཟང་པོ་ ཞིག་རེད། ངེད་གཉིས་དཀོན་མཆོག་ལ་དད་མོས་བྱེད་མཁན་ཞིག་ཡིན་པས་དེ་རིང་འཕགས་མའི་སྐུ་ མདུན་འདིར་བརྩེ་དུང་གི་མནའ་ཚིག་ཅིག་ཕུལ་ན་མི་བཟང་ངམ། དཔའ་ མོས་དཀར་ལ་དམར་མདངས་བཀྲ་བའི་བཞིན་རས་དེ་ཡིད་ཆེས་ཀྱི་འདུན་སྤོབས་ཤིག་གིས་ བཏེགས་ཏེ་གཟུགས་རིང་ལ་སྟོབས་ཆེ་བའི་སྟག་ལྷའི་སྣུམ་ཞིང་སྨུག་པའི་གདོང་ལ་ཅེར་ ནས་སྨྲས།

            “སྙིང་ གི་རི་མོ་ལ་ནོགས་རྒྱུ་ཞིག་ག་ལ་ཡོད་མོད། རྒྱ་ཡིག་ཐོག་ཐེལ། བོད་ཚིག་ཐོག་མནའ་ཟེར་བ་ལྟར་ཁྱོད་རང་ཡིད་ཆས་ཕྱིར་ཁྱོད་ཀྱིས་ཇི་ལྟར་དམ་བཅས་ན་ ངའི་ལྕེས་ཀྱང་དེ་སྐད་སྨྲ་ཐུབ། མ་ཟད་བུ་འདོད་པ་ལ་བུ་དང་ནོར་འདོད་པ་ལ་ནོར་གྱི་དངོས་གྲུབ་གནང་བའི་ལྷ་མོ་ འདིའི་མདུན་སར་སྨོན་ལམ་བཟང་པོ་ཞིག་བརྒྱབ་ན་བསམ་དོན་ལོས་འགྲུབ། ཁོས་ ཀྱང་སྐར་ཆེན་ལྟར་གསལ་ཞིང་སྒོར་བའི་མིག་གཉིས་མོའི་རི་དྭགས་ཀྱི་མིག་ཟུང་ལ་ ཕྱོགས་ཏེ་སྨིན་མའི་ཐོག་ལ་ལུགས་པའི་གནག་སྣུམ་གྱི་སྐྲ་ཉག་དེ་དག་མོའི་འགྲམ་ ཟུར་དུ་འདེད་བྱུག་བྱེད་ཀྱིན་ལན་བཏབ།

            དཔའ་ མོས་འཛུམ་གྱིས་ཁེངས་པའི་གདོང་དབྱིབས་སྒོར་མོ་དེ་བྱམས་བརྩེའི་ཉམས་ཀྱིས་ བརྗིད་པའི་སྒྲོལ་མའི་སྐུ་འདྲ་ལ་ཕྱོགས་ཏེ་པད་དཀར་འདབ་མ་ལྟ་བུའི་ལག་ཟུང་བྲང་ ཁར་སྦྱར་ནས། རྗེ་བཙུན་མ་ཐུགས་རྗེ་ ཅན་མཁྱེན། ངེད་གཉིས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། ངའི་དྲི་བྲལ་ལྷ་དར་འདྲ་བའི་བརྩེ་དུང་དེ་སྔར་ནས་སྟག་ལྷའི་བྲང་ཁོང་དུ་ཕུལ་ ཡོད་ལ་ཇི་སྲིད་ནམ་འཚོའི་བར་དུའང་ནོགས་པ་མེད། མ་ཤི་གསོན་བྲལ་མི་བྱེད་དམ་བཅའ་ཡོད། གལ་ཏེ་མཆི་བདག་གིས་འཁྲིད་ནའང་སྔ་གཞུག་ཅིག་མེད་པར་སྨོན། ལས་དབང་གིས་ལས་སྐལ་མེད་ཟེར་ན་ངའི་མགོ་བོའི་ཅོ་ཏོ་བྲེགས་ཏེ་ཁྱེད་ཀྱི་དྲུང་ འདིར་བཙུན་མ་ཞིག་བྱེད་ངེས་ཡིན། འཕགས་མ་ཐུགས་རྗེ་ཅན་གྱིས་མཁྱེན་མཁྱེན། ངེད་གཉིས་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་ཅིང་ཚེ་ཡི་བར་གཅོད་ཀུན་བཟློག་ ཏུ་གསོལ།ཞེས་མོའི་ཡོད་ཚད་ཀྱི་ཡོད་ཚད་ཅིག་ཅར་དུ་ཕུལ་བ་དང་འདྲ་བའི་མིག་མདངས་ཤིག་སླར་ཡང་སྟག་ལྷའི་མིག་མདངས་ལ་འདྲེས།

            “ངས་སྐྲ་ལོ་བྲེགས་ཏེ་བཙུན་པ་ཞིག་བྱེད་མི་ཐུབ་་་

            “ཁྱེད་རང་གིས་ཁས་ལེན་གང་ནུས་དེ་ལས་ང་ལ་ཁ་ཡག་གང་ཡང་མི་དགོས།

            “ཨ་ལ་ཀུ་རེ་ཡིན།སྟག་ལྷས་ཁོ་མོའི་ལག་མཐིལ་རང་གི་དཔྲལ་བའི་རྨ་ཁར་སྦྱར་ནས། ངས་ ཁྱེད་ལ་བཅིངས་པའི་བརྩེ་དུང་ནི་དཔྲལ་བའི་རི་མོ་འདིས་ཀྱང་མཚོན་ཐུབ། གལ་ཏེ་རི་མོ་འདི་ཡལ་ཡང་དུངས་པའི་རི་མོ་རུས་པའི་ངོས་སུ་གྲུབ་ཡོད། རྗེ་བཙུན་མས་དགོངས། མི་ཚེ་ནི་བརྩེ་དུང་གི་ཆེད་མིན་ཡང་བརྩེ་སེམས་མེད་ན་འཇིག་རྟེན་གྱི་མི་ཚེ་ལ་ སྙིང་པོ་མེད་པས་ངེད་དང་དཔའ་མོ་གཉིས་མ་ཤི་གསོན་བྲལ་མི་བྱེད་དམ་བཅའ་ཡོད། སྐྱིད་ཀྱི་དཔལ་ལ་མཉམ་རོལ་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་རྒྱུ། གལ་ཏེ་ལས་དབང་གིས་བརྙས་བཅོས་བྱས་ཚེ་ངས་ཀྱང་ཕུ་ཐུང་འདི་གཉིས་བཅད་དེ་འཕགས་པ་ སྤྱན་རས་གཟིགས་ཀྱི་དྲུང་དུ་བཙུན་གཟུགས་ཤིག་འཆང་ངེས། རྗེ་བཙུན་མ་མཁྱེན། ཚེ་ལ་བར་ཆད་མེད་པར་བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཁོ་དང་མོ་ཡི་མིག་བཞིའི་འོད་མདངས་གཅིག་ཏུ་འདྲེས་ཏེ་སྒྲོལ་མའི་ཞལ་ལ་གཟིགས་པས་རྗེ་བཙུན་མའི་སྤྱན་གྱི་གཟི་མདངས་ཀྱང་ཉམས་ལ་ཁད་ལྟ་བུ་བྱས།

            མོས་ ཕྱག་གཅིག་འཚལ་སོང༌། དེ་ནི་རྐང་པ་རྡོ་སྐས་ལ་ཐོགས་པའི་འགྱེལ་ཕྱག་ཅིག་རེད། ད་ནི་མོའི་མིག་འདུན་ན་སྣང་བ་ནི་སྒྲོལ་མའི་སྐུ་བརྙན་ཁོ་ན་རེད། མོ་རྗེ་བཙུན་མའི་སྐུ་མདུན་ནས་ག་ལེར་པུས་བཙུགས་ཀྱིས་བསྡད་དེ་ཕྲ་ཞིང་སྐམ་པའི་ སྙིམ་པའི་ནང་དུ་འཛིངས་ཤིང་དྲི་མས་འབགས་པའི་ཅོ་ཏོའི་སྣེ་མོ་གཉིས་བཟུང་སྟེ་ སླར་ཡང་མིག་ལས་ཆུ་མིག་བརྡོལ་ཞིང་མཆུ་འདབ་འདར་འདར་བྱེད་ཀྱིན་མགོ་བོ་ག་ལེར་ སྨད་པར་གྱུར། དེ་ནིརྗེ་བཙུན་མ་ང་ཡོང་ཡོད། ཅོ་ཏོ་འདི་བཞེས་རོགས་གནང༌། ངས་ལྷ་ཁང་འདིར་འཆི་བ་སྒུག་རྒྱུ་ཡིན། ཟེར་བའི་བཟོ་ལྟ་དང་འདྲ།

            མོ་ཇི་ལྟར་ལྷ་ཁང་འདིར་ཡོང་དགོས་བྱུང་བ་ཡིན་ནམ། ངས་མུ་མཐུད་འབྲི་བར་བྱའོ།



ངོ་གནོང་མི་དགོས་པའི་ཕམ་ཁ།



            དཔའ་ མོས་རྫོང་མི་རིགས་སློབ་གྲྭའི་ནང་དུ་ནམ་རྒྱུན་བཞིན་སློབ་ཁྲིད་ལ་ཧུར་བརྩོན་ བྱེད་ཀྱིན་ཡོད། ཉིན་མོའི་དུས་ཚོད་ཕལ་ཆེར་སློབ་ཕྲུག་ཚོ་ལྷན་དུ་ཅི་ལྟར་སོང་བ་ཡང་ཤེས་ཀྱི་མེད་ མོད། ས་སྲོས་ཀྱི་གྲིབ་སོ་ག་ལེར་འཁོར་ཡོང་དུས་ནས་སེམས་པ་དེ་ཡང་ཐག་རིང་ལྷ་ས་གྲོང་ ཁྱེར་དུ་ཆས་འགྲོ། བདུན་ཕྲག་གཉིས། ད་དུང་བདུན་ཕྲག་གཉིས་འགོར་ངེསམོས་སྟག་ལྷའི་འདྲ་པར་ལ་ལྟ་བཞིན་ཆིག་ལབ་བརྒྱབ། དཀོན་མཆོག་མཁྱེན་དོན་རྐྱེན་གང་ཡང་མི་འབྱུང་བར་བསམ་དོན་ཇི་བཞིན་འགྲུབ་པར་ཤོག འདི་ནི་མོའི་ནམ་རྒྱུན་དང་མི་འདྲ་བའི་ཉལ་ཁའི་སྨོན་ལམ་གསར་པ་ཞིག་རེད།

            ཡང་སྐྱར་བདུན་ཕྲག་གཅིག་འགོར་བ་དང་མོ་ལ་ཡི་གེ་ཞིག་འབྱོར།

            ༄ ༅།།མཛའ་གཅུགས་སྙིང་གི་ཐིག་ལེ་མ་དཔའ་མོ་ལགས་ཀྱི་ཕྲ་མཉེན་སོར་མོའི་རྩེར། ཁྱེད་ཀྱི་བརྩེ་དུང་གི་སྨིན་མ་བདག་རྗེས་སུ་འཁྱོག་ཅིང་རིག་པའི་ནུ་ཞོའི་ཟེགས་ མ་སློབ་ཕྲུག་ཆོར་གཏོར་བཞིན་སྤྲོ་སྐྱིད་འཛུམ་མདངས་ཡལ་བ་མེད་པར་གནས་པ་གཞིར་ བཅས།

            ངེད་ ཅག་ཕ་མ་གཟའ་འཁོར་རྣམས་བདེ་བླག་ངང་འབྱོར་ཞིང་ད་ལྟ་མཆོད་མཇལ་ཡང་ཚར་ལ་ཉེ། དཔའ་མོ། ངས་ཁྱེད་ཀྱི་རེ་བཅོལ་བཞིན་མཆོད་མཇལ་སྨོན་ལམ་ཡག་པོ་བརྒྱབ་ཡོད། ངས་ཁྱེད་ལ་ལེགས་སྐྱེས་ཤིག་ཉོས་ཡོད། དེ་ཁྱེར་ནས་མཆོད་མཇལ་ལ་འགྲོ་གིན་ཡོད། ལེགས་སྐྱེས་དེ་ཅི་ཞིག་ཡིན་པ་ཁྱོད་ཀྱིས་ཚོད་དཔག་ཐུབ་བམ། ད་ང་ཚོ་མྱུར་དུ་ལོག་ཡོང༌། ཁྱོད་རང་སེམས་ཁྲལ་མ་བྱེད། གཉེན་སྒྲིག་གི་ཉིན་མོ་ཡང་ཟླ་གཅིག་ལས་མེད་པ་མིན་ནམ། ང་རང་གཉིས་ཀྱི་བསམ་དོན་མགྱོག་པོར་འགྲུབ་ངེས།

            འདིར་ ལྷ་སའི་མཐོང་ཐོས་རགས་ཙམ་བཤད་ན། རི་ལུང་ཀུན་སྐྱ་ཐལ་ལེ་གླང་ཆེན་གྱི་མདོག་ལྟར་སྣང་ཞིང་སྔོ་ལྗང་གི་འཛུམ་བག་མ་ ཉམས་ཙམ་ཡོད་པ་ནི་ལྷ་སའི་ཁོར་ཡུག་ཙམ་རེད། ལོ་རྒྱུས་སུ་གྲགས་པའི་ངོ་མཚར་སྒྱུ་རྩལ་གྱི་རི་མོ་སོགས་གསལ་བ་ལས་མི་གསལ་བ་ མང་ཞིང་ཡོད་པ་ལས་མེད་པ་མང༌། དེང་རབས་ཀྱི་བཟོ་བཀོད་མཚར་བའི་ཁང་བཟང་ཡང་མིང་གིས་མ་སྟོང་ཙམ་མོ། མང་ཚོགས་ཀྱི་སྙིམ་པ་ལས་ཕུལ་བའི་རྒྱུ་ནོར་གྱིས་སླར་གསོ་བྱས་དང་བྱེད་བཞིན་ པའི་དགོན་པ་དང་ལྷ་ཁང་རྣམས་ནི་གང་ལ་གང་འཚམས་འདུག་ཅིང་གཉུག་མར་གནས་པའི་རྟེན་ མཆོག་གཅིག་ལྷག་པ་ནི་རྨས་སྐྱོན་ཤོར་བའི་ཇོའི་སྐུ་ཉིད་ཅེས་ཟེར་རོ། གཞན་ཡང་ཕ་རྒན་གྱིས་བཤད་པ་ལྟར་ན་ཁོས་སྤྲང་བོ་རེ་ལ་སྒོར་ཟུར་གཅིག་རེས་སྦྱིན་ པ་བཏང་ནས་ད་ལྟའི་བར་སྒོར་ཉིས་བརྒྱ་ལྷག་རྫོགས་ལ་ཉེ་ཞེས་ཡ་མཚར་འདུག དེ་ལས་ཀྱང་མང་བ་ནི་རྒྱའི་གསང་མྱུལ་བ་དང་དམག་མི་རེད། ཞི་བའི་ལྷ་གནས་དེ་དྲག་པོའི་བདུད་དཔུང་ཞིག་གིས་བསྐོར་འདུག གཏན་སྡོད་རྒྱ་མིའི་གྲངས་ཀྱང་འབྲོག་ཁུལ་ཕྱོགས་འདུས་མཇལ་སྐོར་སྟོང་ཕྲག་དུ་མས་ བཏང་བའི་གྲོང་ཁྱེར་ནང་གི་སྐྱག་པའི་གྲངས་ལས་མི་ཉུང༌། ལྷ་ཁང་ནང་དུ་སྤོས་ངད་འཐུལ་ཡང་གྲོང་ཁྱེར་ཕྱི་ནང་གི་སྐྱག་དྲིས་དགེ་རྩ་ལ་དྲི་ ངན་བསྒོ། གལ་ཏེ་སྤྱི་སྤྱོད་གསང་སྤྱོད་ཆེན་པོ་ཞིག་ཡོད་ན་་་་། ཨོ། ད་མང་པོ་མི་བརྗོད་རྗེས་མ་བཤད་ཆོག་ངས་ཉིན་ཤས་རིང་ཕྱི་ཚུལ་ཙམ་ལས་ཀྱང་ཡིད་ སྐྱོའི་གནས་ཚུལ་འདི་ཙམ་ཡོད་ན་ནང་གི་ཉམས་ཆག་དང་གསང་བའི་རྐུ་འཕྲོག་སོགས་ བརྗོད་ལས་འདས་པ་བཤད་ཅི་དགོས། གང་ས་གང་ལ་བོད་རང་བཙན་སྐོར་གྱི་ཡི་གེ་མང་པོ་སྦྱོར་གྱིན་འདུག དེ་ལས་མི་རིགས་ཀྱི་རྒྱལ་གཅེས་བློ་སྟོབས་ཉམས་པ་མེད་པ་ཞིག་ཡོད་པ་མཐོང་ཐུབ། དེ་ནི་བཀྲ་ཤིས་འཕྲིན་བཟང་དེ་ཡིན། བདེ་མོ། མགྱོག་པོ་མཇལ་ཡོང༌། ཁྱེད་ཀྱི་སྟག་རྒན་གྱིས།

            དཔའ་ མོས་འཕྲིན་ཡིག་འདི་བཀླགས་མཐར་སེམས་ཅུང་མ་བདེ་བར་འདི་སྙམ་དུ། ཁོས་སློབ་གྲྭའི་ནང་དུའང་བོད་རང་བཙན་སྐོར་གྱི་ཡི་གེ་མང་པོ་བྲིས་སྐུར་སྦྱར་ གསུམ་གྱི་གསང་ལས་གང་མང་བསྒྲུབས། ད་ཡང་ལྷ་སར་དེ་འདྲ་བྱས་མི་ཡོང་ངམ། ལྷ་སར་མི་མང་པོ་འཛིན་བཟུང་དང་བསད་རྨས་འབྱུང་གི་ཡོད་པས། གལ་ཏེ། མོས་བསམ་བློ་གཏོང་གིན་གཏོང་གིན་སེམས་འཚབ་སྐྱེས་ཤིང་ཡིག་ལན་འདི་བསྲིངས།

            ༄ ༅།མཛའ་བ་སྙིང་ལ་སྦྲུམ་པའི་སྙིང་གྲོགས་ལགས། ངས་འདི་ན་ཉིན་མཚན་མཛུབ་མོས་བགྲང་ནས་ཁྱེད་ལ་སྒུག་ཡོད། ཉིད་ཀྱི་ཡི་གེ་འབྱོར་བས་དགའ་སྐྱོའི་སྣང་བ་ལྷན་ཅིག་བསྡེབས། ཁྱེད་ཀྱིས་དེ་གར་གསང་ལས་དེ་འདྲ་བྱས་མི་ཡོང་ངམ་བསམས་ཏེ་ང་སེམས་འཚབ་ཀྱིན་འདུག ཁྱེད་ཀྱིས་མཁྱེན་གསལ་བཞིན་ལྷ་ས་ན་གསང་མྱུལ་བ་དང་གནས་ཚུལ་ཛ་དྲག་ཆེ་བས་གལ་ཏེ་ ཁྱེད་ལ་ཆག་སྒོ་ཞིག་བྱུང་ན་ངའི་སྙིང་ལ་གས་ཆག་འཆོར་བའི་རྨ་ཁ་ཞིག་ཡིན་པས། ཁྱེད་ཀྱིས་རང་ཉིད་མི་བསམ་ནའང་ང་དང་རང་གི་ཕ་མ་བསམས་ནས་ཁོ་ཚོ་བདེ་བར་ཕྱིར་ ཁྲིད་དེ་ལོག་རྒྱུ་ནི་ངའི་རེ་བ་ཉག་གཅིག་ཡིན། ང་ཚོས་མི་རིགས་ཀྱི་རིག་གནས་སློབ་གསོའི་ཐོག་ནས་ཁེ་ཕན་སྒྲུབ་ནའང་རང་བཙན་གྱི་ ཆ་རྐྱེན་ཞིག་ཡིན་པས་ངེས་པར་ཛ་དྲག་གི་ལས་ཀ་བྱེད་དགོས་དོན་མེད། ངའི་སྙིང་དམར་ཆུང་ཁྱེད་ཕྱིར་ངའི་བྲང་ཁོང་དུ་འཛུལ་རོགས།

            ཡི་གེ་འདི་བཏང་ནས་ཀྱང་མོའི་བློ་སེམས་བདེ་ལ་མ་འཁོད། ཉིན་མོ་སེམས་མ་བདེ་ཞིང་མཚན་མོ་གཉིད་ཀྱང་མ་སྐྱིད།

