༄༅། །རྩོམ་པ་པོ།


དབྱངས་ཅན་མའི་མཚན་གཞན་ཞིག



རྩོམ་པ་པོའི་དཔུང་སྡེ། འདིར་བརྗོད་པ་ནི་སྒྲ་ཡངས་འཇུག་སྟེ། སྒྱུ་རྩལ་དང་སྒྱུ་རྩལ་མ་ཡིན་པའི་རྩོམ་ཅི་རིགས་འབྲི་བའི་ཚད་གཞི་ངེས་ཅན་ཡོད་པ་ཚང་མར་གོ་ཆོག དཔུང་སྡེ་འདི་ནི་ངོ་བོའི་ཆ་ནས་རིག་གནས་ལས་རིགས་ཀྱི་ཤེས་ཡོན་ཅན་གྱི་ཞི་བའི་ཚོགས་སྡེ་ཞིག་ཡིན་ལ། བྱེད་ལས་ཀྱི་ཆ་ནས་བསམ་པའི་དཔལ་ཡོན་གསར་སྐྲུན་ནུས་པའི་གཙོ་ཁྲིད་དཔུང་སྡེ་ཞིག་ཡིན།

ཁ།

རྩོམ་པ་པོ་ནི་བསམ་གཞིགས་ཀྱིས་གནམ་འཕང་གཅོད་པའི་ཁྱུང་ཆེན་དང༌། སྙིང་སྟོབས་ཀྱིས་ཀྲོང་ངེར་སྒྱིང་པའི་གངས་སེང་དཀར་མོ་ཡིན་དགོས། དེ་བས་སྔ་ས་ནས་ཚེ་སྲོག་གི་ལེགས་སྐྱེས་འབུལ་རྒྱུའི་སྟ་གོན་བྱེད་དགོས།

རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང༌མཁས་དབང་དགེ་འདུན་ཆོས་འཕེལ། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང༌། སྐུ་ཞབས་དོན་གྲུབ་རྒྱལ། སྙན་དངགས་པ་ཡི་དམ་ཚེ་རིང་སོགས་སྐུ་གཤེགས་སྐྱེས་ཆེན་རྣམ་པ་དང༌། དེང་གི་རིགས་སྨྲ་མཁས་དབང་ཕུན་ཚོགས་དབང་རྒྱལ་དང༌། རྩོམ་པ་པོ་འོད་ཟེར་སོགས་ནི་ང་ཚོའི་མིག་དཔེར་འཛིན་འོས་པའི་དུས་རབས་རིམ་བྱུང་གི་དཔའ་རྒོད་རྩོམ་པ་པོ་ཡིན།

ང༌།

རྩོམ་པ་པོས་སྙན་གྲགས་དང་རྙེད་བཀུར་དབང་ཐང་སོགས་ཀྱི་རང་དོན་དོར་ནས་སྤྱི་ཚོགས་ཀྱི་ ཁེ་ཕན་ཁོ་ན་དོན་དུ་གཉེར་ན་དོན་དང་ལྡན་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་ཐུབ།

ཅ།

རྩོམ་པ་པོར་གཞན་ལས་ལྷག་པའི་སྨྲ་བརྗོད་ཀྱི་རང་དབང་དང༌། ལས་རིགས་ཚང་མར་ཞིབ་འཇུག་གི་རང་དབང་ལྡན་དགོས། གལ་ཏེ་དེ་གཉིས་གང་རུང་གི་སྒོ་མོ་བརྒྱབ་ཚེ་རྩོམ་པ་པོ་ཞིག་གི་འོས་འགན་ལེགས་སྒྲུབ་བྱེད་དཀའ། ཁྱེད་ལ་ཐོབ་ཐང་དེ་མེད་ན་ཐོག་མར་ཁྱེད་ཀྱིས་རང་གི་ཐོབ་ཐང་དེ་རྩོད་ལེན་བྱེད་དགོས།

ཆ།

རྩོམ་པ་པོ་ཞིག་གི་ཉེས་པ་ཆེ་ཤོས་ནི། རང་དོན་གྱི་ཆེད་དུ་མི་རིགས་དང་རྒྱལ་ཁབ་ཀྱི་བླ་འཚོང་བ་དང༌།སྤྱི་ཚོགས་ལ་སྒྲིབ་ཞྭ་གཡོགས་ནས་དོན་སྟོང་གི་གླུ་དབྱངས་ལེན་པ་དེ་དག་ཡིན།

