ཆ་ཁུག་ནང་གི་དགོད་སྒྲ

 

 

ཁ་ན་མི་རིགས་སྐད་ཡིག་དར་ཆ་ཅན།

ལག་ན་གཞན་གྱི་ཕོར་བ་སྟོང་བ་ཞིག

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་གིས་ཡིག་ནོར་སྤྱང་རྟུག་གཡུག་བཞིན་དུ།

གཞན་གྱི་དག་ཆའི་རིལ་མ་འཐུ་བ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་ལ་བྱ་བའི་ཉམས་མྱོང་གཅིག་མེད་པར།

འགན་ཁུར་མཁན་ལ་བཀོད་ཁྱབ་གཏོང་བ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་ལ་བྱས་པའི་ལག་རྗེས་གཅིག་མེད་པར།

གཞན་གྱི་རྐང་རྗེས་གསུབ་པར་བྱེད་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་རིགས་ཤ་ཞེན་ཁོ་ནའི་ཆགས་སྡང་གིས།

གཞན་རིགས་ཁ་ལག་གཉི་གས་འཛིང་བ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་གི་བྱས་པ་རང་ལ་གསལ་བཞིན་དུ།

གཞན་གྱི་སྔོན་ནས་ཡིན་མདོག་སྟོན་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

རང་གི་འཚོ་བའི་རང་མགོ་མི་ཐོན་པར།

གཞན་གྱི་མི་ཚེའི་དོན་སྙིང་རྩོད་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

ཁ་ནས་སེམས་ཅན་ཐམས་ཅད་ཟེར་བཞིན་དུ།

དོན་ལ་སྒེར་དོན་ཁོ་ན་གཉེར་བ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

ཁ་ནས་བཤད་དུས་སྟོན་པ་དངོས་འདྲ་ཞིག

ལག་ཏུ་ལེན་དུས་མུ་སྟེགས་རྒྱང་འཕེན་ཞིག

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་དོ་ཞེས།

འོས་ཤོག་ཕྱོགས་ཞེན་ཁོ་ནས་འཕེན་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

བརྩེ་དུང་རང་དབང་ཁང་བཟང་ཡངས་སོ་ཞེས།

གཉེན་སྒྲིག་རང་དབང་སྒོ་མོ་རྒྱག་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

འཛམ་གླིང་ཉི་མའི་འོད་ཟེར་མི་མཐོང་བར།

སྲིན་འབུ་མེ་ཁྱེར་མཇུག་ལ་རྒྱུགས་པ་ཚོར།

དགོད་རྒྱུ་ཆ་ཁུག་ནང་ནས་ཡོང་གི་འདུག

 

༢༠༡༦ ༨ ༡༤ 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php