བཀུར་འོས་པའི་རྒྱལ་བོ་དང༌། སྲིད་འཛིན། སྐུ་འགྲོན་ཕོ་མོ་ལྷན་རྒྱས་རྣམ་པར།
ཨ་རིའི་ནང་ཤ་མདངས་ནག་པོ་ཡིན་པའི་མི་གྲངས་ས་ཡ་ཉེར་གཉིས་ཀྱིས་གསར་གཏོད་རང་བཞིན་གྱི་འཐབ་རྩོད་བྱས་ཏེ།
དྲང་བདེན་མ་ཡིན་པའི་མི་རིགས་དབྱེ་འབྱེད་བྱེད་པའི་ཡུན་རིང་གི་མཚན་མོ་མཇུག་སྒྲིལ་རྒྱུར་འཐབ་རྩོད་བྱེད་བཞིན་པའི་་སྐབས་འདིར་ངས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ལེན་བྱེད་ཀི་ཡོད།
ངས་སྤྱི་འབངས་ཀྱི་ཐོབ་ཐང་བརྩོན་ལེན་ལས་འགུལ་གྱི་ཚབ་བྱས་ནས་གཟེངས་རྟགས་འདི་དང་ལེན་བྱེད་ཀྱི་ཡོད་ལ། ལས་འགུལ་འདི་ནི་བློ་ཐག་ཆོད་པོ་དང༌།
ཉེན་ཁར་འཛེམས་ཟོན་མེད་པར་རང་དབང་དང་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།
ཁ་སང་ཨ་ལ་པ་མ Alabama མངའ་སྡེའི་བིར་མན་ཧམ་ Birmingham གྲོང་ཁྱེར་ནང་ང་ཚོའི་བུ་ཕྲུག་རྣམས་ཀྱིས་སྤུན་ཟླའི་འདུ་ཤེས་ཆེད་སྐད་འབོད་བྱེད་སྐབས།
ཉེན་རྟོགས་མི་སྣས་ཁོང་ཚོའི་སྟེང་ལ་སྦུབས་གུ་ལས་ཆུ་གཏོར་བ་དང༌། ངར་སྐད་སྒྲོག་བཞིན་པའི་ཁྱི་བཏང་ནས་ལན་འདེབས་བྱས་ཡོད་པ་མ་ཟད།
ཐ་ན་སྲོག་སྐྱོན་བྱུང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད༌། ཁ་སང་ཧྥེ་ལེ་རྡ་ཧྥེ་ཡ་དང༌།Philadelphia མི་སི་སི་པི་ Mississippi
ནང་དུ་གཞོན་སྐྱེས་རྣམས་ཀྱིས་འོས་འདེམས་ཀྱི་ཐོབ་ཐང་སྲ་བརྟན་གཏོང་ཆེད་ངོ་རྒོལ་བྱེད་སྐབས་མནར་གཅོད་ཚད་མེད་དང༌། དམར་གསོད་བཏང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད།
ངའི་མི་མང་རྣམས་དངུལ་ཕོངས་དང་ནུས་མེད་བཟོས་ནས་ཕྱེ་མར་འཐག་ཡོད་པའི་སྡུལ་བསྔལ་དང༌། དཔལ་འབྱོར་གྱི་སྐས་ཐེམ་དམའ་ཤོས་དེར་བཏགས་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད།
དེར་བརྟེན། ངས་ངེས་པར་དུ་དྲི་བ་འདྲི་དགོས་པ་ཞིག་ལ༌། རེ་མེད་ཡིད་ཐང་ཆད་ལ་ཉེ་བ་དང༌།
རྡོ་ལྟར་མཁྲེགས་པའི་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་སྙིང་བོ་ཞི་བདེ་དང་སྤུན་ཟླའི་འདུ་ཤེས་དེ་ཐོབ་མེད་ནའང།
ག་རེ་དོན་དུ་ང་ཚོར་གཟེངས་རྟགས་འདི་ཕུལ་བ་ཡིན་ནམ།