            “བོད་ཀྱི་བདག་པོ་བོད་མི་ཡིན། བོད་ནི་རང་རང་དབང་གི་རྒྱལ་ཁབ་ཅིག་ཡིན། བཙན་འཛུལ་རྒྱ་ནག་ཕྱིར་ལོག་ཅིག མི་ཚོགས་ཀྱི་སྐད་འབོད་འདི་ཐོས་པ་དང་དཔའ་མོ་འཇིགས་སྣང་ཞིག་དང་བཅས་སྒོ་ཕྱིར་རྒྱུགས། རྒྱབ་མདུན་གཉི་གརབོད་རང་བཙན” “འཛམ་གླིང་ཞི་བདེཞེས་ པའི་ཡིག་ཆེན་རེ་སྦྱར་ཞིང་ལག་གཉིས་ཀྱིས་སེང་དར་ཆེན་པོ་ཞིག་ཕྱར་བའི་དཔྲལ་བར་ རྨ་ཁ་ཅན་གྱི་ཕོ་གསར་ཅིག་གིས་མི་ཚོགས་ཀྱི་སྣེ་དྲངས་ཏེ་སྐད་འབོད་བྱེད་ཀྱིན་ ཁོ་མོའི་ཉེ་སར་སླེབས་པ། མོསསྟག་ལྷཞེས་ངུ་སྐད་ཅིག་ཤོར་བ་དང༌། ཐག་ཐག་ཐགགག མེ་མདའི་སྐད་སྒྲ་འཇིགས་སུ་རུང་བ་ཞིག་གིས་མི་ཚོགས་དེ་ཆུ་ལ་རྡོ་འཕངས་པའི་གཟེགས་མ་ལྟར་འཐོར་བ་དང་སྟག་ལྷ་ཡང་ཆུ་བུར་བཞིན་ཡལ།

            “སྟག་ལྷ་་་་་་ མོས་སྐད་ཤུགས་ཆེན་པོས་འབོད་ཀྱིན་ཡར་ལངས། ཕར་ལྟ་ཚུར་ལྟ་ཞིག་བྱས་མོད་མཚན་མོའི་མུན་ནག་ཁྲོད་ཅི་ཡང་མ་མཐོང༌། རྗེ་བཙུན་མ་མཁྱེན། རྨི་ལམ་ངན་པ་འདི་ཅི་ཞིག་ཡིནཞེས་སྔས་མགོའི་ཆུ་ཚོད་ཀྱི་མདའ་རིང་གིསཐག ཐག ཐགབྱེད་པ་ལ་ཉན་བཞིན་རང་གི་བྲང་ཁར་སྙིང་གིས་ལྟིག་ལྟིག་བྱེད་པར་ལག་པ་གླན།

            དེ་ འདྲའི་མངོན་སུམ་ལྟ་བུའི་རྨི་ལམ་སྣ་ཚོགས་ཀྱི་རྣམ་རྟོག་གིས་མོའི་སེམས་འཁྲུགས་ ཏེ་ཉེ་འདབས་ཀྱི་ལྷ་མོའི་མཆོད་ཁང་དུ་འཕྲིན་བཅོལ་གསོལ་འདེབས་བྱེད་དུ་ཞོགས་པ་ རྟག་པར་རྒྱུགས་ཤིང༌། ཐ་ན་རྒྱང་རིང་གི་བཙུན་དགོན་སྒྲོན་མ་ལྷ་ཁང་དུའང་ཐེངས་མང་སོང༌། བདུན་གཉིས་ཙམ་འདས་རྗེས་རླུང་འཚུབ་ཁྲོད་ཀྱི་སྐད་ཆ་ཞིག་ལ། ལྷ་སར་ཟིང་ཆ་ལངས་ཏེ་མཇལ་སྐོར་བ་རྣམས་འགྲིམ་འགྲུལ་བཀག་འདུག་ཟེར། མོའི་སེམས་ག་ལ་བདེ།

            ཟླ་ བ་གཅིག་ཕྱིན་སོང༌། བཀྲ་མི་ཤིས་པའི་གཏམ་ངན་ཞིག་ལ། ཨ་མདོའི་གནས་མཇལ་བ་ཁག་ཅིག་ཟམ་པ་ཆད་དེ་རླངས་འཁོར་རྦབ་ལ་འགྲིལ་སོང་ཟེར། མོའི་སྙིང་ལ་གཟེར་ཅིག་བརྒྱབ། ཁོ་མོའི་རྣ་བར་གཏམ་སྙན་ཞིག་གཏན་ནས་མ་བྱུང་བས་རང་གི་རྣ་བར་ཁྲོས་ཏེ་སེན་མོས་ འདེབས་ལའང་རྩོམ།

            ཉིན་བཞིན་ཡིག་སྐྱེལ་བ་འཕྲིན་ལས(སྟག་ལྷའི་མཛའ་གྲོགས་ཀྱང)ཡོང་ ཐེངས་རེར་མོ་སྔོན་ལ་རྒྱུགས་ཏེ་ཡི་གེ་རེ་རེའི་ཁ་བྱང་ཀློག་ཅིང་ཉམ་ཐག་པའི་མིག་ གིས་ཁོའི་གདོང་ལ་ཐེངས་རེ་ལྟ་དུས་ཁོས་ཀྱང་སྐྱོ་ཉམས་ཆེན་པོས་མགོ་བོ་འཕྲེད་ གཡུག་རེ་བྱེད། ད་ནི་མོའི་བླ་ཡང་འཁྱམ་ལ་ཐག་མི་རིང།

            སྟོན་ ཟླ་གསུམ་པ་ཚེས་སོང༌། རླུང་འཚུབ་རེ་རེས་རྒྱ་ལམ་གྱི་ཤོག་ཧྲུལ་རྣམས་ཡར་འདེད་མར་འདེད་བྱེད་པ་ནི། རྒྱ་དམག་གིས་ཞི་རྒོལ་མང་ཚོགས་ཡར་དཀྲུག་མར་དཀྲུག་བྱེད་པ་དང་འདྲ་ལ། ཁྱི་ལྡོམ་མང་པོས་ཁ་གནམ་ལ་བསྟན་ནས་ཟུག་སྐད་འདོན་པ་ཡང་ལྷ་སའི་སྤྲང་འཁྱམ་རྣམས་ ཀྱིས་ཁྱོར་བ་ཡར་ལ་བཏེགས་ཏེ་ཞུ་འབོད་བྱེད་པ་དང་མཚུངས། དེ་དག་ནི་མི་ལ་ལར་མཚོན་ན་དུས་ཚིགས་ཀྱི་རྣམ་ཞིག་ལས་ཅང་མིན་མོད། འགའ་ཞིག་ལ་སྣ་ནག་མའི་མཚན་མ་ཞིག་ཏུའང་སྣང་ངོ༌།

            “དཔའ་མོ། དཔའ་མོ། ཁྱེད་ལ་ཡི་གེ་ཞིག་འདུགའཕྲིན་ལས་ཀྱིས་གློ་བུར་ཕྱི་ལོགས་ནས་སྐད་འབོད་བྱས་པས་མོས་སློབ་ཁྲིད་བྱེད་མཚམས་ཀྱང་བཞག་ནས་སྒོ་ཕྱིར་རྒྱུགས།

            “གང་ནས་ཡོང་འདུག

            “ལྷ་ས་ནས་

            “ཨོ། སུ་ཡིན་ནམ། མོས་ ལག་པའང་འདར་ཙམ་བྱེད་ཀྱིན་ཡི་གེའི་ཁ་ཕྱེས། ཡུད་ཙམ་ནས་རླུང་གིས་སྐྱོད་པ་ལྟར་ཤོག་བུ་འདར་ཡོམ་ཡོམ་སར་ཟགས་པ་དང་ལྷན་དུ་མོ་ ཡང་མགོ་ཡོམ་ལྟ་བུ་ཞིག་འཁོར་ནས་ས་ལ་འགྱེལ།

            “དཔའ་མོ། དཔའ་མོ འཕྲིན་ལས་ཀྱིས་མོ་ཡར་སྐྱོར། སློབ་ཕྲུག་ཚོས་ཀྱང་སྒེའུ་ཁུང་ལས་མཐོང་ནས། དགེ་རྒན། དགེ་རྒན་དཔའ་མོ་ལགས། ཞེས་སྐད་འབོད་བྱེད་ཀྱིན་ཕྱི་ལ་ཐོན། ཚང་མས་མོ་གཡས་སྐྱོར་གཡོན་འདེགས་ཀྱིས་བརྒྱལ་སངས་ཐབས་ལ་འབད།

            སྐབས་དེར་སློབ་སྤྱི་ཀྲང་(བོད་ཡིག་ཏོག་ཙམ་ཤེས་པའི་རྒྱ་མི་ཞིག)གིས་ སར་ཟགས་པའི་མོའི་ཡི་གེ་དེ་བླངས་ནས་ཚར་གཅིག་བཀླགས་རྗེས་དཔའ་མོའི་གདོང་ལ་སྡང་ མིག་ཅིག་བལྟས་ཏེ་སླར་ཡང་སྐད་གསངས་མཐོན་པོས་ཡི་གེ་དེ་ཚང་མར་བཀླགས།

            ༄ ༅།བརྩེ་ཞིང་སྙིང་རྗེར་འོས་པའི་དགེ་རྒན་དཔའ་མོ་ལགས་སུ། ཁྱེད་ཀྱིས་ང་ཚོའི་རྗེས་སུ་སེམས་ཁྲེལ་ཆེན་པོ་བྱེད་ཀྱིན་ཡོད་ངེས། ཡིན་ནའང་ངས་ཁྱེད་ལ་དགའ་བ་ཞིག་བཤད་རྒྱུ་མེད། བུ་མོ། བསོད་ནམས་ཆེན་པོ་གསོག་པར་བར་ཆད་ཀྱང་ཆེ་ཟེར་བ་ཅིས་མི་བདེན། འདིར་རང་བཙན་སྐད་འབོད་ཀྱི་ཞི་བའི་ལས་འགན་ཆེ་ཙམ་ཞིག་ལངས་པས་རྒྱ་དམག་གིས་དྲག་ གནོན་བྱས་ཏེ་མི་མང་པོ་བསད་རྨས་འཛིན་གསུམ་དང་བཀག་རྒྱ་བསྡམས་ཏེ་ཡར་འགྲོ་ཡར་ དང་མར་འགྲོ་མར་ལ་མ་ཐར་བར་ཉིན་མང་ལུས། གོ་ཐོས་ལ་ལས་འགུལའདིའི་ནང་སྟག་ལྷའང་གཙོ་གྲས་ཤིག་ཡིན་ཚུལ་གོ ངས་ཉིན་མང་རིང་རྩད་གཅོད་བྱས་པ་བརྒྱུད་འཛིན་བཟུང་བྱས་པ་དང་རྨས་མ་ཚོས་གྲས་སུ་ མེད་པ་ཤེས། ཁ་ཤས་མེ་མདའ་གཞུས་ཏེ་བསད་སོང་བ་དེ་ཚོ་སུས་ཀྱང་ངོ་ཤེས་ཀྱི་མི་འདུག བེམ་པོའང་ལམ་སང་མེར་བསྲེགས་འདུག དེའི་ནང་ན་ཕོ་གསར་སྟོབས་ཆེན་དཔྲལ་བར་རྨ་ཁ་ཅན་ཞིག་འདུག་ཟེར་བས་དེ་མིན་ན་ འགྲོ་ས་མི་འདུག

            བུ་ མོ། ད་ག་རེ་ཡིན་ཡང་བཅོས་ཐབས་མེད་པས་སེམས་སྡུག་མ་བྱེད། ངུས་བས་རང་ལ་མི་ཕན་པ་མ་ཟད་ཤི་བོར་གནོད་པར་འགྱུར་ཟེར་བས་ཁྱེད་ཀྱིས་མིག་ཆུའི་ ཚབ་ལ་དགེ་བ་ཅུང་རེ་བྱེད་ཐུབ་ན་བཟང༌། འཆི་ས་ལྷ་ས་དང་འཆི་དོན་བོད་མི་རིགས་ཆེད་ཡིན་པས་ང་རྒད་པོ་ལའང་གནོང་འགྱོད་མི་ འདུག སྤྱིར་ཡང་ངེད་ཚང་ལ་ཕ་རྒྱུད་སེང་དང་མ་རྒྱུད་སྟག་འདྲ་མང་པོ་སྐྱེས་མྱོང༌། ང་རྒད་པའང་མ་ཤི་བ་མ་གཏོགས་རྒྱ་ནག་པོས་མ་བསད་པ་མ་རེད། ངའི་ལུས་ནའང་མདའ་རྨས་མདུང་རྨས་དགུ་ཡོད། ལུས་ཀྱི་རྨ་ཁ་རྙིང་ན་ཡང་སེམས་ཀྱི་རྨ་ཁ་གསར་པ་རེད།

            དཔའ་ མོ། ངས་འདི་ལྟར་བསམ་ན་རང་སེམས་ཅུང་ཟད་གསོ་ཐུབ། ཁྱེད་ཀྱིས་ཀྱང་མི་རིགས་ལ་རྒྱ་སོམ་ལ་མཆི་མ་མ་འདོན། ངས་ད་དུང་བུའི་ཆེད་དུ་ལྷ་སར་མཆོད་འབུལ་ཞིག་བྱེད་དགོས་པས་ཅུང་ཟད་འགོར་རྒྱུ་ རེད། དེ་བས་ཡི་གེ་འདི་བཏང་བ་ཡིན། སུ་ལ་མ་སྟོན། ཕ་རྡོ་རྗེ་དགྲ་འདུལ་ནས།

            ཁོས་ཡི་གེ་བཀླགས་ཚར་བ་དང་དཔའ་མོ་ཡང་བརྒྱལ་སངས་ཏེ་བླ་སྲོག་གི་ཆ་ཤས་ཙམ་རྙེད་དེ། འདི་བདེན་སྙམ། སྟག་ལྷ་ངོ་མ་བསད་སོང་བ་ཡིན་ནམ། ཨ། ཁྱོད་ཚོས་ཤོད་དང་་་་་་ཤོད་ཡ་་་ མོས་ དེ་ལྟར་བཤད་ཀྱིན་མི་རེའི་མདུན་ལ་རྒྱུགས་ཤིང་གདོང་ལ་བལྟས་མོད། སུས་ཀྱང་འོས་འཚམས་ཀྱི་སེམས་གསོ་ཞིག་བྱེད་མ་ཤེས་པའམ་བྱེད་མ་ཕོད་པར་ཚང་མས་ སློབ་སྤྱི་ཀྲང་གི་གདོང་ལ་བལྟ་ཙམ་རེ་བྱེད་ཀྱིན་ཡུད་ཙམ་ཁུ་སིམ་མེར་ལུས།

            “དཔའ་མོ། སྟག་ལྷ་ལོག་སྤྱོད་ཀྱི་བྱ་བ་སྤེལ་འདུག་པསཞེས་ལག་གི་ཡི་གེ་མོ་ལ་སྟོན་ཙམ་གྱིས། ཁོ་ ཤི་ཡང་ཆབ་སྲིད་ཀྱི་ཉེས་འགན་འཆི་མི་སྲིད། རང་གི་མདུན་ལམ་ལ་བསམ་བློ་ཐོངས། གལ་ཏེ་ལོག་སྤྱོད་པ་ཞིག་གི་དོན་དུ་ངུ་སྐད་མང་པོ་བརྒྱབ་ན་ངོ་ལོག་པ་རྣམས་ཀྱི་ འགྲོ་ལམ་གཅིག་པ་རེད། ཀྲང་གི་གཤེ་ ཚིག་གི་རླུང་ཆེན་འདིས་མོའི་སེམས་སྡུག་གི་རྒྱ་མཚོ་ལ་ཞེ་སྡང་གི་རླབས་ཆེན་ བསླངས་པས་ལུས་ཀྱང་འདར་འདར་བྱེད་ཀྱིན་དཔྲལ་བར་ཁྲོ་གཉེར་ཞིག་བསྡུས་ཤིང་སྡིགས་ མཛུབ་ཐད་ཀར་ཀྲང་གི་གདོང་ལ་བཙུགས་ཏེ།

            “ཅི་ ཞིག་ལོག་སྤྱོད་ཉེས་ཅན། ཁྱོད་ཁྱི་ཁ་ཟུམས། ལོག་སྤྱོད་པ་ཁྱོད་ཚོ་རེད། བཙན་འཛུལ་བ་ཁྱོད་ཚོ་་་་བོད་ལ་སྐྱག་པ་ཟ་བར་ཡོང་བ་ཡིན་ནམ། ངའི་ཡི་གེ་ཚུར་སྤྲོད། མོས་སྡིགས་ དམོད་གཏོང་གིན་གློ་བུར་མཆོང་ཐེངས་གཅིག་གིས་ཀྲང་ལག་གི་ཡི་གེ་ཚུར་འཕྲོགས་ཤིང་ གཙབ་ཧྲལ་དུ་བཏང་ནས་ཕྱིར་ཀྲང་གི་གདོང་ལ་ཁ་བ་བཞིན་གཏོར་ཅིང།

            “རྒྱ་ རྒན་ཁྱོད་སྡིག་ཤི་རྒྱོབ། རྒྱ་ནག་འདྲེ་ནག་ཚང་མ་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་དབང་ང་ཚོ་བོད་མིར་དགོས། བཙན་འཛུལ་ཀླ་ཀློས་ངའི་སྟག་ལྷ་བསད་སོང་་་ཟོས་སོང༌། བོད་ཟོས་སོང་་་ ཞེས་ ཁོག་པར་སྟག་ལྷའི་རྣམ་ཤེས་ཞུགས་སོང་བ་བཞིན་ཁུ་ཚུར་བསྒྲེངས་ཤིང་སྐད་འབོད་དྲག་ པོས་སློབ་གྲྭའི་སྒོ་ཆེན་ལས་ཐོན་ཏེ་ཁྲོམ་ལམ་གྱི་མི་ཚོགས་ཁྲོད་དུ་ཤོར།

            “ང་ ཚོ་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་ནག་བཙན་འཛུལ་ཕྱིར་ལོག་ཅིག སྟག་ལྷ། ང་ལ་སྒུག་སྡོད། ང་ཡོང་གི་ཡོད། ངས་ཁྱེད་ཀྱི་ཁྲག་རྗེས་དེད་དེ་ཡོང་གི་ཡོད། མོས་ རྐང་གཡུག་ལག་གཡུག་དང་རང་ལ་ཁུ་ཚུར་གཞུ་བ། སྐྲ་འབལ་བ་སོགས་སྨྱོན་མའི་ཟློས་གར་འཁྲབ་པས་མི་རྣམས་ཟང་ཟིང་ལང་ལོང་དུ་གྱུར་ ནས་ལམ་ངོགས་སུ་ཕྲེང་བར་བསྒྲིགས་ཏེ་མོ་ལ་བལྟས།

            “རྒྱ་དམར་གུང་ཁྲན་ཕམ་པར་རྒྱོབ། ྋསྐྱབས་མགོན་ཏཱ་ལའི་བླ་མ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་བཙན་དགོས། ང་ལ་ངའི་སྟག་ལྷ་དགོས། སེམས་ ལ་ཅི་ཤར་ཚང་མ་ངག་ལས་ཐལ་བས། འུར་ཆིལ་ཆིལ་གྱི་ཁྲོམ་ལམ་དེའང་ཡུད་ཙམ་ལ་མོའི་ངུ་འབོད་ཀྱིས་ཟིལ་གྱིས་མནན་པ་ བཞིན་ཐམས་ཅད་དལ་ཅག་གེར་གྱུར། མི་ལ་ལར་འཇིགས་སྣང་དང་ལ་ལར་སྤོབས་པ། གང་མང་མང་ལ་སྙིང་རྗེ་དང་ཁོང་ཁྲོ་སྐྱེ་བཅུག་པ་སོགས་ཟློས་གར་སྐྱོ་བོ་དེས་མི་ ཚོགས་བརྒྱ་སྟོང་གི་མིག་ནས་མཆི་མའི་ཞལ་འདེབས་བསྡུས། སྐབས་དེར་མང་ཚོགས་ཀྱི་ཁྲོད་ནས་ཀྱང་གྲྭ་བཙུན་འགས།

            “ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ཐུགས་ཀྱི་བཞེད་དོན་ཐམས་ཅད་འགྲུབ་པར་ཤོག ང་ཚོ་ལ་རང་དབང་དང་ཞི་བདེ་དགོས། ཞེས་པའི་སྐད་འབོད་བྱེད་ཀྱིན་མོའི་རྗེས་སུ་འབྲང་ཡོང༌།

            “ྋརྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག བཞེད་དོན་ཐམས་ཅད་མྱུར་འགྲུབ་ཤོག་མི་དམངས་ཀྱི་ཁྲོད་ནས་ཀྱང་སྐད་འབོད་ཀྱི་འགོ་རྩོམ་སྐབས་གློ་བུར་དུ། ཏུའུ་ཏུའུ་ཏུའུ་ཏུའ་་་་་་་ བདེ་ སྲུང་གི་རླངས་འཁོར་ཁ་ཤས་ཤིག་སྟེ་དྲག་ཆས་སྤྲས་པའི་སྐོར་སྲུང་བ་མང་པོས་སྤྱང་ ཀིས་ལུག་ཁྱི་དཀྲུགས་པ་ལྟར་མི་ཚོགས་ཀྱི་ཁྲོད་ནས་དཔའ་མོ་དང་གྲྭ་བཙུན་འགའ་ བཟུངས་ཏེ་བཀྱིགས་ནས་རྡུང་རྡེག་དྲག་པོ་བྱེད་ཀྱིན་ཁྲིད་སོང༌།

            (ཀློག་ མཁན་གྲོགས་པོ་ཚོ་མཚམས་འདི་ནས་ཁྱེད་ཚོར་ཡང་མོ་ལ་གདུང་སེམས་མཉམ་སྐྱེའི་ཚོར་བ་ ཞིག་ལོས་སྐྱེ། ངས་ཀྱང་ལག་པ་འདར་ཏེ་བྲི་མཚམས་རེ་ཞིག་ཆད། སྟག་ལྷ་སླར་ཡང་གསོན་འདོད་ན་ཁྱེད་ཀྱིས་ལེའུ་རྗེས་མ་ཀློག་རོགས།)

 

བརྩེ་དུང་གི་རྣམ་ཤེས་དང་མཇལ་བ།

 

