སློབ་མ་ཚོར་གདམས་པ།



 

མི་ཤེས་ཤེས་ཁུལ་ཡོན་ཏན་མིན།

ཤེས་པ་ཁོག་སྦས་སློབ་གྲོགས་མིན།

བརྩོན་པ་རྒྱུན་ཆད་འབྲས་བུ་ཆུང།

དྲན་ཤེས་མེད་ན་ཀླད་སྟོང་ཆགས།



སྐྱིན་ཚབ་མི་སྤྲོད་གཡོ་སྒྱུས་ལེན།

འཇབ་ལེན་འཕྲོག་པ་མ་བྱིན་ལེན།

ཕ་མ་དགེ་རྒན་སློབ་གྲོགས་སོགས།

མགོ་སྐོར་གཡོ་གཏམ་ཕྲ་མ་སྤོངས།



གཅིག་ལ་མ་མཐུན་རང་སྐྱོན་མིན།

མང་ལ་མ་མཐུན་གཞན་སྐྱོན་མིན།

མཐུན་སྒྲིལ་རྩ་བ་མཛའ་བརྩེ་དང༌།

ཡ་རབས་གཞི་མ་བསམ་བཟང་ཉིད།

ཤེས་རློམ་ང་རྒྱལ་ཆེ་ན་ཡར་ཐོན་དཀའ།

ཕྲག་དོག་འགྲན་སེམས་སྐྱེས་ན་ཡིད་བདེ་མེད།

གནོད་སེམས་འཚེ་བ་རང་གཞན་ཀུན་ཕུང་གཞི།

དེ་བས་དེ་ཀུན་སྐྱུང་སྒྱུར་སྤོང་ལ་འབུངས།

སྦྱང་འབྲས་གཡུར་ཟ་ལེགས་སྤྱོད་འཕེལ།

ཀུན་ལ་མཛའ་འབྲེལ་རོགས་ཕན་སྒྲུབ།

ཤེས་སྤྱོད་འཇོན་ཐང་གསུམ་ལྡན་གྱི།

མཚན་ཉིད་ཚང་ན་མཐོ་སློབ་དངོས།

སྒྲིག་ལམ་མངས་ན་འཆིང་བའི་རྒྱུ།

སྒྲིག་སྲོལ་མེད་ན་ངན་ལངས་འགྲོ

ཅི་དྲན་གང་འདོད་རང་དབང་མེད།

དམངས་གཙོ་འདོད་ན་མང་མོས་རྩིས།

རྒྱུ་མཚན་རྣལ་མའི་རྒྱབ་རྩ་མེད་པ་ཡི།

མ་འགྲིགས་མ་བཟང་སྐྱོན་གྱི་ཁ་ཕོ་ཅན།

མཐོའམ་དམའ་འམ་བར་མ་གང་ཡིན་ཡང༌།

རང་མགོ་རང་གིས་གནོན་པའི་ཁ་ཉེས་ཡིན།

རང་སྐྱོན་རང་བརྗོད་གཞན་བརྗོད་རོགས་རམ་སྟེ།

སྐྱོན་མཚང་གནད་ལ་མེ་བཙའ་འཇོག་མཁས་པ།

དེ་དག་ལམ་སྟོན་སེམས་ཀྱི་སྨན་པ་སྟེ།

མི་བསྟེན་ན་ཡང་སྨྲ་འབེབས་སུ་ཡིས་ནུས།།



 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php