ཇ།

རྩོམ་པ་པོ་ལ་རང་གི་རྩོམ་འབྲིའི་བྱ་བར་མཐོང་ཆེན་དང་དང་ལེན་གྱི་སྤྲོ་སེམས་ལྡན་དགོས། གལ་ཏེ་ཨུ་ཚུགས་ཀྱིས་རྩོམ་འབྲིར་ཕྱོགས་ཚེ་གཡུར་དུ་ཟ་བའི་འབྲས་བུ་ཞིག་སྨིན་དཀའ།

ཉ།

རྩོམ་པ་པོ་ཞིག་ལ་མཚོན་ན། སྐད་ཡིག་གི་བྱང་ཚད་དང༌། སྒྱུ་རྩལ་གྱི་ལག་ཐབས། འཚོ་བའི་ཉམས་མྱོང་བཅས་ནི་ཚེ་གང་གི་སྦྱོང་བརྡར་དང་ལག་ལེན་དངོས་ཡིན།

ཏ།

ལྷག་བསམ་དང་སྙིང་སྟོབས། དཔྱོད་མཐུ་བཅས་ནི་སྤྱིར་བཏང་གི་རྩོམ་པ་པོ་ཞིག་གི་ཆ་རྐྱེན་ལས་འགོངས་ཡོད།

ཐ།

རྩོམ་པ་པོས་སྤྱི་ཚོགས་ཀྱི་སྐྱོན་མཚང་འབྱིན་ནས་ནོར་འཁྲུལ་གསལ་སྟོན་དང༌། དགེ་མཚན་བརྗོད་ནས་བཟང་པོའི་ལམ་སྟོན་བྱུ་རྒྱུ་ཟུང་དུ་སྦྲེལ་དགོས།

ད།

རྩོམ་པ་པོ་ནི་ཆོས་ལུགས་སམ་ཆབ་སྲིད་སོགས་ཀྱི་སྤྱི་ཚོགས་བྱེ་བྲག་པའི་མགྲིན་ཚབ་ཁོ་ན་བྱེད་མི་འོས་ལ། ལྷག་པར་སྲིད་དོན་པའི་ལམ་ནག་པོར་ཞུགས་མི་འོས་པ་ཧ་ཅང་བདེན།

ན།

ང་ཚོའི་མི་རིགས་ཀྱི་གནས་བབ་དང་མི་མང་གི་མངོན་འདོད་ཀྱི་ཆ་ནས་བལྟས་ན་དུས་རབས་འདི་ནི་ཆབ་སྲིད་ཀྱི་ཁེ་དབང་བརྩོན་ལེན་བྱེད་དགོས་པ་ཞིག་ཡིན་པས། རྩོམ་པ་པོའི་སྙུག་རྩེ་ནའང་རྩ་དོན་འདི་ཡོད་འོས།

པ།

རྩོམ་པ་པོ་ནི་འཚོ་བའི་ལྟ་རྟོག་པ་དང་འཚོ་བའི་ལམ་སྟོན་པ་ཞིག་ཡིན་པར་འདོད་ན། ཆབ་སྲིད་དང༌། ཆོས་ལུགས་གཉི་ག་ཕུད་པའི་འཚོ་བ་ཞིག་འཚོལ་ན་དེ་ནི་ཆ་ཚང་བའི་འཚོ་བ་ཞིག་གཏན་ནས་མིན་ལ། དྲང་བདེན་གྱི་འཚོལ་སྙེག་ཅིག་ཀྱང་ག་ལ་ཡིན།

ཕ།

འཇིག་རྟེན་མི་རྟག་པ་དང༌། སྡུག་བསྔལ་བ་ནི་ཆོས་ཉིད་ཅིག་ཡིན་པས། དེ་ངོ་སྤྲོད་རྒྱུ་ཙམ་ཞིག་ནང་པའི་རྩོམ་པ་པོའི་འགན་འཁྲི་མ་ཡིན་པར། སྡུག་བསྔལ་ལས་ཐར་བའམ་སྐྱོབ་པའི་འགན་འཁུར་ཐེག་དགོས།དེ་བས་འཇིག་རྟེན་པ་མང་པོར་འཚོ་བའི་བདེ་སྐྱིད་དང་ལྡན་པར་བྱ་རྒྱུ་འདིའང་འོས་འགན་ཞིག་ཅི་ལ་མིན།