            དགུན་ གྱི་གྲང་ངར་གཏུམ་པོས་ཆུ་ཀླུང་རྣམས་ཆབ་རོམ་གྱི་འོག་ཏུ་འདྲེན་པ་འདིས་རྒྱ་དམག་ སྲིན་པོས་རང་དབང་གི་ཞི་རྒོལ་བ་རྣམས་བཙོན་འཇུག་མནར་གཅོད་གཏོང་བའི་དོ་ཟླ་མི་ ནུས་མོད། ས་གཞིའི་ཁ་བ་དཀར་པོའི་ན་བཟའ་བནབས་ཏེ་ཁུ་སིམ་མེར་གནས་པ་འདིས་རྒྱལ་གཅེས་དཔའ་ བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་བོད་མི་རིགས་ཀྱི་སེམས་ཁམས་ མཚོན།

            “ཨོཾ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ་་་་་་ སྒྲོལ་ མའི་སྐུ་མདུན་དུ་དག་གསལ་སྙན་པའི་ཞལ་འདོན་བྱེད་ཀྱིན་རྐྱང་ཕྱག་འཚལ་བའི་བཙུན་ མ་བཞིན་བཟང་མ་གང་ལས་ཞོགས་སྔ་མོ་འདིར་བཙུན་དགོན་ཆུང་ངུ་འདིའི་ནང་སྐད་ཅོར་ རྒྱག་མཁན་གཞན་ཞིག་ཡོད་པ་ནི། ཁང་བྱིའུ་ཁ་ཤས་རེད།

            “ཕྱག་འཚལ་བ་དང་ཉི་ཤུ་རྩ་གཅིག འདི་ནི་སྒྲོལ་མ་ཚར་དུ་སོང་བ་ཡིན་པ་མི་ཤེས་མོད་མོས་ཕྱག་རེ་དང་ཕྲེང་རྡོག་རེ་དེད་དེ་ཕྲེང་སྐོར་གཅིག་ཏག་ཏག་ལོངས་མཚམས་འདིར། རྗེ་བཙུན་མ་མཁྱེན། ཁོང་དག་པའི་ཞིང་དུ་སྐྱེ་བར་སྨོན། ཞེས་ གསལ་ལ་མི་གསལ་བའི་སྨོན་ལམ་ཚིག་འགའ་བཏབ་ནས་གདོང་གི་རྔུལ་ཆུ་འབྱིད་ཀྱིན་ལྷ་ ཁང་གི་སྒོར་བུད་དེ་རྒྱང་ལྟ་ཞིག་བྱས་པ་ན། མིག་གི་མཐོང་ཚད་ཞིག་ན་ནག་རིལ་རིལ་ཞིག་འགུལ་གྱིན་པ་མཐོང་བས། ཁ་བ་འདི་འདྲའི་ནང་ལ་སུ་ཞིག་མཆོད་མཇལ་དུ་ཡོང་གི་ཡོད་དམ། ཞེས་ཆིག་ལབ་ཅིག་རྒྱག་གིན་རང་ཤག་ཏུ་ལོག

            “ཐག་ཐག་ མོའི་ནངས་ཇ་ཁོལ་མཚམས་སྒོ་བརྡུངས་བྱུང་བས་སུ་ཞིག་ཡིན་ནམ་སྙམ་བཞིན་སྒོ་ཕྱེས།

            “ཨ་ཙི། འཕྲིན་ལས། ཁྱོད་གློ་བུར་འདི་འདྲའི་སྔ་མོ་ཞིག་ལ་་

            “ཁྱོད་ལ་ཡི་གེ་ཞིག་འབྱོར་བྱུང༌། འདི་ཕལ་ཆེར་་་་ འཕྲིན་ལས་ཀྱིས་མོའི་དྲི་མཚམས་བཅད་དེ་དབུགས་འཚང་བཞིན་བཤད།

            “ཨ་་་་ཡི་གེ་་ ཡི་གེ་གང་ནས་རེད། དེ་འདྲའི་གལ་ཆེན་པོ་ཞིག་ག་རེ་ཡིན་ནམ། མོས་ཀྱང་ཁོའི་སྐད་ཆའི་འཕྲོ་བཀག་ནས་དངངས་འཚབ་ཀྱིས་འདྲི་བཞིན་ཁོས་ཁུག་མའི་ནང་ནས་ཡི་གེ་ལེན་པ་ལ་བལྟས།

            “ཡིག་ཤུབས་ཐོག་ལ་དབྱིན་ཡིག་ཁ་ཤས་བྲིས་འདུག་པས་ཀློག་ཤེས་མ་སོང༌། ཕལ་ཆེར་རྒྱ་གར་ནས་འབྱོར་བ་འདྲ་བོ་འདུག གཅིག་བྱས་ན་་་་་

            “ཨ་་ གཅིག་བྱས་ན་་་་་ཨོ་ཡིན་གྱི་མ་རེད།

            “ཡིན་སྲིད། ངས་ཁོའི་མིན་ནམ་བསམ་ནས་གསང་བ་བྱས་ཏེ་མགྱོག་པོ་བསྐྱལ་ཡོང་བ་ཡིན། ཡ་ད་མགྱོག་པོ་ཁ་ཕྱེས་དང་པར་ཅིག་ཀྱང་ཡོད་པ་འདྲ། ཁོས་བྲེལ་འཚུབ་དང་བཅས་དེ་ལྟར་བཤད་པ་དང་མོས་ཀྱང་ལག་པ་འདར་ཙམ་བྱེད་ཀྱིནརྗེ་བཙུན་མ་མཁྱེན། ཞེས་ཁ་དབྲལ་བ་ན་ཚོན་མདོག་གི་འདྲ་པར་ཅིག་ཐོག་མར་སྣང་བྱུང༌། དེ་ནི་དཔྲལ་བར་རྨ་ཁ་ཅན་གྱི་གསར་རྒོད་ཅིག་རེད།

            “ཨ་་་་སྟག་ལྷ་་་་་ཁྱོད་ཁྱོད་་་་་མོའི་མགྲིན་པ་བརྣངས་ཤིང་མིག་མཐར་མཆི་མ་དྲོན་མོ་ཞིག་འཁྱིལ།

            “འདི་ངོ་མ་ཡིན་ནམ། འཕྲིན་ལས་ངས་རྨི་ལམ་གཏོང་གི་ཡོད་པ་མིན་ནམ། མོས་ཁོའི་གདོང་ལ་བལྟས།

            “མ་རེད། ངོ་མ་རེད། ངས་ཚོད་དཔག་བྱས་པ་ནོར་མི་འདུགའཕྲིན་ལས་ཀྱང་དགའ་བའི་མཆི་མ་འབྱིན་ཀྱིན་ཡ་ད་མགྱོག་པོ་ཡི་གེ་ཀློགས་དང་

            མོས་སྟག་ལྷའི་པར་བྲང་ཁར་སྦྱར་ཞིང་མིག་ཟུང་མཆི་མས་བསྒྲིབས་ཏེ་ཡུད་ཙམ་ལ་ཡིག་འབྲུ་རྣམས་ཀྱང་འཕྲུལ་ཡིག་ལྟ་བུར་གསལ་མི་གསལ་དུ་གྱུར།

            ༄༅།།སྙིང་གི་སྲོག་རྩ་གཅིག་ཏུ་གྲུབ་པའི་སྙིང་སྡུག་མ་དཔའ་མོ་ལགས་ཀྱི་མིག་ཟུང་ཨུཏཔལ་སྔོན་པོའི་ཟིལ་བ་འཐོར་བའི་སར།

            ལྷོ་ཕྱོགས་རྒྱ་གར་དུ་གྱར་བ་ཁྱེད་ཀྱི་སྙིང་གྲོགས་སྟག་མིང་བས་བརྩེ་གདུང་མཆི་མའི་ཐིགས་པ་ཚོན་ཆུར་དྲངས་ཏེ་བྲིས་པའི་འཕྲིན།

            སྙིང་ སྡུག་མ། མ་བསམས་ལས་ཀྱིས་ཕྱེ་བའི་ཉིན་ཞག་ཕྲེང་སྐོར་གཅིག་འདི་ཅི་འདྲའི་རིང་བ་ཞིག་ཨང༌། མ་ཟད་ཕན་ཚུན་གཏམ་འཕྲིན་ཞིག་ཀྱང་བསྐུར་ཐབས་མ་འགྲིགས་པར་ལུས་པའི་སྐྱོ་ངལ་ཅི་ འདྲའི་ཐེག་དཀའ་བའི་ཁུར་ཆེན་ཞིག་མ་རེད་དམ། སྙིང་སྡུག་མ། ཁྱེད་དང་ངའི་ཕ་མ་གཉེན་ཉེ་བཅས་པས་བདག་གི་དོན་དུ་ཐུགས་ངལ་ཆེན་པོས་ཁོག་པའི་ སྙིང་ལ་ཆག་གྲུམ་དང་རེ་བའི་མིག་མདངས་ཀྱང་ཉམས་ཡོད་ཚོད། སྙིང་སྡུག་མ། ཁྱེད་ཀྱིས་ཚེ་སྲོག་གི་ལྷག་མ་ཙམ་བཟུང་ནས་ང་ལ་སྒུག་ལོས་ཡོད། ཁྱེད་ཀྱི་ཡོད་ཚད་ངའི་རྨི་ལམ་ནང་དུ་ཚོད་དཔག་བྱེད་ཐུབ། ཡིན་ཡང་བྱ་ཐབས་བྲལ། སྙིང་སྡུག་མ་ལགས། ངས་ཀྱང་ཁྱེད་རྣམས་དྲན་ནས་ཉིན་མཚན་འཁྱོལ་དཀའི་ངང་ཟས་ཀྱི་བྲོ་མི་ཚོར་ཞིང་ སྐྱིད་པའི་གཉིད་མ་ཁུག་པར་ཡོད། གལ་ཏེ། སྐྱོ་གདུང་འདིར་གཟུགས་ཤིག་གྲུབ་ན་རྨ་རྒྱལ་སྦོམ་ར་ལ་གཏོས་སྙོམས་ཤིང་རྨ་འབྲི་ རིངས་མོ་ལ་སྐོར་ཞིག་ཕོག་པའི་ཚད་དུ་ལོངས་ངེས།

            སྙིང་ སྡུག་མ་ལགས། ངས་ཁྱེད་སྙིང་ནས་འདོར་ག་ལ་ཕོད། འོན་ཀྱང༌། ངས་རང་གི་ཆེས་མདངས་ཆེན་དང་རྩ་ཆེན་དག་བཞག་ནས་མི་འདོད་བཞིན་འབྲལ་དགོས་བྱུང༌། ངས་བོད་རང་བཙན་དང་མ་འོངས་པའི་ཁྱེད་རྣམས་དང་ལྷན་འཛོམས་ཡོང་བའི་བདེ་སྐྱིད་ གསར་པ་ཞིག་གི་ཕྱིར་རང་སྲོག་རིང་བསྲིངས་ཀྱིས་འདི་ལྟར་ཁ་གྱེས་པ་ཡིན།

            དེ་ ཡང་འདི་ལྟར། ང་ཚོ་གངས་ཅན་སེང་ཕྲུག་ཚོགས་པས་རང་བཙན་གྱི་གསང་བའི་ལས་འགན་ཐེངས་དགུ་པ་དེ་ རྩོམ་ཐག་བཅད་པའི་ཉིན་མོ་དེ་རང་ལ་ཁྱེད་ཀྱི་སྙིང་ཁོང་ནས་འཕུར་བའི་བརྩེ་འཕྲིན་ དེ་འབྱོར། ཡིན་ཡང༌། ངས་དཔའ་དམ་བཞག་ཚར་བས་སྟག་ཤར་སུ་ཞིག་གཡུལ་ས་ནས་ལྡོག་གམ། མ་གཞི་ང་ཚོས་ཐོག་མ་ནས་ལས་འགུལ་འདི་རིགས་མཉམ་ལས་བྱེད་རྒྱུར་དམ་བཅས་ཡོད། གསར་བུའི་ལ་རྒྱ་དང་རྒྱལ་གཅེས་ཀྱི་སེམས་ཤུགས་གཉིས་ཀྱིས་ང་ལ་དགོངས་པ་འཁྲོལ་ ཐབས་མེད་པས་ངས་ཁྱེད་ཀྱི་སྙིང་གཏམ་འདོར་དགོས་བྱུང༌། ཡིན་ཡང༌། ངས་ཁྱེད་རང་ཡང་སྐྱུར་དགོས་པ་ཞིག་ཅི་ལྟར་དྲན།

            སྙིང་ སྡུག་མ་ལགས། ཁྱེད་ཚོས་ཐོས་ཡོད་དམ། ང་ཚོས་མཚན་མོ་དེར་ག་ས་ག་ལ་རང་བཙན་གྱི་ཡིག་ཆ་མང་པོ་སྦྱར་ནས་ཇོའི་ཁང་གི་སྒོ་ སྟེང་དུ་བོད་རྒྱལ་ཁབ་ཆེན་པོའི་སེང་དར་བཙུགས། ཕྱི་ཉིན་མི་ཚོགས་དང་སྟབས་བསྟུན་གྱིས་ཞི་བའི་སྐད་འབོད་བྱེད་ཀྱིན་སྒྲགས་ཡིག་ གཏོར་དུས་དྲག་ཆས་སྤྲས་པའི་རྒྱ་དམག་བརྒྱ་ཕྲག་ཁ་ཤས་ཐོན་ནས་དྲག་གནོན་བྱས་ཏེ་ ངའི་ལོགས་ནས་མི་ཁ་ཤས་བསད་རྨས་བྱུང༌། ཁྲོ་བའི་མེ་ལྕེ་དྲག་ཏུ་འཕྱུར་མོད་དཔའ་བོ་བླུན་པོའི་བརྟུལ་ཞགས་འཆང་མ་ནུས་ལ་ དྲག་འཐབ་ནི་ང་ཚོའི་ལམ་ཕྱོགས་ཀྱང་མ་ཡིན་པས་སྤོབས་པའི་སྟག་རྒོད་ཀྱང་གཡུལ་ས་ ནས་ཁ་བསྒྱུར་བ་ཡིན། དེ་ཡང་སྟེས་དབང་ངམ་སུ་ཞིག་གིས་སྐྱབས་པ་ལྟར་ངོ་མི་ཤེས་པའི་གཞོན་ནུ་མ་ཞིག་ གིས་ང་ཁྲིད་དེ་མི་ཚང་ཞིག་ལ་བྲོས་བསྐུངས་ཀྱིས་ཐར་སོང༌།

            ཡིན་ ནའང༌། བདེ་སྲུང་ཁང་ནས་གླ་རྔན་གྱིས་བསླུས་པའི་སྤྲང་པོའི་གསང་མྱུལ་བ་འགས་ང་ཚོའི་ ཚོགས་མི་ཁ་ཤས་ངོ་ཤེས་ཏེ་འཛིན་གྱིན་པ་སོགས་ཐོས་ཤིང་ཕྱི་ལ་ཐར་དཀའ་བའི་གནས་ སྟངས་ཛ་དྲག་འོག་གྲོས་བསྡུར་གྱིས་རྒྱ་གར་ལ་སྐྱབས་བཅོལ་དུ་འགྲོ་རྒྱུར་ཐག་བཅད་ དེ་མཚན་དེ་རང་ལ་ལམ་དུ་ཆས། གྲོང་ཁྱེར་ཕྱི་ནང་ཚང་མ་བཀག་རྒྱ་བསྡམས་པས་ཕ་མ་གཉིས་ལའང་གྱེས་མཇལ་ཞིག་བྱེད་མ་ ཐུབ་པར་གྲོགས་པོ་ཞིག་གི་ལག་ལ་ཡི་གེ་བཞག་ཡོད་མོད་རྗེས་སུ་གོ་ཐོས་ལ་ཁོ་ཡང་ ཕྱི་ཉིན་དེར་བཟུང་འདུག གཞུང་ལམ་ཚང་མ་བཀག་ནས་ཞིབ་བཤེར་བྱེད་ཀྱིན་པས་ང་ཚོས་རི་ཀླུང་མང་པོ་བརྒྱུད་དེ་ གངས་རིན་པོ་ཆེ་བརྒྱུད་ནས་ཟླ་གསུམ་ལྷག་རྗེས་རྒྱ་གར་ལ་འབྱོར།

            ྋགོང་ ས་མཆོག་གི་ཞལ་མཇལ་གསུང་ཐོས་ཏེ་རྨི་ལམ་ལྟ་བུའི་དགའ་སྣང་གསར་བ་སྐྱེས། འདིར་བཙན་བྱོལ་གཞུང་གི་སྒྲིག་འཛུགས་རྒྱ་ཆེ་ཞིང་དོན་དངོས་དམངས་གཙོའི་སྤྱི་ ཚོགས་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་ལ། དེ་བས་ཀྱང་ྋརྒྱལ་བ་རིན་པོ་ཆེའི་ལུགས་གཉིས་མཛད་འཕྲིན་གྱིས་གནམ་འོག་ཁྱབ་བཞིན་ པ་འདིས་ང་རང་ཚོར་རང་བཙན་གྱི་ཉི་མ་ཞིག་འཆར་བར་ལྷག་པར་ཡིད་ཆེས་དང་སྤོབས་པ་ སྟེར། ཟླ་ཤས་རིང་བོད་ནང་གི་གནས་ཚུལ་དྲིལ་སྒྲོག་སླད་འདི་གའི་གཞིས་ཆགས་ས་གནས་ཁག་ འགར་གཏམ་བརྗོད་འཁྲབ་སྟོན་དུ་སོང༌། ད་ལྟ་གཞུང་གི་གཟིགས་སྐྱོང་འོག་གསར་འབྱོར་སློབ་གྲྭའི་ནང་དུ་དབྱིན་ཡིག་སྦྱོང་ གིན་ཡོད། ལུས་ཁམས་འཕྲོད་བསྟེན་གང་བདེར་མཆིས་པས་ངའི་ཕྱོགས་སུ་སེམས་ཁྲལ་གཏན་ནས་བྱེད་ མི་དགོས།

            སྙིང་ སྡུག་ལགས། ང་དེ་ལྟར་ཕ་ཡུལ་དང་ཁ་གྱེས་མོད། ངའི་སེམས་པ་གངས་རིའི་རི་སུལ་དང་ཁྱེད་ཀྱི་ནུ་དབར་ན་ལུས་ཡོད། ང་ལ་ཟས་གོས་ཙམ་གྱིས་ཆོག་ག་ལ་ཤེས། མི་ཚེའི་བདེ་སྐྱིད་ནི་བརྩེ་དུང་གི་འཚོ་བ་ཡིན་པས་ང་ལ་བརྩེ་དུང་གི་མ་ཡུམ་ ཁྱེད་མེད་ས་ནས་དྭ་ཕྲུག་ཅིག་དང་གཉིས་སུ་མ་མཆིས། ཁྱེད་ཀྱི་བྲང་ངོས་སུ་ལུས་པའི་བདག་གི་གཅེས་འོས་པའི་དུང་དཀར་གཅིག་དེ་ཡང་དྲི་ མས་འབགས་ཏེ་ཡོད་ངེས། ངས་ཡང་བསྐྱར་བཀྲུ་བའི་ལས་འཕྲོ་དེ་ནམ་ཞིག དེ་དུས་ངས་ལྷ་ཡི་བདུད་རྩི་མ་རྙེད་ཀྱང་འབྲི་མོའི་འོ་མས་ལོས་བཀྲུ།

            ཀྱེ་ སྙིང་སྡུག་མ། བརྩེང་དུང་གི་གཅོང་ནད་གསོ་བའི་སྨན་པ་ནི་བརྩེ་དུང་གི་བདག་པོ་དེ་ཉིད་ལས་མེད་ པ་བདག་གིས་ད་གཟོད་རྟོགས། ཁྱེད་མ་མཇལ་བར་དུ་ངའི་བརྩེ་བའི་གདུང་ནད་འདི་ལུས་སྲིད་ལ། གལ་ཏེ་མ་མཇལ་ན་འཆི་རྐྱེན་ཡང་འདིས་བྱེད་སྲིད།

            སྙིང་ སྡུག་མ། ཁྱེད་ཀྱང་ང་བཞིན་ནད་པ་ཞིག་ཡིན་སྲིད་ལ་ངའི་ཐུ་ཞིག་ཡིན་ཡང་སྲིད། དེ་བས་རེ་ཞིག་གདུང་བའི་ཟུག་རྔུ་ཙམ་གཅོག་ཕྱིར་ཡི་གེ་འདི་དང་མཉམ་དུ་པར་གཅིག་ ཀྱང་བསྐུར་ཡོད།ངའི་ཕ་མ་དང་གྲོགས་འཕྲིན་ལས་སོགས་ཚང་མ་བདེ་མོ་ཡིན་ནམ། ཁྱེད་ཀྱིས་ངའི་ཚབ་བྱས་ཏེ་ཁོང་ཚོར་འཚམས་འདྲི་བྱེད་རོགས།