ངས་བསམ་བློ་རྣལ་ལ་ཞིག་བཏང་རྗེས། གཟེངས་རྟགས་འདི་ནི། ང་ཚོའི་དུས་སྐབས་འདིར་གཉའ་གནོན་དང༌།
དྲག་སྤྱོད་བེད་སྤྱོད་མ་བཏང་པར་གཉའ་གནོན་དང་དྲག་སྤྱོད་ལས་བརྒལ་བར་བྱེད་རྒྱུ་དང༌། ཆབ་སྲིད་དང་ཀུན་སྤྱོད་ཀྱི་འགག་རྩའི་དྲི་བ་ལ།
འཚེ་མེད་ཞི་བའི་ལན་འདེབས་བྱེད་དགོས་པའི་གོ་དོན་ཟབ་མོ་རྟོགས་པའི་ལས་འགུལ་གྱི་ཚབ་བྱས་ནས་ང་ལ་གཟེངས་རྟགས་འདི་ཐོབ་པ་རེད། དཔལ་ཡོན་དང་དྲག་སྤྱོད་ནི་ལྡོག་ཟླའི་བསམ་བློ་ཞིག་ཡིན།
ཨ་རིའི་ནང་གི་ཤ་མདངས་ནག་པོའི་མི་རྣམས་རྒྱ་གར་མི་མང་གི་རྗེས་སུ་འབྲངས་ནས།
འཚེ་མེད་ཞི་བ་ནི་ནུས་མཐུ་མེད་པ་ཞིག་མ་ཡིན་པར་བཟང་སྤྱོད་ཀྱི་སྟོབས་ཤུགས་ལྡན་པས་སྤྱི་ཚོགས་འཕོ་འགྱུར་གཏོང་ཐུབ་པ་ཞིག་ཡིན་པ་གསལ་སྟོན་བྱེད་དགོས།
སྔ་རྗེས་ཙམ་མ་གཏོགས་འཛམ་གླིང་འདིའི་སྒང་གི་མི་ཚང་མས་ཞི་བདེའི་ངང་མཉམ་དུ་འཚོ་གནས་བྱེད་ཐུབ་པའི་གནས་ལུགས་ངེས་རྙེད་བྱུང་ནས་འབྱུང་འགྱུར་མྱ་ངན་གྱི་སྐྱོ་གླུ་ལེན་བཞིན་པ་ལས་བརྒལ་ཏེ།
ཕན་ཚུན་སྤུན་ཟླའི་འདུ་ཤེས་འཛིན་པའི་སྤྱི་ཚོགས་ཞིག་གསར་སྐྲུན་བྱེད་ཐུབ་ངེས་རེད། དོན་དག་འདི་ལེགས་སྒྲུབ་བྱེད་དགོས་ཚེ། སྐྱེས་བོ་ཡོངས་ཀྱིས་འགྲོ་བ་མིའི་དཀའ་སྡུག་སེལ་ཐབས་སུ༌།
དགྲ་ཤ་ལེན་པ་དང༌། བཙན་འཛུལ་བྱེད་པའི་ཐབས་ལམ་ལ་ངོ་རྒོལ་བྱེད་དགོས། བརྩེ་བ་ནི་དོན་དག་ལེགས་སྒྲུབ་བྱེད་པའི་ཐབས་ལམ་གྱི་རྨང་གཞི་ཡིན།
ནོར་སྦེལ་ཞི་བདེའི་གཟེངས་རྟགས་འདིས་ང་རང་གཅིག་པོ་གཟི་བརྗིད་སྤྲད་པ་མ་ཡིན་པར།
འདིའི་ནང་དུ་གཟི་བརྗིད་གང་མང་ཞིག་འདུས་ཡོད་པ་ངས་སྙིང་ཁོངས་རུས་པའི་སྟེང་ནས་གསལ་བོར་ཤེས་རྟོགས་བྱུང་ཡོད།
ང་རང་གནམ་གྲུའི་ནང་འགྲུལ་བཞུད་བྱེད་ཐེངས་རེར།
གནམ་གྲུའི་ཁ་ལོ་བ་དང་ས་ཐོག་ཏུ་ལས་ཀ་བྱེད་མཁན་ཚང་མས་འགྲུལ་བཞུད་འདི་ལེགས་སྒྲུབ་ཡོང་བར་འབད་བརྩོན་གནང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་གྱི་ཡོད།
གཟེངས་རྟགས་འདིས་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མཁའ་དབྱིངས་སུ་འཕུར་དུས་རང་ཉིད་བློས་བཏང་ངང་སྟངས་འཛིན་བྱེད་སའི་རྐུབ་སྟེགས་སྟེང་བསྡད་ཡོད་པའི་ཁ་ལོ་བ་རྣམས་ལ་གཟི་བརྗིད་སྤྲད་ཡོད་ལ༌།