བ།

རྩོམ་པ་པོ་ནི་བདེན་སྐྱོང་དཔའ་རྒོད་ཅིག་ཡིན་དགོས་པས། ངེས་པར་རྫུན་གྱིས་འཚོ་བའི་གདོང་པགས་བཤུ་དགོས། ལྷག་པར་མི་རིགས་ཤིག་གི་ངོས་ནས་བལྟས་ན་མི་རིགས་རང་བདག་གི་ཁེ་དབང་འཕྲོག་མཁན་དེ་ང་ཚོའི་ཐུན་མོང་གི་དགྲ་བོ་ཡིན། ཁྱོད་ཀྱིས་ནའོ་པེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་ཡ་ལི་ཧྲན་ཏ་སོར་རིན་ནཱ་ཆིན་མཆོག་གིས་འཛམ་གླིང་ལ་བསྒྲགས་པའི་རྩོམ་རིག་གསུང་བཤད་དེ་བཀླགས་ན་ངོས་འཛིན་གསལ་བོ་ཐུབ་ངེས།

མ།

ལམ་དབུ་མ་ནི་དམངས་གཙོ་དང༌། འཚེ་མེད། དྲང་བདེན། ཞི་བདེ། ཀུན་ཕན་རང་བཞིན་གྱི་རིང་ལུགས་གསར་བ་ཞིག་ཡིན་པས། རྩོམ་པ་པོ་རྣམ་པའི་མཛེས་དཔྱོད་ཕུགས་འདུན་བླ་མེད་ཅིག་ཀྱང་ཅི་ལ་མིན།

ཙ།

རྩོམ་པ་པོའི་ཕྲག་སྟེང་ན། རང་གི་མི་རིགས་ལས་གཞན་འགྲོ་བ་མིའི་རིགས་ཚང་མ་ཡོད་དགོས། དེའི་མཚུངས་རྩོམ་པ་པོ་ནི་འཛམ་གླིང་གི་སྤྱི་མི་ཞིག་ཆགས་དགོས་པ་ཚད་གཞི་དང་པོཡིན།

ཚ།

རྩོམ་པ་པོ་མང་པོ་ཞིག་མིག་ཆུ་འདོན་རྒྱུ་དང༌། འཁང་ར་བྱེད་པར་དགའ། ཀློག་མཁན་གྱིས་མིག་ཆུ་དེ་མི་མང་གི་ཆེད་དུ་བཞུར་བ་ཞིག་ཡིན་མིན་དང༌། འཁང་ར་དེའང་བརྩེ་སེམས་ཤིག་གིས་བསྐུལ་མིན་རྟོགས་དགོས་པར་མ་ཟད། ངུ་རིན་དང་འཁང་རིན་ཡོད་མེད་ལ་དཔྱོད་དགོས།

ཛ།

རྩོམ་ཡིག་ཅིག་གི་གདེང་འཇོག་ནི་སྒྱུ་རྩལ་གཅིག་པུ་མ་ཡིན་པར་དོན་སྙིང་ཆེ་ཆུང་ལ་རག་ལས། དོན་སྙིང་ཟེར་བ་དེ་ཡང་མཐར་གཏུགས་ན་བདེན་པ་ལས་མི་འདའ། བདེན་པ་ནི་འཚོ་བ་དངོས་ཀྱི་གདོང་རིས་ཡིན་པས། དེ་མཐོང་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན།

ཝ།

རྩོམ་རིག་གི་ཐོན་ཁུངས་སྤྱི་ཚོགས་འཚོ་བ་ཡིན་ལ། འཚོ་བ་ནི་ཧ་ཅང་རྒྱ་ཆེ་ཞིང་ཉོག་འཛིང་གི་རང་བཞིན་ཅན་ཞིག་ཡིན་པས། རྩོམ་པ་པོས་དཀའ་ངལ་ཁྱད་གསོད་བྱ་ཡུལ་གཙོ་བོ་ནི་འཚོ་བར་ཟབ་ཞུགས་བྱ་རྒྱུ་དེ་ཡིན་པ་ལས་ཉན་ནས་འབྲི་རྒྱུ་ཙམ་མིན།