            སྙིང་ སྡུག་མ། སྙིང་གཏམ་ཚང་མ་བྲིས་ཏེ་ག་ལ་ཚར། བདག་གི་རེ་བ་ལ་ཁྱེད་ཀྱང་འདི་ཕྱོགས་སུ་ཡོང་ན་བཟང༌། དེ་མིན་ང་གཉིས་ཡུན་རིང་ངོ་ཐུག་དཀའ། གལ་ཏེ་ཡོང་རྒྱུར་ཐག་ཆོད་ན་ང་ལ་ཡི་གེ་ཐོངས་དང་ངས་ཐབས་ཤེས་བྱེད་ཆོག སྤྱིར་དེང་སྐབས་བཙན་བྱོལ་དུ་ཡོང་མཁན་མང་བས་ཡོང་རོགས་ཡོད། ཡིན་ཡང་གཟབ་གཟབ་བྱེད་དགོས། གངས་རིན་པོ་ཆེ་བསྐོར་ནས་ཡོང་ན་རྐང་ཚེགས་ལས་ཉེན་ཚབས་མི་ཆེ་མོད། ལམ་གྲོན་དང་གོན་པ་ཡག་པོ་གྲ་སྒྲིག་བྱེད་དགོས། འབྲམ་རྒྱུད་དེ་འོངས་ན་ལམ་ཁར་འཛིན་བཟུང་བྱེད་ས་མང་ཞིང་ད་དུང་འཕྲོག་བཅོམ་དང་ བཙན་གཡེམ་བྱེད་པ་སོགས་ཉེན་ཁ་མང༌། དེ་དོན་སེམས་ལ་ཟུངས། སྤོབས་པ་སྐྱེད། མྱུར་མཇལ་སྨོན་འདུན་བཅས་་་་་

            མོ་ནི་ངོ་མཚར་དང་སྤྲོ་སྐྱིད་ཀྱི་རྨི་ལམ་གང་ཞིག་གི་ཁྲོད་དུ་གཉིད་མ་ཟད་ལྟར་འཛུམ་མེར་ཧད་ཅིང་ལུས།

ངོ་ མ་དཔའ་བོ་རེད། ལས་ཅན་རེད། ྋརྒྱལ་བ་རིན་པོ་ཆེར་མཇལ། ཁོང་གི་དགོངས་དོན་སྒྲུབ་པ་འདི་ངོ་མ་སྐལ་བ་བཟང་པོ་རེད། དཔའ་མོ། སེམས་བསམ་པའི་དད་པ་མ་འགྱུར་ན། ཕྱི་ལུས་པོ་འགྱུར་ཡང་ཉེས་པ་ཆུང༌། ཞེས་པ་ལྟར་ཁྱོད་ཀྱང་སོང་ན་བཟང༌། མགྱོག་པོ་ངོ་ཐུག་ན་བཟང་གི་རེད། གང་ལྟར་ཁྱེད་གཉིས་གཅིག་མེད་ས་ནས་གཅིག་གིས་ཉི་མ་མི་འཁྱོལ་བ་དེ་ངས་ཤེས་ཡོད། འཕྲིན་ལས་ཀྱིས་རང་གི་སྙིང་གཏམ་དེ་ཐད་ཀར་ཤོར་བས་མོ་ད་གཟོད་རྨི་ལམ་དཀྲོགས་པ་ལྟར་རང་ཉིད་བཙུན་མ་ཞིག་ཡིན་པའི་འདུ་ཤེས་རྙེད།

            “ང་་་་་ད་ངས་ཅི་བྱེད། མོའི་མིག་ལས་སླར་ཡང་དྲོ་མ་འཁྱག་གི་ཆུ་ཐིགས་གཉིས་ལྷུང༌།

            “སེམས་ཁྲལ་མ་བྱེད། ང་ཚོ་ཚང་མ་འཇིག་རྟེན་འདིར་ཡོད་པས་ཐབས་ཤེས་འཐེན་ཆོག་ངས་ཁྱེད་རང་ལ་འགྲོ་རོགས་བྱེད། ང་ཡང་རྒྱ་གར་ལ་འགྲོ་འདོད་འདུག

            “ངོ་མ ཡིན་ན་ཡང༌། ང་ད་ལྟ་བཙུན་མ་ཞིག་རེད།

            གང་ ལྟར་རྒྱ་གར་ལ་སོང་ན་ཡག་གི་རེད། སྟག་ལྷས་རང་ལ་སྒུག་བསྡད་ཡོད་རེད། ཁྱེད་ཀྱིས་ལུས་ཀྱི་གཟན་གོས་འདོར་མི་ཕོད་ཀྱང་སེམས་ནས་སྟག་ལྷ་དེ་བས་ཀྱང་འདོར་ ཐུབ་ཀྱི་མ་རེད། དེ་འདྲའི་མི་ཚེ་སྐྱེལ་དགོས་བྱུང་ན་དགེ་སྡུག་གང་ཡིན་ནམ། མ་གཞི་རང་གིས་བསམ་བློ་མི་འགྱོད་པ་ཞིག་ཐོངས། འཕྲིན་ལས་ཅུང་མ་དགའ་བའམ་ཕངས་བའི་རྣམ་འགྱུར་ཞིག་དང་མཉམ་དུ་རང་གི་བསམ་ཚུལ་རྣམས་བཤད།

            ཕྱི་ རོལ་ན་ཁ་བའི་མེཏོག་ལྷབ་ལྷུབ་ཏུ་འཐོར་བཞིན་འདུག་ལ་ས་གཞི་ཚང་མ་བལ་དཀར་གྱི་ གདན་ཆེན་ཞིག་དང་གཉིས་སུ་མ་མཆིས། གྲང་ལྷགས་ཀྱི་གངས་ཁྲོད་འདིར་ཚ་དྲོད་རྒྱས་པའི་གངས་ལྷ་མེ་ཏོག་ཅིག་གིས་མགོ་བོ་ ལྕོག་ལྕོག་བྱེད། དེ་ནི་སེམས་དང་ལྡན་པའི་མེ་ཏོག་ཅིག་རེད། དེ་ནི་བརྩེ་དུང་གིས་གཡོ་བའི་མེ་ཏོག་ཅིག་རེད། དེ་ནི་བརྩེ་སེམས་གངས་ལས་དཀར་བའི་གངས་ཅན་པའི་བུ་མོ་ཞིག་རེད།

            སྟག་ ལྷས་ཡི་གེ་བཏང་ནས་ཟླ་གཅིག གཉིས། ཁོས་ཉིན་མཚན་མེད་པར་མོའི་འཕྲིན་ལན་ཁོ་ནར་ངང་སྒུག་བྱས། མ་གོམས་ཤིང་ཟས་བཅུད་ཞན་པའི་ལྡ་ལི་དང་སེམས་སྡུག་ཉིས་རྩེག་གིས་ཁོའི་སྟོབས་ཟད་ པ་མ་ཟད་གཟུགས་ཀྱང་ཐུང་དུ་སོང་བ་ལྟ་བུར་ཆགས། ཉམས་པ་མེད་པར་ལྷག་པར་གསལ་བར་མངོན་པ་ནི་དཔྲལ་བའི་རྨ་ཁ་དེ་རེད། དེ་ནི་ཁོའི་འགྱུར་མེད་བརྩེ་སེམས་ཀྱི་རང་རྟགས་ཕྱི་ལ་མངོན་བཞིན་པ་དང་འདྲ། ཁོས་ཀྱང་སྔར་དཔའ་མོས་ཁོའི་ཡི་གེ་ལ་རེ་སྒུག་བྱས་པ་ལྟར་རྒྱ་གར་ཡིག་སྐྱེལ་བ་ དེ་ཡོང་ཐེངས་རེ་ལ་ཐོག་མ་བྱས་ཏེ་ཐུག་འཕྲད་རེ་བྱས།

            ཁོས་ ཁོ་མོའི་འཕྲིན་ཡིག་བཀླགས། རྟག་པར་ཉལ་སའི་ནང་དུ་བརྩེ་དུང་གི་འཕྲིན་ཡིག་བཀླགས། མི་འུ་ཐུག་པའི་སྐབས་སུ་རྨི་ལམ་གྱིས་ཀྱང་ཀུ་རེ་དང་ཐུབ་ཚོད་གཏོང་བ་འདྲ། ཁོའི་རེ་བ་ཚིམ་པའི་འཕྲུལ་སྣང་གཅིག་ཀྱང་བྱུང་མ་སོང༌། ངོ་མ་ཁོའི་འཚོ་བ་ནི་རྨི་ལམ་དང་འདྲ་ལ་རྨི་ལམ་ནི་ཁོའི་འཚོ་བའང་ཡིན་ལོས་ཆེ།

            སླར་ ཡང་ཟླ་གཅིག་འགྱངས་སོང༌། སློབ་གྲྭའི་ཁོར་ཡུག་ལ་དཔྱིད་ཀྱི་བུ་མོའི་འཛུམ་མདངས་ངོམ་པའི་འགོ་བརྩམས། ཡིན་ཡང་སྟག་ལྷའི་རོ་མདོག་ལ་འགྱུར་བ་ཞིག་མ་ཡོང༌། ཁོའི་དཔྱིད་དཔལ་གྱི་ལྷ་མོདེ་གང་དུ་ཡོད་དམ། ནམ་ཞིག་ལ་སླེབས་བམ།

            ཉིན་ཞིག་ཕྱི་དྲོར་རང་སྦྱོང་བྱེད་སའི་རྐང་མང་ཤིང་སྡོང་དེའི་ངོར་རྨ་ཁ་ལྟ་བུའི་རི་མོ་ཞིག་བརྐོས་ཏེ་ཕྱིར་ལོག་དུས།

            “སྟག་ལྷ། ཁྱེད་་ཡི་གེ་ཞིག་ཡོད་རེད བོད་སྐད་རྡབ་རྡིབ་ཅིག་བཤད་ཤེས་པའི་རྒྱ་གར་བྱ་མ་རྟ་དེས་ཀྱང་སློབ་ཕྲུག་ལྔ་བརྒྱའི་ནང་ནས་སྟག་ལྷ་ངོ་ཤེས་འདུག

            ཁོ་ དབུགས་ཐེངས་གཅིག་གིས་རྒྱུགས་སོང་ནས་ལམ་སང་ཡིག་སྐོགས་ངོས་ལ་གཅིག་བལྟས་པས་ཕ་ ཡུལ་ནས་བཏང་བའི་མིང་མེད་ཡི་གེ་ཞིག་རེད། དཔའ་བོ་སྟག་ལྷས་ལག་པའང་འདར་མ་འདར་གྱིས་ཡིག་ཤུབས་ཀྱི་ཁ་ཕྱེས།

            ༄༅།།བདག་སྙིང་གཉིས་པ་ཕུ་བོ་སྟག་ལྷ་ལགས་ཀྱི་དྲུང་དུ།

                                                            ལས་ ཀྱི་གཞན་དབང་གིས་ཁྱེད་ཀྱི་ནུ་མོར་གྱུར་པ་སྐལ་བཟང་སྒྲོལ་མས་དགའ་སྐྱོའི་མཆི་ མ་ཕྲེང་དུ་བསྟར་ཞིང་ལག་པ་འདར་འདར་གྱིས་སེམས་ཀྱི་རི་མོ་ཡ་ཡོར་བྲིས་པ།

            སྟག་ ལྷས་དར་ཅིག་ལ་ཀློག་མཚམས་བཞག་ནས་མིག་བཙུམ་སྟེ་ལུས། ཁོའི་ཀླད་པའི་ནང་ལ་ནུ་མོ་སྐལ་བཟང་སྒྲོལ་མ་ཟེར་བ་ཞིག་གི་གྲིབ་མ་ཙམ་ཡང་མ་ཤར་ མོད་སེམས་པ་འཚབ་འཚུབ་ཁྱད་མཚར་ཞིག་ཏུ་གྱུར། ཁོས་མུ་མཐུད་དེ་བཀླགས།

            སྙིང་ གྲོགས་ལགས། ཁྱེད་ཀྱི་འཕྲིན་ཡིག་ལས་བདག་ལ་སྦྱིན་པ་ནི་གཉིས་ཏེ། གཅིག་ནི་སྙན་ངག་ལས། ཤི་བ་ཞེས་བྱ་ཕ་རོལ་ཏུ། །བདག་དང་འགྲོགས་ཕྱིར་བདག་འཆི་འདོ། །ཨ་བིནྡ་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཅི་ལྟར་ཐོབ།། ཅེས་པ་དེ་ལྟའི་ངོ་མཚར་དགའ་བ་བསྐྱེད་ཅིང་གཅིག་ནི་སྐྱོ་ཞིང་འཇིགས་པའི་སྣང་བ་ གཞན་ཞིག་སྟེ་འོག་ཏུ་འབྲི།

            སྙིང་ གྲོགས་ལགས། ཕུ་བོ་ཞེས་པའི་གུས་ཚིག་འདི་དང་ནུ་མོ་གསར་པ་འདིས་ཁྱེད་ཡུད་ཙམ་ལ་འཐོམ་དུ་ འཇུག་ཅིང་དེ་ནས་གདུང་བར་བྱེད་པ་གདོན་མི་ཟ། ཁྱེད་ཀྱི་མཚར་སྒྲུང་དེ་བཞིན་ང་ལའང་མཚར་སྒྲུང་ཐུང་ངུ་ཞིག་མེད་པ་ཅི་ལ་སྲིད། འབྲི་འདོད་མེད་པའི་སྒྲུང་འདི་ཁྱེད་ཀྱི་མདུན་ལམ་གསར་པ་ཞིག་གི་ཆེད་དུ་འབྲི་ དགོས་བྱུང༌།

            སྙིང་ གྲོགས་ལགས། དེ་དུས། ངས་ཁྱེད་ལ་ཡིག་ལན་ཕུལ་བ་ནས་བཟུང་སེམས་འདི་བདེ་ལ་གཅིག་བབས་ཡོད་མེད་སྒྲོལ་ མའི་སྐུ་འདྲ་འདིར་དྲིས་ན་གསུང་འབྱོན་ངེས། ངའི་རྨི་ལམ་དུའང་ཁྱེད་ཀྱི་ཟློས་གར་དེའི་ཟུར་ཙམ་རེ་མཐོང་བྱུང༌། འོན་ཏེ་རྨི་ལམ་གྱིས་ཀྱང་མ་རྙེད་པ་ནི་ཁྱེད་ཀྱི་རྐང་རྗེས་ཁོ་ནའོ། ད་ལྟ་བར་ངའི་རྣ་བར་ཡང་གཏམ་སྙན་ཞིག་ཡོང་མེད། དེ་དུས་ཁྱེད་ཀྱི་ཕ་རྒན་གྱིས་ལྷ་ས་ནས་ཡི་གེ་ཞིག་བཏང་བའི་ནང་ཁྱེད་རང་བསད་སོང་ ཞེས་བཀོད་འདུག ཧ་ལས་པའི་ཐོག་སྐད་དེས་ང་བརྒྱལ་ཞིང་སྨྱོ་བླ་ཅན་དུ་གྱུར་ཏེ་ཁྱེད་ཀྱི་རྗེས་ འབྲངས་ཏེ་རང་བཙན་སྐད་འབོད་བྱས་པས་ཁྲིམས་ལ་སྦྱར། བཙོན་ཁང་གི་མནར་གཅོད་ཁྲོད་ལུས་ལ་རྨ་ཁ་གསར་པ་རེ་བྱུང་མོད་སེམས་ལ་དེའི་ལྷག་ གི་གས་ཆག་མ་བྱུང༌། བྱུང་རྒྱུ་ཡང་མེད་པ་ལོས་ཡིན། རིམ་བཞིན་ངའི་དྲན་པ་ཇེ་གསལ་དུ་གྱུར་པས་ངས་སླར་ཡང་མདུན་ལམ་ལ་བསམ་གཞིགས་བཏང༌། ངའི་སེམས་ལ་གཅིག་ནི་ཁྱེད་རྗེས་འབྲང་ནས་གཤིན་རྗེར་མཇལ་རྒྱུ་དང་ཡང་ན་ལྷ་ཁང་ གི་དམ་ཚིག་སྲུང་རྒྱུ་དེ་ཡིན་བསམས།

            ཐེངས་ ཤིག་ལ་རྨི་ལམ་དུ་བུ་མོ་ཆུང་ཆུང་མེ་ཏོག་འཐུ་མཁན་ཞིག་གིས་ང་རང་ལྷ་ཁང་ཞིག་གི་ ནང་དུ་ཁྲིད་དེ་ཁྱོད་ཀྱིས་གནས་སྐབས་རིང་འདིར་མཆོད་པ་ཕུལ་ནས་བསྡད་ན་བསམ་དོན་ འགྲུབ་ཡོང་ཟེར་བ་ཞིག་རྨིས། ངའི་སེམས་ལ་དེ་ནི་རྗེ་བཙུན་སྒྲོལ་མས་ང་ལ་ལམ་སྟོན་གནང་བ་ཞིག་ལོས་ཡིན་སྙམས་ ཤིང༌། ཁྱེད་མེད་པའི་སེམས་སྡུག་གི་ཐོག་ལ་བཙོན་ཁང་གི་མནར་སྡུག ཆབ་སྲིད་ཀྱི་གནོན་ཤུགས་དང་སྤྱི་ཚོགས་ཀྱི་ཟང་ཟིང་སོགས་བསམ་དུས་ང་ནི་སྡུག་ བསྔལ་གྱི་རྒྱ་མཚོར་འཕྱན་པའི་གཡོར་གྲུ་ཆུང་ཆུང་ཞིག་ལས་མ་འདས་སྙམ། འཁོར་བའི་རང་བཞིན་ནི་སྡུག་བསྔལ་ཡིན་ཟེར་བ་ཅིས་མི་བདེན་བསམས། དེ་ལྟར་གློ་བུར་བའི་ངེས་འབྱུང་དང་རྨི་ལམ་དེ་འདྲས་ངའི་འཚོ་བའི་ཁ་ཕྱོགས་གཞན་ དུ་བསྒྱུར།

            ངའི་ སེམས་རྣལ་དུ་བབས་མོད་བཙོན་ཁང་ལས་ཐར་ཐབས་སུ་ངས་མུ་མཐུད་དེ་སྨྱོན་མའི་བརྟུལ་ ཞུགས་མ་དོར་བར་རང་ཤི་རྒྱག་རྩིས་དང་ངུ་འབོད། གཞས་གཏོང་བ་སོགས་འདྲ་མིན་བྱས་པས་ཟླ་གཅིག་ལྷག་ནས་ང་ལ་དཔའ་སྨོན་མ་ཞེས་མི་གྲལ་ ནས་ཕུད་དེ་བཙོན་ཁང་ནས་བཏོན། བཙོན་ཁང་ལས་ཐོན་པའི་ཉིན་མོ་དེ་ནས་བཟུང་ངའི་གོམ་པ་དང་པོ་དེ་སྒྲོལ་མ་ལྷ་ཁང་ གི་ཕྱོགས་སུ་སྤོས་ཤིང་དེ་ནས་བཟུང་ང་སྐལ་བཟང་སྒྲོལ་སྨྱོན་མ་ཞེས་པའི་བཙུན་མ་ གསར་པ་ཞིག་ཏུ་གྱུར།

            ཀློག་ མཚམས་འདིར་སླེབས་པ་དང་སྟག་ལྷའི་མིག་ཟུང་མཆི་མས་རབ་རིབ་ཏུ་གྱུར་ཏེ་ཡུད་ཙམ་ ཧོན་འཐོར་བ་ལྟར་ལུས། མུ་མཐུད་ཀློག་འདོད་ཀྱང་མེད་པ་ལྟར་གྱུར་མོད་ཨུ་ཚུགས་ཀྱིས་བལྟས།

            སྙིང་ གྲོགས་ལགས། འདི་ནི་བརྩེ་དུང་གིས་བསྒྱུར་བའི་ཟློས་གར་ཞིག་ཡིན་ལ་ངས་ཁྱེད་རྗེས་སུ་ཕུལ་ བའི་དགེ་རྩ་ཞིག་ཀྱང་ཡིན་བསམས། འོན་ཏེ་ཁྱེད་རང་འཇིག་རྟེན་འདིར་གསོན་པས་ན་རྟེན་འབྲེལ་དེ་དག་བཟང་ངན་གང་ཡིན་ མི་ཤེས་ཀྱང། གང་ལྟར་ངས་མི་ཚེ་འདིར་ཚུལ་ཁྲིམས་རྣམ་དག་བསྲུངས་ནས་ཆོས་གཤའ་མ་ཞིག་བྱེད་ རྒྱུའི་དམ་བཅའ་གཉིས་པ་དེ་ཕུལ་ཚར་བས། ངའི་མགོ་ལ་སླར་ཡང་ལྕང་ལོ་གཉིས་པ་ཞིག་སྐྱེ་འཇུག་མི་ཕོད་དེ་ང་ཉེས་ཀྱང་ཁྱེད་ ལའང་ལྟུང་བ་ཞིག་ག་ལ་ཕོད། དམྱལ་བའི་སྡུག་བསྔལ་ལ་བརྗེ་རེས་ཤིག་གང་ན་ཡོད། དཔོན་འདི་ལས་ཆོས་རྒྱལ་འཇིགས་སྐྲག་ཆེ། ཚེ་འདི་ལས་ཕྱི་མ་ཕུ་ཐག་རིངས། ཟེར་བ་ཡིན་པས་ངེད་གཉིས་ཀྱི་འཇིག་རྟེན་འདིའི་བྱ་བ་འདི་ནས་མཚམས་འཇོག་དགོས་ བྱུང་བས། ཁྱེད་རང་གང་དགའ་ཅི་སྐྱིད་ཀྱི་འཚོ་ལམ་གསར་པ་ཞིག་ཏུ་སྐྱོད་རོགས་གནང༌།

            མཚམས་འདིར་སྟག་ལྷའི་མིག་ཟུང་མཆི་མས་རབ་རིབ་ཏུ་གྱུར། དབུགས་རིང་ནར་ནར་ཞིག་དང་ལྷན་དུ་མུ་མཐུད་བཀླགས།