རྩོམ་པ་པོ་ཞིག་གི་ཚེ་བསགས་རྒྱུ་ནོར་ནི་བརྩམས་ཆོས་རྣམས་ཡིན་ལ། གྲངས་འབོར་ལས་སྤུས་ཚད་གལ་ཆེ། ལྗིད་མེད་པའི་རྩོམ་ཉོག་སྟོང་ལས་ལྗིད་ཆེ་བའི་བརྩམས་ཆོས་གཅིག་ལེགས། ཁྱེད་ཀྱི་རྩོམ་ཡིག་གི་རྒྱ་མ་ནི་ཀློག་པ་པོ་ཡིན།

ཟ།

རྩོམ་པ་པོའི་ཁྲི་ལ་དབང་བར་མེས་པོའི་མན་ངག་ཅིག་ཡོད་པ་ནི། རང་བཞིན་གྱིས་གྲུབ་སྤོབས་པ་དང༌།མང་དུ་ཐོས་པ་དྲི་མེད་པ། མངོན་པར་སྦྱོར་བ་མི་དམན་པ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། ཞེས་པ་འདི་ལགས་མོད། མང་པོ་ཞིག་ལ་རྒྱུ་དེ་དག་གི་ཆ་ཤས་རེ་ལས་མེད་ཀྱང་རང་ཉིད་སྙན་ངག་པར་རློམ་སེམས་ཅི་བས་ཆེ།

འ།

རྩོམ་པ་པོ་སུ་ཞིག་ལ། རླབས་ཆེན་ཞེས་པའི་ཡིག་འབྲུ་གཉིས་ཐོབ་འོས་མིན་གྱི་ཚད་གཞི་ཉག་གཅིག་ནི། འགྲོ་བ་མིའི་རིགས་ཀྱི་ཆེས་བླ་མེད་རྣམ་ཤེས་ཀྱི་ཚབ་མཚོན་ཐུབ་མིན་ལ་རག་ལས།

ཡ།

རླབས་ཆེན་གྱི་སྒྲུང་རྩོམ་པ་དག་གི་རང་གི་བརྩམས་ཆོས་ནང་གི་གདེང་འཇོག་འཐོབ་འོས་ཀྱི་དྲང་ཕྱོགས་མི་སྣ་དེ། ཕལ་ཆེར་རྩོམ་མཁན་རང་ཉིད་ཀྱི་རྣམ་པར་ཤེས་པའི་སྤྲུལ་བར་ཐུགས་ཐག་གཅོད་འོས།

ར།

མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་ཚད་མཐོ་སར་བལྟས་ནས། སྤྱི་ཚོགས་ཀྱི་རྨང་གཞི་བྱིས་པ་རྣམས་མཐོང་གིན་མེད། དེ་བས་འུ་ཚོའི་བྱིས་པར་འགྱུར་རྩོམ་རིགས་ལས་ཀློག་རྒྱུ་དབེན།

ལ།

གཞན་ཡང་དུས་རབས་ཀྱི་སྒྲུང་གཏམ་དང༌། སྙན་དངགས། གཏམ་བརྗོད་ཟློས་གར། ལྷག་པར་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་འགའ་རེ་ཐོན་རྒྱུ་ནི་ཅི་འདྲའི་དགོས་གལ་ཆེ་བ་ཞིག་རེད་ཨང༌།

མི་རིགས་ཀྱི་རྩོམ་རིག་ཡིན་ན་མི་རིགས་དེའི་སྐད་ཡིག་ཡིན་དགོས་ཀྱང༌། མི་རིགས་ཀྱི་ཆེད་དུ་རྩོམ་འབྲི་ན། མི་རིགས་ཀྱི་འཚོ་བ་བྲིས་པས་ཆོག བོད་ཀྱི་རྩོམ་པ་པོ་ཚོས་སྐད་ཡིག་གཞན་དག་ཐོག་ནས་ཀྱང་བོད་དོན་གླེང་རྒྱུ་ནི་དུས་རབས་འདིའི་མི་རིགས་ཀྱི་དགོས་མཁོ་ཞིག་རེད།