            སྙིང་ གྲོགས་ལགས། ད་ནས་བཟུང་ང་སེམས་ནས་བརྗེད་རོགས། སྙིང་སྡུག་དཔའ་མོ་དེ་བརྩེ་བའི་ནུ་མོ་ཞིག་ཏུ་བརྗེ་རོགས། ངས་ཁྱེད་ལ་ཕུ་བོ་ཞེས་འབོད་ཆོག་པ་གྱིས། འཕྲིན་ཡིག་འདིས་ཁྱེད་ཀྱི་གདུང་ནད་མི་སེལ་ཡང་བརྩེ་བའི་འཕེལ་ཁ་འགོག་ཐུབ་པའི་ རེ་བ་ཡོད། ང་ཡང་གཞན་དབང་གི་ཁོར་ཡུག་འདིར་འདུག་འདོད་མེད་པས་ྋརྒྱལ་བ་རིན་པོ་ཆེར་ལན་ གཅིག་མཇལ་ནས་ཤི་ཡང་མི་འགྱོད། ཁྱེད་རང་འཇིག་རྟེན་འདིར་གསོན་ཞིང་བདེ་ན་ངའི་སེམས་དེ་གས་ཚིམས། ཁྱེད་ཀྱི་ཕ་མ་ཚང་མ་བདེ་བོ་རེད། ཁྱེད་ཀྱི་གནས་ཚུལ་གོ་བས་དགའ་ནས་གཉིད་ཀྱང་ཁུག་གི་མི་འདུག འཕྲིན་ལས་ཀྱང་དེ་ཕྱོགས་ཡོང་གི་རེད། ངའི་ཕྱོགས་ལ་སེམས་ཁྲལ་མ་བྱེད།

            ཚེ་རིང་ནད་མེད། བདེ་སྐྱིད་ལྡན་པར་སྨོན། ཁ་བའི་མེ་ཏོག་འཐོར་བའི་ཟླ་ཚེས་ལ་བསྲིངས།

            སྟག་ལྷའི་འགྲམ་ཟུར་གཉིས་ན་ཆུ་ཐིགས་རྡོག་པོའི་ཕྲེང་བ་ཞིག

 

            “ཏིང་ཏིང་ཏིང་་་་་་་དགོང་ ཟས་ཟ་བའི་བརྡ་བཏང་བ་དང་སློབ་མ་ཚོས་ལྕགས་ཕོར་ཆེན་པོ་རེ་བཟུང་ནས་འུར་ཆིལ་ལེར་ ཟ་ཁང་གི་སྐོར་འདུས། སྟག་ལྷས་མིག་ཆུ་འབྱིད་ཀྱིན་ཁ་ཕྱིར་འཁོར་ནས་རྐང་མང་ཤིང་སྡོང་གི་ཕྱོགས་སུ་ གོམ་པ་ལྗིད་ཏིག་ཏིག་རེ་སྤོ་བཞིན་མགོ་བོ་འཕྲེད་གཡུག་རེ་བྱེད།

            (ངོ་མ་ཁོ་གཉིས་ལ་གཟུགས་མེད་བརྩེ་དུང་གི་ཐུག་འཕྲད་འདི་ཙམ་ལས་མེད་པ་ཡིན་ནམ། ཁྱེད་ཀྱིས་ཚོད་དཔག་ཅིག་གྱིས་དང༌། མི་ཤེས་ན་མུ་མཐུད་ཀློགས།)

 

ནྱགྲོ་དྷའི་རྨ་ཁ་ལས་ཟགས་པའི་ཟུངས་ཁྲག་ལྗང་ཁུ།

 

            ཁུ་ བྱུག་སྔོན་མོའི་གསུང་སྐད་ལྷང་ལྷང་གྲགས་ཤིང་ལྗོན་པའི་ཡལ་འདབ་སྔོ་ལྗང་ལྗང། འདི་ནི་དབྱར་འགོ་མའི་དུས་ཤིག་རེད། ལྕུག་ཕྲན་བརྒྱ་ཡི་རལ་བ་ཅན་གྱི་ཡལ་ག་མང་པོ་ཕྱོགས་སུ་བརྐྱངས་པའི་གྲིབ་བསིལ་ ཡངས་པའི་སྡོང་ཆེན་ཞིག་གི་འོག་ཏུ། གཞོན་ནུ་མ་ཞིག་གིས་ལྟེབ་གྲི་ཆུང་ངུ་ཞིག་བཟུང་ནས་ཤིང་སྡོང་ལ་རྨ་ཁ་བཟོ་གིན་ འདུག ད་དུང་རྨ་ཁ་རྙིང་པའི་རི་མོ་ཆེས་མངོན་གསལ་ཅན་ཞིག་ཡོད་པ་ནི། དཔའཞེས་པའི་མིང་ཡིག་དེ་དང་ད་དུང་དབྱིན་ཡིག་གསལ་ལ་མི་གསལ་བ་གང་མང་ཞིག་འདུག སྟག་ལྷའདི་ ནི་མོས་རྐོ་བཞིན་པའི་རྨ་ཁ་གསར་པ་དེ་རེད། མོའི་གདོང་ན་བརླན་གཤེར་གྱི་ཐིགས་པ་མང་པོ་འཐོར་བ་དེ་དབྱར་གྱི་ཚ་བའི་གདུང་ བའི་རྔུལ་ཆུའམ་མཆི་མའི་ཆུ་རྡུལ་གང་ཡིན་དབྱེ་འབྱེད་དཀའ།

            མོ་ ནི་སྐལ་བཟང་སྒྲོལ་མ་རེད། ང་ཚོའི་མཐོང་སྣང་ལ་མོ་ཅུང་འགྱུར་འདུག མོའི་ངུར་སྨྲིག་གི་ན་བཟའི་ཁ་དོག་འགྱུར་ཞིང་ཕུ་ཐུང་ཡང་ཐོགས་འདུག དེ་ནི་དེང་རབས་ཅན་གྱི་གྲྭ་གསར་དག་གི་རྣམ་པ་དེ་འདྲའང་ཡིན་སྲིད་པས་མཚར་དགོས་ དོན་ཅི། སྟག་ལྷརྐོས་རིས་འདི་མོའི་བརྩེ་དུང་གི་གཟུགས་རིས་ཡིན་ལ། དཔའ་མོདེ་ཡང་ཅིག་ཤོས་ཀྱི་སྙིང་གི་རང་གཟུགས་ཕབ་པ་ལོས་ཡིན། རེད། ང་ཁྱེད་ལ་དུངས ཞེས་པའི་དབྱིན་ཡིག་མང་པོ་དེ་ནི་དེའི་འགྲེལ་བརྗོད་ཀྱི་སྡོམ་ཚིག་ཅིག་གོ།

            མོ་ གསར་འབྱོར་སློབ་གྲྭའི་ནང་ཞུགས་ཡོད་པ་འདི་སློབ་སྦྱོང་གི་ཆེད་དུའོ་ཞེས་བཤད་ ཆོག་མོད། རྟག་པར་ཤིང་སྡོང་འདིའི་རྩར་འོངས་དོན་ནི་རང་སྦྱོང་དང་ཚ་གདུང་སེལ་བའི་ཆེད་ཙམ་ ག་ལ་ཡིན། གལ་ཏེ་ཡིན་ན། མོས་རྔུལ་ཆུ་དང་མིག་ཆུ་སྡེབ་ཀྱིན་ཡི་གེ་རྐོ་དོན་ཅི། ཡིན་ཡང་མོ་འགྱུར་མི་འདུག ཡར་སོང་ན། སྟག་ལྷ་གང་དུ་ཕྱིན། མར་སོང་ན། སྟག་ལྷ་ཤེས་ཨེ་ཤེས མོས་ ཁོ་རང་ཁོ་ན་འཚོལ། ཡིན་ཡང་ཁོའི་གྲིབ་རྗེས་ཙམ་ཡང་རྩར་མ་ཆོད། ཚ་གདུག་ཆེ་བའི་དབྱར་ཁྲོད་དུ་མོའི་སྤྲོ་སེམས་དང་རེ་བའི་མེ་སྟག་ལ་ཁ་བའི་འདབ་ མ་འཐོར།

            དེ་ནས་སྟག་ལྷའི་སློབ་གྲོགས་དོན་གྲུབ་ཀྱིས་རོགས་པ་བྱས་ཏེ། <<ཤེས་བྱ>>གསར་ དེབ་ངོས་ལ་མི་སྣ་རྩད་གཅོད་ཀྱི་ཡི་གེ་ཞིག་བྲིས་ཏེ་ཟླ་བ་གཅིག་ཙམ་སྒུག་པའི་ ཉིན་ཞིག་གི་ཕྱི་དྲོ་མོ་ལ་ཡི་གེ་ཞིག་འབྱོར་བས་དགའ་ཚོར་ཆེན་པོས་ཁ་བྱང་ལ་གཅིག་ བལྟས་ཚེ། སྟག་ལྷ་ཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་ཁོ་ན་གསལ་ལེར་མཐོང༌། མོས་འཕྲིན་ཡིག་བྲང་ཁར་སྦྱར་ཏེ་དབུགས་ཐེངས་གཅིག་གིས་རྨ་ཁ་བཏོད་པའི་ཤིང་སྡོང་ རྩར་རྒྱུགས། སྟག་ལྷརྨ་ཁའི་རི་མོ་དེ་ཡང་མོའི་མིག་ལ་སྟག་ལྷའི་གཟུགས་བརྙན་བཞིན་མངོན། མོའི་ནུ་བར་ན་སྙིང་གི་འཕར་རྩ་ལྷོག་ལྷོག་འགུལ། ཅི་ཞིག་གི་ལྟས་ཡིན་ནམ།

            “དཀོན་མཆོག་མཁྱེན་ཡི་གེ་འདིའི་ནང་ཅི་ཞིག་བྲིས་ཡོད་དམ།མོས་ཆིག་ལབ་ཅིག་དང་དངངས་འཚབ་ཅིག་མཉམ་དུ་ཁ་ཕྱེས།

            ༄༅།།སྙིང་ནས་བརྩེ་བའི་ནུ་མོ་སྐལ་བཟང་སྒྲོལ་མ་ལགས་ཀྱི་དྲུང་དུ།

                                                                                    ཁྱེད་ཀྱི་ཕུ་བོས་རྩད་གཅོད་ཡི་གེ་མཐོང་འཕྲལ་རབ་དགས་འཕྲིན་ཡིག་འདི་སྤྲིངས།

            ནུ་ མོ་ལགས། ལམ་བར་དུ་དཀའ་ཉེན་འཕྲད་ཡོད་དམ། ག་དུས་སླེབས། ལང་ཚོའི་གུར་གུམ་ལ་ཉེར་འཚེ་སད་ཀྱིས་མ་གོས་པར་ཚུལ་ཁྲིམས་དྲི་ངད་འཐུལ་བཞིན་ འཚོ་བའི་འཚམས་ཞུ། ཁྱེད་རང་དགོན་པར་མི་འགྲོ་བར་སློབ་གྲྭར་སྐྱོད་དོན་ཅི། དབྱིན་ཡིག་སློབ་འདོད་ཡིན་ནམ།

            ནུ་ མོ་ལགས། ཁྱེད་ཀྱིས་ཕ་ཡུལ་ནས་བསྐུར་བའི་འཕྲིན་ཡིག་དེས་ངའི་སྐྱོ་སྣང་གི་མེ་ལྕེ་ལ་བློ་ ཕམ་གྱི་བུད་ཤིང་བསྣན་ཞིང༌། ངའི་བརྩེ་དུང་གི་ཟིལ་ཞུགས་མནན་ཏེ་རྨ་ཁ་བཟོས། ངའི་བརྩེ་བས་ཀྱང་མགོ་སྨད་དེ་མ་ཤི་བར་གསོན་ཤུགས་ཀྱི་གཤོག་པ་བརྐྱངས་ཏེ་ཧི་མ་ ལ་ཡི་ཡང་རྩེར་འཕུར། ཁྱེད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱས། ཁྱེད་ཀྱིས་ངའི་དོན་དུ་འཁྲབ་པའི་ཟློས་གར་སྐྱོ་བོ་དེ་དག་ཡིག་ཕྲེང་ནས་སེམས་པ་ བརྒྱུད་དེ་ཡང་དང་ཡང་དུ་ངའི་མིག་ལམ་དུ་ཡོངས་སུ་མངོན་བྱུང༌། ཡིན་ཡང༌། ངས་བྱེད་དཀའ་བ་དང་བྱེད་མི་ཤེས་པ་ནི། ཁྱེད་རང་འོངས་ན་བསུ་བ་ཇི་ལྟར་བྱེད་རྒྱུ་དེ་རེད། ངས་ཡུན་རིང་ལ་བསམ་གཞིགས་ཀྱི་དབུགས་རིང་འབྱིན། ཆོ་འཕྲུལ་གྱི་རྨི་ལམ་རྨིས། བརྩེ་དུང་ཁོ་ནས་ཡོད་ཚད་ལ་ཁ་ལོ་བསྒྱུར། ངའི་སྐྲ་ལོ་རྩ་ནས་བྲེགས། གྱོན་པའི་ཕུ་ཐུང་བཅད། ངས་ང་རང་འཇིག་རྟེན་ཁྱིམ་ནས་རྒྱང་ཕུད་བཏང༌། ལྷོ་ཕྱོགས་རྒྱ་མཚོའི་ཁ་རུ་བསྐྲད།

            ནུ་ མོ་ལགས། ཁྱེད་ཀྱིས་ལན་བུ་གསར་པའི་རྒྱན་ཆ་འཇོག་མི་ཕོད་པ་བཞིན་ངས་ཀྱང་ཁྱེད་ཀྱི་ན་བཟའ་ བཤུ་འདོད་ཀྱང་ག་ལ་རུང༌། ཁྱེད་ཀྱིས་བདག་རྗེས་འབྲངས་ཏེ་སྐད་འབོད་དང་བརྩེ་དུང་གི་དམ་ཚིག་བསྲུངས་པ་ལྟར་ ངས་ཀྱང་ཁྱེད་རྗེས་དེད་དེ་བརྩེ་དུང་གི་རིན་ཐང་འཇལ་ཕྱིར་དང༌། ཁྱེད་ཀྱི་འཚོ་འདུན་གསར་པར་རེ་སྤོབས་དང་སྤྲོ་སྐྱིད་ཀྱི་དྲོད་སྣང་ཙམ་སྦྱིན་ སླད། ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ལྟར་ལྷ་ཁང་གི་དམ་ཚིག་བསྲུངས་པ་ལགས།

            ནུ་མོ་ལགས། བདག་གི་བརྩེ་བའི་ངུར་སྨྲིག་གི་ནུ་མོ་ལགས། ཁྱེད་ལའང་ངུར་སྨྲིག་གི་ཕུ་བོ་ཞིག་ཡོད་དེ། དེ་ནི་སྐལ་བཟང་ཚུལ་ཁྲིམས་བདག་གོ།

            མོས་ ཀློག་མཚམས་ཆད་སོང༌། བཤད་མི་ཤེས་པའི་ཚོར་བ་ཞིག་གིས་མོའི་ལུས་སེམས་ཐམས་ཅད་ཡོངས་སུ་སྦྲིད་ཅིང་ སྡོང་བོར་རྒྱབ་བསྙེས་ཀྱིས་འགྱེལ་མ་ཙོག་ཏུ་བསྡད། ག་ལེ་ག་ལེར་མོའི་མིག་ཟུང་ལས་ཆུ་མིག་བརྡོལ། བཞུར་སོང༌། ཤག་སྒྲ་མེད་པའི་ཆུ་ཕྲན་ཞིག་སྣ་འགྲམ་གཉིས་བརྒྱུད་དེ་ནུ་བར་དུ་བཞུར་སོང༌། ཅི་ཞིག་དྲན་པ་དང་ཅི་ཞིག་བསམ་པ་མི་ཤེས་འགུལ་ཙམ་ཡང་མེད་པར་ཡུན་རིང་ལུས།

            འོན་ ཏེ། རྒྱ་གར་འཕགས་པའི་ནམ་ཟླས་བོད་ཀྱི་གནམ་གཤིས་བཞིན་སྐྱོ་གདུང་གིས་གཟིར་བའི་མི་ ལ་སྐྱོ་རོགས་དང་ཡང་ན་ལྷག་པར་གདུང་བ་སྦྱིན་པ་སོགས་མི་བྱེད་དེ། ས་གཞི་སྔོ་ཐིང་ཐིང་སྣུམ་བག་ལྡན་ཞིང༌། ནམ་མཁའ་སྔོ་ཐིང་ཐིང་དྲི་མ་བྲལ། ད་དུང་མཚམས་སྤྲིན་དམར་སེར་སེར་བཀྲག་མདངས་བཀྲ།

            ངེས་ འབྱུང་གིས་བཙོས་པའི་ཆོས་གོས་ནི་མཚམས་སྤྲིན་ཡིན་ན། འདོད་གྱིས་བསྒྱུར་བའི་རེ་ལྡེ་ནི་སྤྲིན་ནག་ཡིན། ཡིན་ཡང༌། བརྩེ་དུང་གིས་བཙོས་པའི་ན་བཟའ་ནི་གང་ལའང་མི་གཏོགས་པའི་ཚོས་གཞི་གསར་པ་ཞིག་ སྟེ། སྔོ་བསངས་ཀྱི་ནམ་མཁའ་དང་དཀར་གསལ་གྱི་གངས་རི་བསྡེབས་པ་ཞིག་གོ།

 

            སྐལ་ བཟང་ཚུལ་ཁྲིམས་ཀྱིས་ཆོས་གོས་བནབས་ཏེ་ཆོས་སློབ་ཀྱི་མི་འདུག་ཅེས་སུས་སྨྲ་ནུས། ཞོགས་ཀའི་ཚོགས་འཚོགས་ས་དང་ཕྱི་དྲོའི་ཆོས་རྩོད་རྒྱག་ས་གང་ནའང་གྲྭ་པ་དམངས་ ཀྱིས་ཅི་བྱེད་ས་ན་ཁོ་ཡང་མེད་དུས་མེད། འོན་ཀྱང་ཁོའི་ནང་ན་སུས་ཀྱང་མི་རྟོགས་པའི་རྟོག་པ་གཞན་ཞིག་ཡོད་པ་ནི། སྒོམ་པའི་བླ་མའི་ཞལ་རས། ཡིད་ལ་འཆར་རྒྱུ་མི་འདུག མ་སྒོམ་བྱམས་པའི་ཞལ་རས། ཡིད་ལ་ཝ་ལེ་ཝ་ལེ། ཞེས་པ་ལྟར་ཁོས་ལྷུང་བཟེད་ནང་ཆབ་བཞེས་དུས་དཔའ་མོའི་ཞལ་རས་ཤར་ཡོང་ལ། གླེགས་བམ་གྱི་ཁ་ཕྱེ་དུས་ཀྱང་ཁོ་མོའི་བརྩེ་འཕྲིན་མཐོང་ཡོང༌། ཐ་ན་མནལ་ལམ་དུའང་ཁོ་མོའི་ནུ་མར་ཕུར་ཕུར་བྱེད།

            ཉིན་ཞིག་བྱ་རོག་གིས་མར་རྡོག་རྒྱང་དུ་ཁུར་ནས་ཟ་བ་བཞིན་ཁོས་ཀྱང་འཕྲིན་ཡིག་ཅིག་ཐག་རིང་གི་ལྗོན་རྩ་ཞིག་ལ་ཁྱེར་ནས་བཀླགས་པ།

            ༄༅།།མཛའ་སེམས་གསེར་གྱི་ཟླ་བ་འཕེལ་ནས་གང་བ་མེད་པའི་ཕུ་བོ་ལགས་སུ།

            གང་ ཁྱེད་སོར་རྩེ་ལས་འཕུར་བའི་བརྩེ་འཕྲིན་ཁུ་བྱུག་སྔོན་མོའི་གླུ་གསར་གྱིས་ཁོ་ མོའི་རྣ་ལ་ངོ་མཚར་གསར་པའི་བདུད་རྩི་བསྒྲུབས། ཡིད་འགུལ་ཞིང་ལུས་ཀྱང་འདར། ངེད་གཉིས་བརྩེ་དུང་གི་གཟུགས་བོང་ལ་ཆེ་ཆུང་ཞིག་ཡོད་པ་སུ་ཡིས་མཁྱེན། གལ་ཏེ་གཞན་དབང་གི་གདུང་གྱེས་སམ་ལས་དབང་གི་བརྙས་བཅོས་འདི་འདྲ་ཞིག་བྱས་མེད་ན་ མཚོ་ལས་ཟབ་ཅིང་དགུ་ཚིགས་ལས་རིངས་པའི་བརྩེ་སེམས་ཀྱི་གཏིང་ཚད་འདི་ཅི་ལྟར་དཔོག

            ཕུ་བོ་ལགས། ང་འདིར་འབྱོར་བ་ནས་ཁྱེད་རང་ཁོ་ན་བཙལ། ངས་རྙེད་པ་ནིདཔའ་མོཞེས་ པའི་ལྗོན་པ་རལ་ཁུར་ཅན་དེའོ། ལྗོན་པ་དེས་ང་ལ་ཁྱེད་ཀྱི་སྙིང་གཏམ་བརྗོད་བྱུང༌། ཡིན་ན་ཡང༌། ཁྱེད་ཀྱི་གསང་བའི་མཛད་པ་དེའི་ཆ་ཙམ་ཡང་གླེང་མ་སོང༌། ངས་ཀྱང་ལྗོན་པ་དེར་ཁྱེད་ཀྱི་མིང་ཡིག་བརྐོས་ཏེ་གསང་གཏམ་མང་པོ་ཞིག་སྨྲས་ཡོད། ད་དུང་རྐོ་གིན་ཡོད་ལ་རྨ་ཁ་དེ་གཏན་ནས་རྙིང་དུ་འཇུག་འདོད་མེད། འོན་ཏེ་འདི་ནི་ངའི་ཉེས་པ་ཞིག་ཡིན་པ་དེ་རིང་གཞི་ནས་ཤེས། ང་ནི་ངོ་མ་སྐྱེ་དམན་ཞིག་རེད། ང་ལ་འཇིག་རྟེན་འདིར་རེ་སྙེག་གི་འཚོ་ལམ་ཞིག་མེད་པ་འདྲ། ཕུ་བོ་ཡ། ཁྱེད་རང་ངོ་མཚར་ལ། ང་ལའང་ཡ་མཚན་པའི་སྒྲུང་ཐུངས་གཉིས་པ་ཞིག་ཡོད། འོན་ཀྱང་ངས་ཁྱེད་ལ་སྒྲུང་འདི་འབྲི་འོས་མིན་ད་དུང་བསམ་བློ་ཞིག་གཏོང་དགོས།

            མོས་ སེམས་ལ་གལ་ཏེ་མོ་རང་ད་ལྟ་བཙུན་མ་ཞིག་མིན་ཚུལ་བཤད་ན་སྟག་ལྷ་ཡང་སྐྱ་སར་བབས་ མི་ཡོང་སྙམ་ནས་འཚེར་སྣང་ཆེ་ལ། མ་བཤད་ན་ཡང་སྙིང་གི་ན་ཚ་ཞིག་ཡིན་པས་དྲག་ཐབས་དཀའ། དེ་བས་མོ་ཡུན་རིང་ཞིང་ཞིག་ལ་ཐག་གཅོད་དཀའ་བའི་འདང་རྒྱག་ཅིག་གི་ནང་ལ་ལྷུང། མོས་དེ་ཉིན་ཡིག་ལན་དེ་ཙམ་ལས་མ་བྲིས།

            སྟག་ ལྷས་སླར་ཡང་མོའི་གནས་བབ་ཤེས་འདོད་ཀྱི་འཕྲིན་ལན་གཉིས་པ་འབྱོར། གལ་ཏེ་མ་བཤད་ན་ཁོ་རང་དངོས་སུ་མོ་ལ་ཐུག་གི་ཡོང་རྒྱུ་ཡིན་ཚུལ་ཐག་བཅད་འདུག དེས་ན་མོས་སྐྱོ་བའི་ཟློས་གར་དེ་མི་འབྲི་རང་དབང་མེད་པར་གྱུར།

 

ལམ་བར་གྱི་ཆག་སྒོ



(ཕུ་བོ་ཁོ་ནར་བྲིས་པའི་དངོས་སྒྲུང)

 

            སྟག་ལྷ་ལ་ཡང་བསྐྱར་འབྱོར་བ་ནི་གོང་གསལ་ཁ་བྱང་ཅན་གྱི་སྒྲུང་ཐུངས་ཤིག སྟག་ལྷ་སླར་ཡང་རྒྱང་རིང་དུ་སོང་ནས་སེམས་རྩེ་གཅིག་གིས་བཀླགས།

            ངས་ ཁྱེད་ལ་ཡི་གེ་དེ་བཏང་རྗེས་ཕ་མ་གཉིས་ལ་ང་གནས་སྐོར་ལ་འགྲོ་རྒྱུ་ཞེས་འཕྲིན་ལས་ ངེད་གཉིས་གསང་བྲོས་ཀྱིས་ལྷ་སར་ཡོང༌། དེ་ནས་ལམ་གྲོགས་ཇོ་མོ་གསུམ་དང་འཕྲད། ང་ཚོ་ཡོང་ཁར་ཡང་ཁྱེད་ལ་མིག་དཔེ་བལྟས་ཏེ་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ ནས་མཚན་མོ་དེར་བོད་རང་བཙན་སྐོར་གྱི་བདེན་ཚིག་སྦྱར་ཡིག་འགའ་སྦྱར། གློག་བརྙན་ཁང་གི་མདུན་ལ་ཆེས་ཐ་མའི་ཡི་གེ་དེ་སྦྱོར་སྐབས།

            “ག་རེ་བྱེད་ཀྱིན་ཡོད། གློ་བུར་དུ་ཞེད་སྣང་སྐྱེ་བའི་སྐད་ཅོར་ཞིག་བརྒྱབ་པས་ང་ཚོ་འབྲོ་གྲབས་བྱས།

            “སུ་ཡིན། སྡོད། འགུལ་ན་མེ་མདའ་རྒྱག་གི་ཡིན། རྒྱ་ སྐད་ཀྱིས་དེ་ལྟར་འཇིགས་སྐུལ་བྱེད་ཀྱིན་རྒྱ་ཆས་ཕལ་བ་སྤྲས་པའི་ཕོ་གསར་དཀྲུམ་ མདའ་བཟུང་བ་གཉིས་དང་གློག་དབྱུག་ཐོགས་པ་གཉིས་བཅས་རྒྱུགས་ཡོང་ནས་ང་ཚོ་འཛིན་ བཟུང་བྱས། དེ་ནི་ངའི་སྡུག་སྐད་འདོན་དགོས་པ་དེ་མ་རེད།

            ང་ཚོ་ཁྲིད་དེ་ཁང་སྟོང་ཆེན་པོ་ཞིག་གི་ནང་དུ་བསླེབས། དེ་དུས་ནམ་གུང་ཡོལ་ཙམ་ཞིག་རེད། ཁྱོད་ཚོ་གང་ནས་ཡོང་བ་ཡིན། དགོན་པ་གང་གི་ཡིན། ལོག་སྤྱོད་པ་ཚོགློག་དབྱུག་བཟུང་བ་ཞིག་གིས་བོད་སྐད་ཀྱིས་དེ་ལྟར་དྲིས།

            “སྙིང་རྗེ་བོ་འདུག ཁ་མ་ཕྱེ་བའི་མེ་ཏོག་བཞིནཕོ་གསར་རྒྱ་མི་ཞིག་གིས་རྒྱ་སྐད་ཀྱིས། སྤྱིར་ ཁྱོད་ཚོ་ཁྲིམས་ཁང་ལ་སྤྲད་དེ་གློག་དབྱུག་དང་གཉེན་སྒྲིག་བྱེད་དུ་འཇུག་དགོས་ མོད། རང་ལ་རྣམ་པ་མཛེས་པའི་ཐོག་རྐུབ་ཀྱང་གཙང་མ་ཡོད་མདོག་ཁ་བོ་འདུག ཧ་ཧ་ཧ་་་་་གལ་ཏེ་་་་ངའི་ཁ་ལ་ཉན་ན་ཞེད་སྣང་སྐྱེ་མི་དགོས། དོ་ནུབ་བཏང་ཆོག ཅེས་ ངའི་མ་ནེ་ནས་ཡར་འདེགས་བཞིན་འོ་ཞིག་བྱེད་གྲབས་བྱས་པ་དང༌། ང་ལ་འཇིགས་སྣང་དང་བཅས་པའི་ཁོང་ཁྲོ་ཞིག་སྐྱེས་ཏེ་ཁོའི་གདོང་ལ་མཆིལ་ཞགས་གཅིག་ བཏབ་བས། ཐག ཐག ཆེས་བྱང་ཆ་ལྡན་པའི་གཞུ་སྟངས་ཞིག་སྟེ་ལག་གཡས་པའི་ཕྱི་ནང་གིས་ངའི་འགྲམ་ངོས་གཉིས་ལ་ཚ་ལམ་ལམ་རེ་གཞུས།

            “དེ་འདྲ་མ་བྱེད་རོགས། ཁོ་ཚོ་བཙུན་མ་རེད། འཕྲིན་ལས་ཀྱིས་རྒྱ་སྐད་ཀྱིས་ཞུ་བ་བྱས།

            “ཧིན། ཁ་ཚུམས། ག་རེ་མ་བྱེད་་་ཨ་་་ ཅེས་གློག་དབྱུག་དེས་གཅིག་གཞུས་པས་འཕྲིན་ལས་ས་ལ་འགྱེལ་ལ་ཁད་ཅིག་བྱས།

            “ཁོ་ཁྱུགས་ལ་ཕྱིར་ཁྲིད། འཕྲིན་ལས་བཀྱིགས་ཏེ་ཁང་པའི་རྒྱབ་ལོགས་ཤིག་ལ་བཞག་སོང༌།

            “དཔའ་ མོ་ཞིག་འདུག ཁྱོད་རང་ཚོ་གདམ་ག་མ་ནོར་ན་བཟང༌། གློག་དབྱུག་གི་ན་ཟུག་དང་ཤ་དབྱུག་གི་བདེ་བ་གཉིས་ཧ་མི་གོའམ་ཞེས་ངའི་ནུ་མའི་ ཐོགས་ལ་གཅིག་བཙུགས་པས་དབང་པོ་ཡང་འཆོར་གྲབས་ཤིག་བྱས་ཏེ་ང་སར་འགྱེལ་སོང།

            ངས་རང་གི་འདུལ་ཁྲིམས་འཆོར་བ་ལས་བཙོན་ལ་སྦྱར་ཡང་རུང་བསམས་ཏེ་སྐད་ཆེན་པོས། བཙན་གཡེམ་བྱས་སོང༌། སྲོག་སྐྱོབས། ཞེས་སྐད་བརྒྱབ་པ་དང་བཙུན་མ་གཞན་པ་ཚོས་ཀྱང་དེ་ལྟར་སྐད་བརྒྱས་སོང་བས་དེ་མ་ཐག་ང་ཚོའི་ཁ་བཀག་ནས་ཁ་ནང་ལ་རས་བརྫངས།

            “དགོངས་དག ང་བོད་ཀྱི་སྤྲང་འཁྱམ་ཞིག་ལའང་སྤྱི་བདེ་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་བགོ་སྐལ་བཟང་པོ་འདི་འདྲ་ཡང་ཐོབ་པ་རེད། བོད་པ་ཕོ་གསར་དེས་ཀྱང་དེ་ལྟར་བཤད་ཀྱིན་རོགས་པ་ཇོ་མོ་ཞིག་གི་ན་བཟའ་བཤུས།

            ཁོ་ ཚོ་རེ་རེས་ང་ཚོ་བཙུན་མ་རེ་རེ་ཁང་པའི་གྲུ་ཟུར་རེ་ལ་བཀར་ནས་ནམས་མ་ལངས་པར་རེས་ བྱས་ཏེ་ཤ་དབྱུག་གིས་ཐེངས་མང་བསྣུན་ཏེ། ཁོ་ཚོའི་རྩ་ཁྲིམས་བཤིག་པ་མ་ཟད། ང་ཚོའི་ཆོས་ཁྲིམས་ཀྱང་ཡོངས་སུ་བཤིག སྐྱ་རེངས་ཤར་བ་དང་ང་ཚོ་བཏང་ནས་འཕྲིན་ལས་ཁྲིད་སོང༌།

            ཕུ་ བོ་ལགས། ཁ་གང་ལ་བལྟས་ན་བཀྲ་མི་ཤིས། རྐུབ་གང་ལ་བཞག་ན་རྩྭ་མི་སྐྱེ། ཟེར་བ་དེ་ང་འདྲ་ཡིན་ངེས། ང་ངུས། ང་ཚོ་ཚང་མ་མགོ་གཏུགས་ཏེ་ཡུན་རིང་ངུས། ངས་རང་སྲོག་གཅོད་དགོས་སྙམ། ཡང་ཡང་མནོ་བསམ་བཏང༌། ངའི་ཡིད་ལ་སླར་ཡང་ཁྱེད་རང་འཁོར། ཁྱེད་རང་འཇིག་རྟེན་འདིར་ཡོད་ཕྱིར་ང་ཡང་འཇིག་རྟེན་འདི་ལས་ལམ་སང་འབྲལ་མ་ཕོད། སྡུག་ཐག་སྟུང་བའི་བློ་དང་སྐྱིད་ཐག་སྲིང་བའི་ཐབས་དགོས་ཞེས་པའི་སྲིད་པ་རྒན་ པོས་བསླབ་བྱ་འདིས་ངའི་བློ་སྟོབས་གསོས། ཚེ་སྲོག་རིལ་མ་ཙམ་ལ་རེ་བཞག་མེ་སྟག་ཙམ་བཟུང་ནས་ང་ལམ་དུ་ཆས། ཁྱེད་ཀྱི་རྐང་རྗེས་བཙལ།

            ང་ རྒྱ་གར་ལ་འབྱོར་རྗེས་ལམ་སང་ཁྱེད་རང་ཡོད་སའི་སློབ་གྲྭར་ཡོང་བ་ཡིན། ངས་ཁྱེད་རང་གར་སོང་གི་རྗེས་མགོ་མ་ནོན་ཡང། རྐང་མང་ཤིང་གི་རྩ་ནས་ཁྱེད་ཀྱི་བརྩེ་དུང་གི་རྣམ་ཤེས་དང་སླར་ཡང་མཇལ། ཡིན་ཡང་ཁྱེད་ཀྱི་འཕྲིན་ཡིག་དེས་ང་ལ་ཧ་ལས་པའི་རྨི་ལམ་མངོན་སུམ་བསྟན། ངས་ཁྱེད་ཀྱིས་ལྷ་ཁང་གི་དམ་ཚིག་བསྲུང་རྒྱུར་རེ་བ་བྱས་མེད་ལ་ཡིད་ཀྱི་ཟུར་ལའང་ མ་དྲན། རྗེ་བཙུན་མ་མཁྱེན། ངས་ཁྱེད་ཀྱི་མི་ཚེ་ལ་ཕན་གནོད་གང་ཞིག་བསྐྱེལ་ཡོད་དམ།

            ཕུ་ བོ་ལགས། ང་འདི་ལྟར་གྱུར་ཀྱང་ངའི་ངོས་ནས་ཁྱེད་རང་གི་བརྟུལ་ཞུགས་དེར་ཡི་རངས་ཞུ། ངའི་ཕྱི་ལུས་དེ་ལྟར་རུལ་སོང་མོད་ནང་སེམས་གཙང་མ་ཡིན། ཡིན་ཡང༌། སྐལ་བཟང་སྒྲོལ་མ་ཞེས་པའི་སྐལ་བཟང་དེ་ཁ་ཡག་ཙམ་རེད་ལ་སྒྲོལ་མའི་བྱིན་རླབས་ ཤིག་ཀྱང་ལུས་འདིར་མི་ཞུགས་པ་འདྲ། འདི་ནི་ཚེ་སྔོན་ལས་ཀྱི་ཆད་པ་ཞིག་ཀྱང་ཡིན་སྲིད།

            ཕུ་ བོ་ལགས། སྐལ་བཟང་ཚུལ་ཁྲིམས་ཞེས་པའི་སྐལ་བཟང་ཆོས་ལ་ལོངས་སྤྱོད་ཅིང་ཚུལ་ཁྲིམས་ངུར་ སྨྲིག་གོས་ལ་འགྱུར་བ་མེད་པར་བཞུགས་རོགས་གནང༌། འདི་ནི་ངའི་འུ་ཐུག་གི་རེ་བ་ཞིག་དང་བཅོས་མིན་གྱི་སྙིང་གཏམ་ཞིག་ཀྱང་ཡིན། དེ་རིང་ནས་བཟུང་ངས་རྐང་མང་ཤིང་གི་གྲིབ་བསིལ་འོག་རྣལ་མའི་སློབ་སྦྱོང་ཞིག་ བྱེད་རྒྱུ་ཡིན་ལ། ཁེར་རྐྱང་གི་གྲིབ་མ་དང་འགྲོགས་ཏེ་མི་ཚེའི་ལམ་ཕྲན་གསར་པ་ཞིག་ཏུ་རྒྱང་བཞུད་ བྱེད་རྒྱུ་ཡིན། བདེ་མོ།

 

            སྒྲུང་ ངམ་ཡི་གེ་འདིས་ཁོ་ངུ་ན་ངུ་མི་ཤེས་དགོད་ན་མི་ཤེས་པ་ཞིག་ཏུ་བཏང༌། སྔར་མ་མྱང་པའི་ཚོར་འདུ་ཞིག་གིས་ཤ་ཁྲག་གི་ཕུང་ཁམས་དེ་ཡང་གཞན་ཞིག་ལ་བསྒྱུར་ པའི་སྣང་བ་སྐྱེས། ཁོས་གྲྭ་པ་བྱེད་རྒྱུ་སྔ་སོང་བསམས་ཏེ་འགྱོད་པའང་སྐྱེས་ཏེ་འུ་ཐུག་གི་ཆིག་ལབ་ སྣ་ཚོགས་བརྒྱབ།

            “འདི་ རྨི་ལམ་མ་རེད་དམ། གལ་ཏེ་ངོ་མ་ཡིན་ན་འཇིག་རྟེན་འདིར་བསྡད་ཀྱང་མཉམ་འཛོམས་བདེ་སྐྱིད་འཚོ་བ་ཞིག་ སྐྱེལ་མི་ཐུབ་པ་ཅི། སྡུག་གི་མཐའ་མར་སྐྱིད་ཅིག་དང་སྒུག་གི་མཐའ་མར་དོན་ཞིག་གཏན་ཚིག་རྫུན་མ། ངེད་གཉིས་ཀྱི་ལྷ་ཁང་གི་དམ་ཚིག་ནི་མ་ཤི་གསོན་བྲལ་དང་མི་མཐུན་འགལ་རྐྱེན་བསུ་ རྒྱུ། མི་ཚེར་རྨ་ཁ་བཟོ་རྒྱུ་འདི་གཏན་ནས་མིན། གལ་ཏེ་ངེད་གཉིས་ཀྱི་བརྩེ་དུང་དང་དམ་ཚིག་ལ་བཅོས་སླད་ཅིག་མེད་ན་རྐང་མང་ཤིང་ གི་རྨ་ཁ་དེ་ལས་ཟུངས་ཁྲག་ལྗང་ཁུ་ཞིག་འབབ་ངེས། རྗེ་བཙུན་མ། ཁྱེད་ཀྱི་བྱིན་རླབས་དང་ཐུགས་རྗེ་ཚར་བའམ་ཡང་ན་བསམ་བཞིན་འདི་ལྟར་གནང་བ་ལགས། ལས་དབང༌། གཞན་དབང༌། འདི་དག་ཅི་ལྟར་ཁ་ལོ་སྒྱུར་དགོས། ད་ངས་ག་རེ་བྱེད་དགོས། དཔའ་མོ། ཁྱེད་རང་སླར་ཡང་དཔའ་མོར་གྱུར། ངོ་མ་དཔའ་མོ་རེད། འོན་ཏེ་ཁྱེད་ཚེ་གང་བོར་གྲིབ་མར་འགྲོགས་ཏེ་རྒྱང་བཞུད་བྱེད་ངེས་ན་ངས་ཇི་ལྟར་ བཟོད། དེ་ག་ལ་འགྲིག ང་ཡང་ཕྱི་ཆོས་གཟུགས་ཙམ་ལས་ཅི་ཡང་ཡོང་ས་མ་རེད། དཔའ་མོ། ད་ང་ ངས་ག་རེ་བྱེད། ཁོང་གི་མིག་ གཟུང་ལས་དལ་གྱིས་བབས་པའི་ཆུ་ཐིགས་ཐར་ཐོར་འགས་པང་གི་འཕྲིན་ཤོག་ཐོག་གི་སྐལ་ བཟང་ཆོས་ལ་ལོངས་སྤྱོད་ཅིང་ཚུལ་ཁྲིམས་ངུར་སྨྲིག་གོས་ལ་འགྱུར་བ་མེད་པར་བཞུགས་ རོགས་ཞེས་པའི་ནང་གི་མིང་ཡིག་གི་འབྲུ་རྣམས་རེ་རེ་བཞིན་འདལ་བར་གྱུར་རོ།།

 

            ༼ བརྩེ་བའི་ཀློག་མཁན་ལགས། གལ་ཏེ་སྒྲུང་ཐུངས་འདིས་ཁྱེད་ཚོའི་འདོད་པ་ཁེངས་མེད་ཚེ་བདག་གིས་ད་དུང་ཁོང་ གཉིས་མ་འོངས་པའི་ལས་སྐལ་ལ་པྲ་ཕབ་ཏེ་འབྲི་ཆོག འོན་ཀྱང་ལས་དབང་གི་ལམ་ཐག་ཡོ་བར་གྱུར་ནང་ལ་འཁང་ར་མ་བྱེད་རོགས།༽

 

ཁྲག་དང་མཆི་མའི་མཚམས་སྦྱོར།

 

            བཞུགས་ སྒར་གཙུག་ལག་ཁང་གི་རྡོ་གཅལ་ཐང་དུ་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཞི་ བའི་གོམ་བགྲོད་དང་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་ལ་ཕེབས་མཁན་གྱི་བོད་པ་དང་ཕྱི་ རྒྱལ་བ་བཅས་རྒྱལ་གཅེས་པ་དགུང་ལོ་དྲུག་ཅུ་ཡས་ཀྱི་སྤོ་བོ་རྨོ་བོ་དང༌། དར་མ། གསར་རྒོད་སོགས་མི་ཚོགས་མང་པོས་ལ་ལས་བོད་ཀྱི་རྒྱལ་དར་སྒྲེང་བ་དང༌། ལ་ལས་ལག་པར་འཕྲེད་དར་བཟུང་ངོས་སུ། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས།” “བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་ཆོག” “པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས།” “རྒྱ་མི་བོད་ནས་ཕར་ལོག་ཅིག བོད་ཀྱི་བདག་དབང་བོད་མིར་དགོསསོགས་འབོད་ཚིག་སྣ་ཚོགས་བྲིས་པ་དག་འཕྱར་ཏེ་འདུ་འཛི་ལང་ལོང་བྱེད་ཀྱིན་འདུག