ས།

བོད་ཀྱི་རྩོམ་རིགས་དག་དབྱིན་ཡིག་སོགས་སུ་བསྒྱུར་ཐུབ་མིན་ནི། བོད་ཀྱི་རྩོམ་རིག་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ཐུབ་མིན་གྱི་གནད་དོན་ཞིག་ཡིན་ལ། འདི་ནི་མི་རིགས་ཀྱི་ཕྱོགས་ཡོངས་ནས་གལ་ཆེའི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཀྱང་ཡིན། གལ་ཏེ་རང་གིས་གསར་རྩོམ་ལེགས་པོ་ཞིག་མི་འགྲུབ་ན། གཞན་རྩོམ་ལེགས་པོ་ཞིག་བསྒྱུར་བར་བརྩོན་ན་ལེགས།

ཧ།

གཞན་ཡང་བོད་ཀྱི་རྩོམ་པ་པོ་ཚོས་གཟབ་དགོས་པའི་གནད་དོན་འགའ་དང་འཕྲལ་གྱི་འོས་འགན་འགའ་ཞིག་ཕྲན་གྱི<<དབྱངས་ཅན་སྤྲུལ་བའི་གླེགས་བམ>>དེབ་ག་པའི་ནང་གི<མར་ལེའི་དར་དམར་འོག་གི་གླུ་དབྱངས>ནང་ལ་བཀོད་ཡོད་པས་འཚོལ་གཟིགས་ཞུ།

ཨ།

མཐའ་དོན། བདག་གིས་སྙུ་གུ་ཐོགས་པའི་རྩ་དོན་ནི་འཚོ་བའི་དྲང་བདེན་གྱི་ཚེ་སྲོག་ཞུགས་པའི་སྒྱུ་རྩལ་གྱི་གཟུགས་གསར་བསྐྲུན་ཏེ་ཀློག་མཁན་ལ་མཛེས་སྡུག་གི་འཚོ་བ་སྦྱིན་རྒྱུ་དེ་ཡིན་ལ། དེའི་མཚུངས་ཁོ་བོའི་རྩོམ་གཤིས་དེ་རང་གཤིས་དང་རང་གཤིས་འདི་རྩོམ་གཤིས་སུ་འགྱུར་བ་བྱེད་རྒྱུ་ལས། སེམས་ལ་འདྲེ་ཞུགས་བཞིན་ལག་ནས་ལྷ་བཞེངས་མཁན་དུ་ནམ་ཡང་མི་འགྱུར་བའི་དམ་བཅའ་ཡོད།ཅེས་བཤད་མྱོང་བ་བཞིན་རྩོམ་གྲོགས་རྣམ་པས་ཀྱང་རྩ་དོན་འདི་དམ་བཅར་འཇོག་པའི་གཞེན་སྐུལ་སྙིང་ནས་ཞུའོ།།



གསལ་བཤད།

 

ལྷག་བསམ་རྣམ་དཔྱོད་ཅན་གྱི<<སྒྲོན་མེ>>རྩོམ་སྒྲིག་པ་ཟུང་གིས།<བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་རྩོམ་པ་པོའི་འོས་འགན>ཞེས་པའི་རྩོམ་བྱང་ཐོག་ཆེད་རྩོམ་ཞིག་འབྲི་དགོས་པའི་རེ་བསྐུལ་གནང་བ་དང་ལེན་གྱིས་འདིར་ཕན་པ་ཁོ་ནས་ཀུན་ནས་བསླངས་ཏེ་རིགས་མཐུན་རྩོམ་གྲོགས་ཚོར་རྩོམ་པ་པོའི་ཕྱོགས་ཡོངས་ཀྱི་བསམ་ཚུལ་འགའ་ཞིག་གདམས་ངག་གི་ཚུལ་དུ་འབུལ་བར་སྤྲོ་ནས།རྩོམ་བྱང་ལའང<རྩོམ་པ་པོ>ཞེས་པའི་སྤྱི་ཁྱབ་ཀྱི་ཁ་བྱང་འདི་བཀོད་པ་ཡིན།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php