            བོད་ མི་ཡིན་མིན་ལ་མ་ལྟོས་པར་བོད་ལྭ་གྱོན་པའི་མགོ་ནག་མགོ་སེར་མང་པོའི་དེའི་ཁྲོད་ དུ་ཨ་མདོའི་རས་ལྭ་ཁམ་སྨུག་གོན་པའི་གཟུགས་བཟང་བཞིན་མཛེས་སྐྲ་ལོ་ཁྲི་གང་ཙམ་ ཅན་གྱི་གཞོན་ནུ་མ་ཞིག་གིས་ཀྱངབོད་རང་བཙན་གྱི་ཆེད་དུ་ཚེ་སྲོག་འབུལཞེས་པའི་དར་དཔྱངས་ཤིག་བཟུང་ནས་སུ་ཞིག་འཚོལ་གྱིན་འདུག

            “དཔའ་མོམོའི་རྒྱབ་ལོགས་ནས་ཕོ་གསར་ཞིག་གིས་བོས་པ་དང༌། དཔའ་མོ་ཁ་ཕྱིར་འཁོར་ནས། འོ། དོན་གྲུབ། ངས་ཁྱོད་འཚོལ་གྱིན་ཡོད།

            ཁོས། ངས་ཁྱོད་ཟས་བཅད་ངོ་རྒོལ་ནང་ལ་ཞུགས་ཡོད་པ་མ་ཤེས། ངོ་མ་དཔའ་མོ་རེད། ཅེས་ཁོ་མོའི་གདོང་ལ་ལྟ་བཞིན་ཡིད་སྨོན་པ་དང་བཅས་སླར་ཡང་དབུགས་རིང་ཞིག་འཐེན་གྱིན། ཡིན་ན་ཡང༌། ཁྱོད་ཀྱིས་སྟག་ལྷ་ལ་བསམ་བློ་བཏང་ཨེ་ཡོདཅེས་དྲིས།

            “ང་ འཆི་ཐུབ་པ་འདི་གཙོ་བོ་ཁོ་ལ་བརྟེན་ནས་བྱུང་བ་ཡིན། གལ་ཏེ་ངེད་གཉིས་མཉམ་འཛོམས་བྱུང་ན་འཆི་ཐུབ་མིན་ཁག་པོ་རེད། ངའི་འདི་ཁོང་གསོན་ཐུབ་པའི་ཆེད་དུའང་ཡིན་ཟེར་ན་ཆོག

            “གསོན་ཐུབ་པའི་ཆེད་ཡིན་ནམ་ཡང་ན་སེམས་སྡུག་གིས་འཆི་འཇུག་པའི་ཆེད་ཡིན་བཤད་ཁག་པོ་རེད།

            “ད་ ལྟ་ཁོ་རབ་བྱུང་བ་ཞིག་རེད། བསམ་བློ་གཏོང་སྟངས་ཤེས་ནི་རེད། གལ་ཏེ་ང་གསོན་པོར་བསྡད་ན་ངའི་སེམས་ཀྱང་ཁོ་ལ་ཆགས་ནས་འདུག་པ་མ་ཟད། ཁོ་ལའང་སྡུག་བསྔལ་འདི་གནས་སྲིད་པ་རེད། གཅིག་བྱས་ན་ངའི་ཆེད་དུ་སྐྱ་སར་་་

            “དེ་ ལ་མ་འགྲིགས་པ་གང་ཡོད། ཡག་ཤོས་རེད། དེང་སང་གྲྭ་པ་ལོག་རྒྱུ་དེ་གོན་པ་ཞིག་བརྗེ་སྤོར་བྱེད་པའི་སྣང་བ་ཡང་ཡོད་པ་མ་ རེད། ད་དུང་ས་འདིར་དེ་ཡག་པོར་བརྩི་གིན་འདུག་ག

            “འོ་་་ངས་དེ་འདྲ་ངོ་མ་མི་ཕོད། ཁོ་ཡང་དེ་འདྲ་ཡིན་རྒྱུ་མ་རེད། ལས་རྒྱུ་འབྲས་ལ་རྩེད་མོ་རྩེ་ས་འགྲོའམ།

            “འོ་ན་ཁྱེད་རང་གཉིས་ཀྱི་ལས་འདི་ལས་དབང་གིས་རྩེད་མོ་རྩེ་གི་ཡོད་རེད་དམ་རྒྱ་གུང་ཁྲན་གྱིས་རྩེད་མོ་རྩེ་གི་ཡོད་རེད།

            “ད་ དེ་འདྲ་མ་བཤད་རོགས། གང་ཡིན་ན་ཡིན། ད་ཐག་བཅད་ཚར་བ་རེད། ང་ལ་འགྱོད་པ་མེད། ངའི་སྐྱེ་བ་དམན་པའི་ལུས་འདིར་རིན་ཐང་ཅང་མི་འདུག དེ་བས་རང་སྲོག་འདི་མི་རིགས་དང་རྒྱལ་ཁབ་ལ་ཕུལ་བཞག་ན་དེ་ཡག་པོ་རེད་བསམ་གྱི་ འདུག ཁོང་དང་ངེད་གཉིས་ལ་མི་ཚེ་འདིར་སྲུང་དགོས་པའི་རྩ་དོན་ཆེན་པོ་གསུམ་ཡོད། གཅིག་ནི་བོད་མི་རིགས་ཀྱི་རང་དབང་བསྐྱར་གསོ་བྱེད་རྒྱུ་འདི་དང༌། གཉིས་པ་མ་བཅོས་ཆུང་བའི་དུས་ནས་ཆགས་པའི་བརྩེ་དུང༌། གསུམ་པ་ལས་རྒྱུ་འབྲས་ཀྱི་ལྟ་བ་ཡིནཞེས་མགོ་བོ་ཡར་འདེགས་ཙམ་གྱིས་དབུགས་རིང་འཐེན་བཞིན།

            “འདི་ དག་ལ་ཕྱི་ནང་གི་བར་གཅོད་མང་ནའང་བརྩི་སྲུང་ཐུབ་མིན་སོ་སོར་ཐུག་པ་རེད། ད་ལྟ་ང་འཆི་རུ་འགྲོ་བ་འདི་ཡང་རྩ་དོན་ཆེན་འདི་གསུམ་པོས་སྔོན་བསུ་དང་རྒྱབ་ སྐྱོར་གྱི་ནུས་པ་ཡིན།

            “ད་ ཐེངས་གཅིག་བྱས་ན་སྟག་ལྷ་ཡང་གོམ་བགྲོད་ལ་ཡོང་གི་ཡོད་རྒྱུ་རེད། ཁོང་སྔོན་མ་ཡང་ཐེངས་འགའ་སོང་བ་རེད། གལ་ཏེ་ཁྱོད་གཉིས་ཐེངས་གཅིག་ཐུག་ན་ཡག་པོ་འདུག

            “མདང་ དགོང་ངས་རྨི་ལམ་ཞེད་སྣང་ཚ་བོ་ཞིག་བཏང་བྱུང། ཁོའི་དཔྲལ་བའི་རྨ་ཁ་ནས་ཁྲག་ལྷོག་ལྷོག་བཞུར་ཡོང་གིན་འདུག ངས་ལག་པ་གཉིས་ཀྱིས་རྨ་ཁ་བཀག་ནས་ངུ་གིན་འདུག ངས་ཁོ་ཅི་ཙམ་བོས་ཀྱང་ཁ་གྲགས་རྒྱུ་མི་འདུག ད་དུང་མིག་གཉིས་ཀྱང་འབྱར་བ་ནང་བཞིན་འབྱེད་རྒྱུ་མི་འདུག ང་ཁོ་ལ་འཐམས་ནས་ད་མཉམ་དུ་ཤི་སོང་ན་བསམ་གྱིན་འདུག མཚམས་ཤིག་ལ་ཁོའི་དཔྲལ་བ་ནས་བཞུར་བའི་ཁྲག་རྒྱུན་དེ་དག་ཁ་དར་དཀར་པོ་ཞིག་ཏུ་ གྱུར་ཅིང་ངེད་གཉིས་དམ་པོ་བཅིངས་པ་ཞིག་རྨིས་སོང༌། ད་ཐེངས་ཁོ་ལ་ཐུག་མིན་མི་ཤེས་ཀྱང་གང་ལྟར་ངེད་གཉིས་གཅིག་སེམས་གཅིག་ལ་ཆགས་ནས་ ད་གཏན་དུ་འབྲལ་བའི་དུས་ལ་བསླེབས་པ་འདྲ་ཞེས་སླར་ཡང་དངན་པ་རིང་པོ་ཞིག་འཐེན་གྱིན།

            “འོ་རེད། ཁྱོད་ཕྱིར་སློབ་གྲྭར་ལོག་དུས་ངའི་སྒམ་ནང་ན་ཉིན་ཐོ་འབྲི་དེབ་ཅིག་ཡོད་པ་དེ་ཁོང་ལ་འཕྲོད་ཐབས་ཤིག་བྱོས།

            “དེ་ལ་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས། ངས་ངེས་པར་ཁོའི་ལག་ལ་འཕྲོད་པར་བྱེད། ངོ་མ་རྨི་ལམ་དེའང་མཚར་བོ་ཞིག་རེད་ཨང༌།

            “་་་་ ་་་

            “གསར་ཤོག་གཟིགས། གསར་ཤོག་གཟིགས། སྐབས་དེར<དམངས་གཙོ>གསར་ཤོག་འགྲེམས་སྤེལ་བ་ཞིག་བསླེབས་པས་ཁོ་གཉིས་ཀྱིས གཅིག་ཉོས། མདུན་ངོས་ན། <ཁ་སང་ལྡི་ལིར་བྱུང་བའི་བློ་ཕམ་གནས་ཚུལ>ཞེས་པའི་ཁ་བྱང་ཆེན་པོ་ཞིག་དང་ཁྲག་གིས་བརྒྱན་པའི་དཔའ་བོ་ཞིག་གི་པར་ཆེན་ཞིག་འདུག

            དཔའ་མོས་དེ་མཐོང་མ་ཐག ཨེ་འདི། འདི། སྟག་ལྷ་མ་རེད་དམ ཞེས་ངག་དང་ལག་ལྷན་ཅིག་འདར་ནས་ཚགས་ཤོག་ཐོག་གི་ཡི་གེ་རྣམས་ཀྱང་ཡག་པོ་ཀློག་མི་ཐུབ་པར་གྱུར་པས། དོན་གྲུབ་ཀྱིསཨ་་་ཞེས་མོའི་ལག་ནས་གསར་ཤོང་དེ་ཚུར་བླངས་ཏེ་མཉམ་དུ་བཀླགས།

            ལྷོ་ ཕྱོགས་འབྲས་སྤུངས་དགོནགྱི་གྲྭ་སྐལ་བཟང་ཚུལ་ཁྲིམས་སྐྱ་མིང་ལ་སྟག་ལྷར་འབོད་པ། སྔོན་ཆད་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་གྱེན་ལངས་གདོང་མཆོང་བྱེད་མཁན་རྒྱལ་ གཅེས་དཔའ་བོ་ཁོང་སྔ་ཕྱིར་ཞི་བའི་གོམ་བགྲོད་ཐེངས་འགའ་ཕེབས་གནང་བ་མ་ཟད་ད་རེས་ མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་བའི་ནང་འདིར་ཞུགས་རྩིས་ཀྱིས་ཕེབས་པའི་ལམ་བར་ བསམ་ཡིད་ལས་འདས་པའི་དོན་རྐྱེན་ཞིག་བྱུང་འདུག

            དཔའ་མོས་དབང་མེད་དུ་དཀོན་མཆོག་མཁྱེན་ཞེས་ལག་པས་མགོ་སྐྱོར་ཞིང་མིག་རབ་རིབ་ཏུ་གྱུར་ཏེ་ཀློག་མཚམས་ཆད། དོན་གྲུབ་ཀྱིས་ཀྱང་སྐད་འདར་མ་འདར་གྱིས་མུ་མཐུད་དུ།

            དེ་ ཡང་ཁེ་ཉིན་ལྡི་ལིར་འབྱོར་ནས་མན་ཇོའི་ཀྲི་ལའི་འབྲས་སྤུངས་མགྲོན་ཁང་དུ་བཞུགས་ འདུག དགོང་དྲོར་ཁོང་གི་ཁང་པའི་ནང་ལ་ཕ་ཡུལ་ནས་གསར་དུ་འབྱོར་བའི་བཙོན་པ་འཕྲིན་ལས་ ཟེར་བའི་གྲོགས་པོ་ཞིག་དང་ཐུག་ནས་ཡུན་རིང་ལ་ཁ་བརྡ་གློད་དེ་བཞུགས་འདུག མཚམས་ཤིག་ལ་སྐལ་བཟང་ཚུལ་ཁྲིམས་ཁྲུས་ཁང་དུ་ཁྲུས་རྒྱག་ཏུ་སོང་འདུག ཅང་མ་འགོར་བར་ཕྱི་ལོག་ནས་ཁྲོག་སྒྲ་དང་སྟིག་སྒྲ། ད་དུང་ཨག་སྐད་ཆེན་པོ་ཞིག་ཐོས་པས་འཕྲིན་ལས་ལམ་སང་སྒོ་ཕྱིར་བུད་ཚེ་ཁྲུས་ཁང་ གི་གློག་སྒྲོན་བསད་འདུག་པ་དང་མི་འགའ་སྟིག་སྟིག་སྐས་འཛེག་བརྒྱུད་དེ་བྲོས་ འགྲོ་བ་མཐོང༌། ཁོས་ཅི་ཡིན་ནམ་སྙམ་ནས་བར་ཁྱམས་ཀྱི་གློག་སྦར་དུས་ཁོ་ཚོའི་ནང་གི་མི་གཅིག་སྐས་ ཐེམ་ཐོག་ནས་སྐད་ངན་འབྱིན་བཞིན་རྦབ་ལ་འགྲིལ་བ་མཐོང། དེ་དང་མཉམ་དུ་སྐལ་བཟང་ཚུལ་ཁྲིམས་ཀྱང་ལུས་ཡོངས་ཁྲག་དམར་གྱིས་སྦགས་ཏེ་ཁྲུས་ ཁང་གི་སྒོ་ཐེམ་ནས་འགྱེལ་འདུག འཕྲིན་ལས་སྐྲག་སྣང་དང་བྲེལ་མ་འཚུབ་ཀྱིས་རྒྱུགས་ཏེ་སྐལ་བཟང་ཚུལ་ཁྲིམས་སྐྱོར་ བ་ན་ཁོས་ཕྱག་གཡས་ཡར་འགྱོག་ཙམ་གྱིས་ལག་དམར་རྗེས་འདེད་གཏོང་དགོས་པའི་བརྡ་ བརྒྱབ་པས། འཕྲིན་ལས་ཀྱིས་མྱི་བསད་སོང༌། མྱི་བསད་སོང་ཞེས་ སྐད་ཆེན་པོ་རྒྱག་གིན་ནང་ལ་རྒྱུགས་ཏེ་ལྕགས་སྐོར་ཅིག་ཡོད་པ་བཟུང་ནས་སྐས་འཛེག་ ལས་བབས་ཏེ་རྒྱུགས་པ་ན་གདོང་པ་རས་ཡོལ་ནག་པོས་བཏུམས་པའི་ཕོ་གསར་གཉིས་ཀྱིས་མི་ གཅིག་དྲུད་མ་འཁུར་གྱིས་འོག་ཁང་གི་སྒོ་ཐེམ་ན་འགྲོ་བའི་རྗེས་ཟིན་པ་དང་ལྕགས་ སྐོར་སྐོར་ཐེངས་གཅིག་གིས་ཕོ་གསར་གཅིག་གི་མགོ་ལ་གཅིག་གཞུས་ཏེ་སར་བསྒྱེལ་བ་ དང་གཞན་པ་དེས་ཁོའི་རྒྱབ་ཀྱི་སྲོག་འདབ་ལ་གྲི་གཅིག་བསྣུན་ནས་བྲོས་ཕྱིན་འདུག དེ་དང་མཉམ་དུ་ཁང་པའི་སྦྱིན་བདག་དང་མགྲོན་པོ་འགའ་རེས་ཀྱང་སྐད་བརྒྱབ་སྟེ་ ཕྱིར་ཐོན་འདུག

            དེ་ ནས་ཚང་མས་ལམ་སང་སྤྱི་བདེ་ལས་ཁུངས་ལ་ཁ་པར་བཏང་ཞིང་སྐལ་བཟང་ཚུལ་ཁྲིམས་དང་ འཕྲིན་ལས། ད་དུང་ལག་དམར་རྐང་པ་རྨས་པ་དེ་དང་དབང་པོ་ཤོར་སོང་བ་དེ་གཉིས་བཅས་ཚང་མ་སྨན་ཁང་ དུ་སྐྱེལ་འདུག སྤྱི་བདེ་མི་སྣས་བརྟག་ཞིབ་བྱས་པ་ལྟར་ན། དགོང་མོ་དེར་སྐལ་བཟང་ཚུལ་ཁྲིམས་མཉམ་དུ་རོགས་པ་གཞན་ཞིག་ཡོད་པས་ཁོ་ཚོ་ཐད་ཀར་ ནང་དུ་འཛུལ་མ་ཐུབ་པར་ཕྱི་ནས་ཡུན་རིང་ཡིབ་སྟེ། ཁོང་ཁྲུས་ཁང་དུ་ཕེབས་པའི་གོ་སྐབས་བཟུང་སྟེ་ལག་འགུལ་འདུག་པ་དང༌། ཁོ་ཚོས་ལག་རུབ་ཀྱིས་ཁོང་ལ་གྲི་འཛུགས་སྐབས་སྐལ་བཟང་ཚུལ་ཁྲིམས་ཀྱིས་མི་གཅིག་ གི་ལག་གི་གྲི་འཕྲོགས་ཏེ་གཅིག་གི་སྒྱུད་པའི་ཐོག་ལ་གནད་དུ་བསྣུན་ཐུབ་པ་འདུག དེའི་ནང་གི་རྐང་པ་རྨས་མ་དེ་སྔོན་མ་ཁོང་དང་མཉམ་དུ་ཁ་རྩོད་ཤོར་མྱོང་བ་ཞིག་ ཡིན་པ་དང༌། དེ་ཡང་དོལ་རྒྱལ་བསྟེན་ཕྱོགས་ཀྱི་ཐོག་ནས་བྱུང་བ་ཞིག་དང༌། ད་དུང་མི་དེ་དག་ལྡི་ལི་དོལ་རྒྱལ་ལྷ་མི་ཚོགས་པའི་ནང་གི་ཡིན་ཞིང༌། གཅིག་ནི་སྔོན་ཆད་རྒྱ་ནག་གི་དམག་དཔུང་ནང་ཞུགས་མྱོང་བ་ཞིག་ཀྱང་ཡིན་འདུག

            དེ་ སྔོན་སྐལ་བཟང་ཚུལ་ཁྲིམས་ཀྱིས་ྋགོང་ས་མཆོག་གིས་དོལ་རྒྱལ་བསྟེན་ན་བོད་ཀྱི་ བསྟན་སྲིད་གཉིས་ལ་གནོད་པ་འདུག་ཚུལ་གྱི་གསུང་བཤད་སྔ་རྗེས་མང་པོ་གནང་བ་དག་དང་ རིས་མེད་བསྟན་འཛིན་མཁས་གྲུབ་མང་པོའི་གསུང་ཚད་མ་ལ་གཞི་བཅོལ་ནས། ཡིག་ངག་གཉིས་ཀྱི་ཐོག་ནས་དོལ་རྒྱལ་ཚོགས་པས་བཀྲམ་པའི་ལོག་སྤྱོད་ཡིག་ཆ་རིགས་ལ་ གནད་དུ་སྨིན་པའི་དགག་རྒྱག་དང་དཔྱད་གཏམ་མང་པོ་སྤེལ་འདུག་པས་ད་རེས་ཁོ་ཚོས་ བསམ་བཞིན་གླགས་བཙལ་ཏེ་ཁོང་གསོད་རྩིས་བྱས་པ་ཞིག་ཡིན་པ་ངོས་ལེན་ར་སྤྲོད་བྱུང་ འདུག

            འཕྲིན་ ལས་ཀྱིས་ལྕགས་སྐོར་གཞུས་པའི་མི་དེ་དེའི་ནང་གི་གཏེ་བོ་ཞིག་ཡིན་པ་དང་ཁོ་དབང་ པོ་ཤོར་བ་ནས་སྨན་ཁང་དུ་ཡང་དྲན་པ་མ་སོས་པར་ཤི་འདུག འཕྲིན་ལས་ལའང་སྲོག་གི་ཉེན་ཚབས་ཆེ་བ་འདུག ཁོ་པས་ཁ་ཆེམས་ཀྱི་ཚུལ་དུསྟག་ ལྷ་སྐྱོབ་ཐུབ་ན་ཁོ་རང་ཤི་ཡང་འགྱོད་པ་མེད། ངས་བཙོན་ཁང་གི་གནས་ཚུལ་སྙན་ཞུ་ཞིག་བྲིས་ནས་ཁུར་ཡོང་ཡོད་པ་དེ་དང་སྒོར་མོ་ཁ་ ཤས་ཡོད་པ་དེ་དག་ྋརྒྱལ་བ་རིན་པོ་ཆེའི་ཕྱག་ཏུ་འབུལ་ཐུབ་སོང་ན་ང་ལ་དེས་ཆོག ཅེས་བཤད་འདུག

            སྐལ་ བཟང་ཚུལ་ཁྲིམས་ཀྱང་ཉེན་ཁ་ཆེན་པོ་ཆགས་འདུག ཁོང་གི་སྐུ་གཟུགས་སྟོད་སྨད་ཀུན་ལ་གྲི་བསྣུན་ཤུལ་བདུན་འདུག ཁོང་ལ་དབུགས་མཐུད་བརྒྱབ་སྟེ་དམིགས་བསལ་མྱུར་སྐྱོབ་སྨན་བཅོས་བྱེད་ཀྱིན་ཡོད་ ན་ཡང་ད་དུང་དྲན་པ་གཅིག་ཀྱང་སོས་མི་འདུག

            དོན་ གྲུབ་ཀྱིས་ཀློག་གིན་ཀློག་གིན་སྐད་གདངས་དམའ་བར་གྱུར་པ་དང་བསྟུན་དཔའ་མོ་ དབུགས་འཚང་སྟེ་ངུ་སྒྲ་ཆེ་ནས་ཆེ་རུ་སོང་སྟེ་དྲན་པ་འཐོར་བར་གྱུར།

            ་་་་ ་་་

            དཔའ་ མོ་བརྒྱལ་བ་ལས་སངས་རྗེས་མོ་རང་དང་སྟག་ལྷ་མ་ཤི་བའི་གོང་ལའམ་བརྩེ་བས་གདུང་བ་ བཅས་མ་མཇལ་ལོ་ཟླ་རིང་པོའི་མཇུག་འདིར་ཆེས་ཐ་མའི་ཞལ་མཇལ་གཅིག་བྱེད་རྒྱུར་ཐག་ བཅད་དེ་ཟས་བཅད་ངོ་རྒོལ་གྱི་འགོ་མ་ཚུགས་བར་ལ་དགོངས་པ་ཞུས་ཤིང༌། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཀྱང་གདུང་སེམས་མཉམ་སྐྱེས་ངང༌།

            “གལ་ ཏེ་ཁོང་སྐུ་འཚོ་མ་ཟིན་ཡང་ཟས་བཅད་ངོ་རྒོལ་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ དུ་རང་སྲོག་བློས་བཏང་བ་དང་གཅིག་མཚུངས་ཡིན། གཅིག་བྱས་ན་དེ་ལས་ཀྱང་ལྷག ཁྱེད་རང་གཉིས་ཕུལ་དུ་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡིནཞེས་གསུངས་ཏེ་ཁོ་མོ་དང་ལྷན་ཅིག་སྐལ་བཟང་ཚུལ་ཁྲིམས་ལགས་སར་འཚམས་འདྲིར་ཆེད་བཅར་དུ་ཕེབས།

 

            བདུན་ ཕྲག་གཅིག་གི་རྗེས་ཞི་བའི་གོམ་བགྲོད་པ་རྣམས་རྒྱ་གར་རྒྱལ་ས་ལྡི་ལི་རྒྱ་ནག་ གཞུང་ཚབ་ཁང་གི་སྒོ་འགྲམ་ལ་འདུས་ཤིང༌། མ་ཤི་བར་ཟས་བཅད་ངོ་རྒོལ་གྱི་དཔའ་བོ་དཔའ་མོ་བཅུ་ཐམ་པས་ངོ་རྒོལ་གྱི་འགོ་ བརྩམས།

            དཔའ་ མོས་ཉིན་ཞག་གསུམ་རིང་ལ་སྟག་ལྷའི་གདོང་པར་ཅེར་ཏེ་བསྒུགས་ན་ཡང་ཐ་མར་ཁོ་རང་ གཉིས་ཀྱིས་ཕན་ཚུན་ལག་པ་འཇུས་ཤིང་མིག་ཅེ་རེར་བལྟས་ཏེ་མཆི་མའི་ཕྲེང་བ་རིང་པོ་ ཞིག་མཉམ་བཞུར་བྱས་པ་ཙམ་གྱི་སྐལ་བ་ལས་མ་བྱུང་བར་གྱེས་བྲལ་བྱེད་དགོས་བྱུང༌།

            ད་ ནི་ཕལ་ཆེར་ཤི་གསོན་གྱི་མཇལ་འཕྲད་ཅིག་ལོས་ཡིན། གནམ་རྒན་མ་མཁྱེན་མི་རྣམས་ལ་གློ་བུར་བའི་གནས་ཚུལ་ཡག་ཉེས་མང་པོ་འབྱུང་གིན་ ཡོད་པ་བཞིན། སྐབས་འདིར་ཡང་མི་རྣམས་ཧ་ལས་ཧང་སང་དགོས་པའི་གློ་བུར་བའི་བཀྲ་ཤིས་པ་ཞིག་བྱུང་ ན་ཅི་མ་རུང༌། ཅི་མ་རུང༌།

 

            ཟས་ བཅད་ངོ་རྒོལ་བྱས་ཏེ་བདུན་ཕྲག་གཉིས་ཕྱིན་དུས་ཁོང་ཚོ་ཕལ་ཆེར་ཡི་དྭགས་བཀྲེས་ སྐོམ་གྱིས་གདུངས་ཏེ་ཚེ་མཇུག་བསྡུ་བའི་ཚད་ལ་བསླེབས། སྐབས་དེར་རླབས་འཁོར་ཆུང་ཞིག་གི་ནང་ནས་དོན་གྲུབ་སོགས་མི་འགའ་ཞིག་གིས་སྐལ་ བཟང་ཚུལ་ཁྲིམས་ཁྱོགས་ཤིང་གི་སྒང་ལ་བཀྱགས་ཏེ་ཟས་བཅད་ངོ་རྒོལ་བྱེད་མི་ཚོའི་ གླ་དུ་ཁུར་འོངས་ནས་དཔའ་མོའི་འགྲམ་དུ་བཞག དཔའ་མོས་མིག་གིས་ཁོང་མཐོང་གི་ཡོད་ལ་ཡིད་ནས་ཚོར་གྱི་ཡོད་ནའང་རང་ལུས་རང་ཚུགས་ མི་ཐུབ་པས་ཡར་དགྱེ་མི་ཐུབ་པར་སྐྱ་ཐག་ཐག་གི་གདོང་པ་སྐམ་པོའི་ངོས་ཀྱི་ཉམ་ཐག་ པའི་མིག་ཟུང་སྐམ་པོ་ལས་བརླན་གཤེར་ཞིག་ངང་གིས་བརྡོལ་ཡོང༌། སྟག་ལྷས་ག་ལེར་ལག་པ་བསྲིངས་ཏེ་ཁོ་མོའི་མིག་ཆུ་ཕྱིས་ཤིང་འཛུམ་དམུལ་བཞིན་ངག་ དམའ་མོས།

            “དཔའ་ མོ། གཟི་བརྗིད་རེད། འདི་ལྟར་འཆི་དགོས། ཚེ་འདིར་གསོན་པའི་སྐྱིད་ཅིག་རྒྱག་མ་ཐུབ་ཀྱང་འདི་ལྟར་མ་གྲོས་མཉམ་དུ་འཆི་ རྒྱུ་བྱུང་བ་འདི་ཡང་ངེད་གཉིས་ཀྱི་བདེ་སྐྱིད་ཅིག་ཏུ་བརྩི་ཆོག ཁྱེད་རང་སེམས་བདེ་བོའི་ངང་སོང་དང་ང་ཚོ་སྐྱེ་བ་རྗེས་མར་མཇལ་འཛོམས་ཀྱི་སྐལ་བ་ བཟང་པོ་ཞིག་ཏན་ཏན་ཡོང་ངེས་རེད།

            སྟག་ ལྷས་དེ་ལྟར་བཤད་པ་དང་ཁོ་མོའི་བཞིན་ལའང་དགའ་བའི་མདངས་ཤིག་ཤར་བ་དང་མཉམ་དུ་ མཆི་མ་ལྷག་པར་འཁྲུགས་ཤིང་ལག་པ་འདར་འདར་གྱིས་ཡར་བཀྱགས་ཏེ། ཁོ་གཉིས་ཀྱིས་སླར་ཡང་བརྩེ་དུང་གི་དམ་བཅའ་དང༌། སླར་ཡང་མཉམ་མཆིའི་དམ་བཅའ། ད་དུང་སླར་ཡང་མཇལ་འཛོམས་ཀྱི་དམ་བཅའ་ཡི་ལག་བཞིའི་བསྣོལ་བ་དམ་ནས་དམ་དུ་བཏང༌།

            ཟས་ བཅད་ངོ་རྒོལ་བ་ཚོར་འཚམས་འདྲི་གནང་མཁན་དང་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ བྱེད་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་ལ་སོང་ཞིང། རྒྱལ་ཁོངས་དང་མི་རིགས་མི་གཅིག་པའི་གསར་འགོད་པ་ཚོ་ཡང་བྲེལ་བ་ཆེ། ཕྱི་རྒྱལ་གསར་འགོད་པ་ཞིག་གིས། གཞོན་ནུའི་ཚོགས་གཙོ་ལ་བཅར་འདྲི་ཞུ་གིན་འདུག

            “སྟག་ལྷ་ལ་སྨན་བཅོས་མི་གནང་བར་ཟས་བཅད་ངོ་རྒོལ་ནང་ལ་ཁུར་ཡོང་བ་འདི་ཅི་ཡིན་ནམ།

            “དེ་ ཁོང་གི་དམ་བཅའ་རེད། སྐལ་བཟང་ཚུལ་ཁྲིམས་ཀྱི་མཁལ་མ་གཅིག་བརྗེས་པ་དང་རྒྱུ་མ་ལའང་བརྗེ་མཐུད་བརྒྱབ་ རྗེས་རིམ་པས་ཇེ་དྲག་ཏུ་གྱུར་མོད། ཁོས་རང་ཉིད་ཐེངས་འདིར་ཟས་བཅད་ངོ་རྒོལ་གྱིས་བོད་མི་རིགས་ལ་རང་སྲོག་ལེགས་ སྐྱེས་སུ་འབུལ་བར་ཡོང་བ་ལས་གསོན་པའི་ཆེད་དུ་ཡོང་བ་མིན་པས་སྨན་བཅོས་བྱས་ནས་ དྲག་དགོས་དོན་མི་འདུག དྲག་ནའང་གང་ལྟར་འཆི་རྒྱུ་ཡིན་པས་འགྲོ་སོང་མང་པོ་བཏང་ན་ཆུད་ཟོས་རེད། ང་ཅིས་ཀྱང་ད་རེས་འཆི་རུ་འགྲོ་རྒྱུ། ལྷག་པར་དཔའ་མོ་ཡང་ཡོད་ན་ང་མོ་རང་མཉམ་དུ་འཆི་ཐུབ་ན་དེ་བས་ཀྱང་སེམས་བདེ། ད་དུང་འཕྲིན་ལས་ཀྱང་དགྲ་བོའི་བཙོན་ནས་ཐར་ཏེ་བཙན་བྱོལ་ལ་ཡོང་ནས་ྋརྒྱལ་བ་རིན་ པོ་ཆེའི་ཞལ་མ་མཇལ་གོང་ངའི་དོན་དུ་རང་སྲོག་ཤོར་བ་རེད། ད་གསོན་པོར་འདུག་ཐབས་གཏན་ནས་མེད་པས་ང་ཟས་བཅད་ངོ་རྒོལ་བྱེད་སར་སྐྱེལ་རོགས་ ཞེས་རང་གི་གྲོགས་པོ་རྣམས་དང་ང་ཚོ་གཞོན་ནུ་ལྷན་ཚོགས་ལ་སྙན་སེང་རེ་བ་ཨུ་ཚུགས་ མཐར་སྐྱེལ་གྱིས་ཞུས་མཐར་ང་ཚོས་ཁོང་འདི་ལྟར་བསྐྱེལ་ཡོང་དགོས་བྱུང་སོང།ཞེས་ མགྲིན་པ་རྣོང་བཞིན་དུ་ལན་བཏབ་པས། གསར་འདོད་པ་དེར་སྔར་མ་རྙེད་པའི་དོན་ཆེན་གང་ཞིག་རྙེད་པ་བཞིན་གྱི་ཡིད་འགུལ་ བའི་རྣམ་འགྱུར་ཞིག་ཁོའི་ཁ་དང་མིག་ལག་པ་ཚང་མ་ནས་དུས་གཅིག་ལ་བསྟན་སོང།

 

            མི་ རྣམས་ལ་དཀོན་མཆོག་གིས་གཟིགས་དུས་གློ་བུར་བའི་སྟེས་བཟང་དང་བཀྲ་ཤིས་ཡོད་པ་ཐག་ ཆོད་རེད། གཟིགས་དང་དཀོན་མཆོག་ཅིག་ཕེབས་བྱུང༌། ཁོང་ནི་ངུར་སྨྲིག་གི་ན་བཟའ་བཀླུབས་པའི་ཞི་བདེའི་དཀོན་མཆོག་སྟེ། འཇིག་རྟེན་འདིར་དངོས་སུ་བཞུགས་པའི་ང་ཚོའི་དཀོན་མཆོག་ཉིད་རེད། ཁོང་ཉིད་རང་སྲོག་བློས་གཏོང་བཞིན་པའི་སྐྱེ་བོ་དེ་དག་རེ་རེའི་རྩར་ཕེབས་ཏེ་ མཇལ་ཁ་གནང་ཞིང་ལྷག་པར་སྐལ་བཟང་ཚུལ་ཁྲིམས་ཀྱི་མགོ་ལ་ཕྱག་གིས་བྱིལ་བྱིལ་གནང་ བཞིན་ཁོ་ཚོར་མི་འཇིགས་པའི་སྐྱབས་སྦྱིན་འདི་ལྟར་གནང༌།

            “ཁྱེད་ རང་ཚོས་འདི་ལྟར་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་སྲོག་བློས་བཏང་སྟེ་ཟས་བཅད་ངོ་ རྒོལ་བྱེད་པའི་སྙིང་སྟོབས་འདི་ངོ་མཚར་ཆེན་པོ་རེད། གཟི་བརྗིད་རེད། ངོ་གནོང་མི་དགོས་པའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་དཔའ་མོ་ཤ་སྟག་རེད། འོན་ཀྱང༌། ང་ཚོའི་ཐབས་ལམ་ནི་འཚེ་མེད་ཞི་བའི་ལམ་རེད། འདི་ལྟར་རང་སྲོག་བཅད་ནའང་རང་ལ་འཚེ་བའི་ལས་རེད། ང་ཞི་བདེའི་ལམ་སྟོན་པ་ཞིག་གིས་ཁྱེད་རང་ཚོ་འདི་ལྟར་སྡུག་ཤི་ཐེབས་སུ་འཇུག་ག་ ལ་ཕོད། དེ་བས་ད་རེས་ང་ཆེད་དུ་འདིར་ཁྱེད་རང་ཚོར་དེ་རིང་ནས་ཟས་བཅད་ངོ་རྒོལ་འདི་མཚམས་ འཇོག་རོགས་ཞུ་བར་ཡོང་བ་ཡིན། རང་ཉིད་གསོན་པའི་ཐབས་ལ་བརྟེན་ནས་རང་གཞན་གཉིས་ཕན་གྱི་ཞི་བའི་ཐབས་ལམ་གཞན་དག་ གིས་ཞབས་ཕྱི་ཞུས་ན་བཟང༌། ཞེས་འཇམ་ ཞིང་སྙན་པའི་གསུང་གིས་འདི་ལྟར་དབུགས་དབྱུང་གནང་བས། ཟས་བཅད་ངོ་རྒོལ་བ་རྣམ་པ་དང་མཐའ་འཁོར་གྱི་མི་ཚང་མའི་མིག་ལས་རང་དབང་མེད་པར་ མཆི་མ་ཤར་ཤར་བཞུར། དེ་ནི་དད་གུས་སམ། ཡིད་སྨོན། ཡང་ན་དགའ་སྐྱོ་སོགས་ཅི་རིགས་ཀྱི་ཚོར་བ་ལས་བྱུང་བའམ། ཡང་ན་དེ་དག་ཚང་མ་བསྡེབས་པ་ལས་བྱུང་བ་ཞིག་ལོས་ཡིན།

 

 

    སྐབས་འདིར་ངའི་ཀློག་མཁན་ཚོར་ཡང་དགའ་ཚོར་སྐྱེ་གི་ཡོད་སྲིད། རེད་ཡ། ད་ནི་ང་ཚོས་བདེ་སྐྱིད་ཀྱི་གླུ་སྒྲ་ཞིག་ཐོས་པའི་གོ་སྐབས་བྱུང་།
    ཐོག་མར་བརྩེ་བའི་ས་བོན་རི་རབ་ལྷུན་པོའི་གཏིང་ལ་བཏབ།
    བར་དུ་གདུང་བའི་ཆུ་རྒྱུན་ལུང་གསུམ་གྲོག་རོང་མདོ་རུ་ཉུལ།
    ཐ་མར་ལས་སྨོན་ལྗོན་བཟང་ས་མཐའི་རི་ལུང་འདི་རུ་སྨིན།

    དེ་རིང་སྟག་ལྷ་དཔའ་མོ་རྨི་ལམ་ཞིང་ན་དགའ་མགུར་རོལ།
    ད་ནི་མཛའ་བརྩེ་རྒྱལ་གཅེས་ལག་ཟུང་སྦྲེལ་བའི་ཞི་བདེ་ཡི།
    གོམ་པའི་ལྡེམ་མྱུར་སང་གི་རྒྱལ་ཁའི་ལམ་ཆེན་ཡངས་པོར་སྐྱོད།།
    འདི་ནི་གྲོགས་དོན་གྲུབ་ཀྱིས་ཁོང་གཉིས་ལྷན་འཛོམས་དང་གཉེན་སྟོན་མཛད་སྒོར་ ཕུལ་བའི་མགུར་དབྱངས་སྙན་ཚིག་ཅིག་རེད། དེ་ཡང་ཟླ་གཅིག་གི་རྗེས་སུ། གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་སྐལ་བཟང་ཚུལ་དང་སྐལ་བཟང་ སྒྲོལ་མ་གཉིས་ཀྱི་སྔར་བྱུང་གནས་ཚུལ་སྐོར་ལ་སེམས་གསོའི་བསླབ་བྱ་དང་མ་འོངས་ འཚོ་བའི་ཁྲོད་ལག་རྗེས་ཆེན་པོ་འཇོག་རྒྱུར་རེ་སྐུལ་ཆེན་པོ་གནང་སྟེ། ཁོང་གཉིས་ཆང་སའི་རྟེན་འབྲེལ་ལ་སྦྱིན་བདག་གནང་ཞིང་རྟེན་འབྲེལ་མཛད་སྒོའི་ཐོག་ ཕུལ་བྱུང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཟུང་གི་གཟེངས་རྟགས་ཀྱང་གནང།
    གཉེན་སྟོན་ནི་འཇིག་རྟེན་པ་ཚོར་མཚོན་ན་བཀྲ་ཤིས་པའི་བྱ་བ་ཞིག་ལོས་ཡིན། ལྷག་པར་སྟག་ལྷ་དང་དཔའ་མོར་མཚོན་ན་དེ་བས་ཀྱང་བདེ་སྐྱིད་ཅིག་མིན་ནམ། ཡིན་ན་ཡང་མ་བསམ་ས་ནས་མ་འདོད་པ་མང་པོ་ཞིག་བཟློག་མེད་དུ་འོངས། དེ་ལ་མི་རྣམས་ཀྱིས‘ལས’ཟེར། ‘ལས་དབང’གིས་མི་ཡག་པོ་རྣམས་ལ་ཡང་བརྙས་བཅོས་བྱེད་དམ། གོང་དུ་བྱུང་བའི་དོན་རྐྱེན་དེ་དག་ཀྱང‘ལས’བཟང་པོ་ཞིག་ག་ལ་ཡིན། ཀློག་མཁན་ཚོས་འོག་ཏུ་འབྱུང་རྒྱུའི་དོན་རྐྱེན་འདི་དག་ཀྱང‘ལས’གང་ཞིག་ལ་གཏོགས་ མིན་བསམ་བློ་རེ་གཏོང་རོགས།

 

གློ་བུར་བའི་དོན་རྐྱེན།

གསལ་བཤད།
    རང་གི་རྩོམ་པའི་དམིགས་འདུན་དང་ཀློག་པ་པོ་མི་ཉུང་བ་ཞིག་གི་ཐུགས་འདུན་ལྟར་ བདག་གིས་མི་ཚེའི་རྨ་ཁ་མུ་མཐུད་རྩོམ་འབྲི་བྱེད་རྒྱུ། འདིའི་འོག་གི་ལེའུ་ཁ་བྱང་ལ། གློ་བུར་བའི་དོན་རྐྱེན་ཟེར་དགོས་སྙམ། ཁྱེད་ཅག་གིས་ཚོད་དཔག་རེ་གནང་ན་ཆག་སྒོ་ག་རེ་འབྱུང་རྒྱུ་ཡིན་ནམ

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php