ལྷོ་ཨ་ཧྥེ་རི་ཀའི་ནང་གི་དབུ་ཁྲིད་ཨ་སྦར་ཐེ། ལུ་ཐུལ་ནེས Albert Luthuli ཡིས་རང་ཉིད་ཀྱི་མི་མང་གི་འཐབ་རྩོད་དེ།
ད་དུང་ཡང་ཆེས་སྡུག་རྩུབ་ཆེ་བའི་མི་ཆོས་རིང་ལུགས་ལས་བརྒལ་བའི་གནས་་སྟངས་ལ་གདོང་ལེན་བྱེད་བཞིན་ཡོད་པར་བསྐྱར་དུ་གཟི་བརྗིད་སྤྲད་ཡོད་པ་རེད།
གཟེངས་རྟགས་འདིས་ས་སྟེང་དུ་ལས་ཀ་བྱེད་མཁན་རྣམས་ལ་གཟི་བརྗིད་སྤྲད་ཡོད་ལ། ཁོང་ཚོས་རང་ཉིད་ཀྱི་མཁེ་ཕན་བློས་བཏང་གིས་ངལ་རྩོལ་བྱས་མེད་ན།
རང་དབང་ངང་མཁའ་ལ་བསྐྱོད་པའི་གནམ་གྲུ་འདི་ས་ཐོག་ནས་ཡར་འཕུར་ག་ལ་ཐུབ། མི་དེ་དག་
གི་མིང་གསར་ཤོག་གི་འགོ་བརྗོད་དང༌། མི་སྣ་གལ་ཆེན་གྱི་ཐོ་གཞུང་ནང་སླེབས་མི་ཐུབ་ནའང་དཀའ་སྡུག་གི་ལོ་ཟླ་མང་བོ་བརྒྱུད་ནས་དྲང་བདེན་གྱི་འོད་སྟོང་མཉམ་དུ་འདུས་པའི་དུས་སྐབས་འདིར།
སྐྱེས་པོ་རྣམས་ཀྱིས་དྲང་བདེན་གྱི་ཆེད་དུ་སྡུག་བསྔལ་མྱོང་འདོད་ཡོད་པ་འདིས། མ་འོངས་པར་སྐྱེས་ཕོ་མོ་ཚང་མ་བསྡད་སའི་ས་གཞི་ལེགས་ཤིང༌། མི་གཤིས་ཡག་པོ།
སྔར་ལས་དཔལ་ཡོན་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ནས་བུ་ཕྲུག་རྣམས་ལ་གོ་དོན་འདི་བརྒྱུད་སྤྲོད་བྱེད་ངེས་ཡིན།
གཟེངས་རྟགས་འདིའི་བདག་པོ་ངོ་མ་རྣམས་སྟེ། ཡིད་ཆེས་ནི་མཛེས་ཉམས་ལྡན་པ་དང༌། མཛེས་ཉམས་ནི་ཡིད་ཆེས་ལྡན་པ་ཞིག་ཡིན་པར་མཐོང་བའི་སྐྱེས་བོ་རྣམས་ཏེ།
ཁོང་ཚོས་མིག་ནང་དུ་མཛེས་ཉམས་ནི་ཕན་ཚུན་སྤུན་ཟླར་འཛིན་པའི་འདུ་ཤེས་དང་ཞི་བདེ་ཡིན་ལ༌། དེ་ནི་རྡོ་རྗེ་ཕ་ལམ་དང༌།
གསེར་དངུལ་ལས་ཀྱང་རྩ་ཆེན་པོ་ཡིན་པར་བརྩི་བའི་མི་རྣམས་ཀྱི་ཚབ་བྱས་ནས། ངས་ཤུལ་རྫས་རྩ་ཆེན་འདིའི་གཉེར་བའི་ཚུལ་དང་ལེན་བྱེད་ཀྱི་ཡོད། ངས་འདི་ལྟར་བཤད་ཚེ་ཨ་ཧྥུ་རེ་རྡུ་
ནོར་སྦེལ་ Alfred Noble ཡིས་གོ་དོན་ཆ་ཚང་མཁྱེན་ཐུབ་ངེས་རེད་སྙམ།ཀྱག་ཀྱོག་གི་ལམ་ཕྲན་ཞིག་གིས་ཨ་ལ་པ་མའི་Alabama མངའ་སྡེའི་མོན་སྒོ་མེ་རས Montgomery
གྲོང་ཁྱེར་ནས་སྣེ་ཁྲིད་དེ་ཨོ་སི་ལོ་ Oslo ལ་སླེབས་ནས་དྲང་བདེན་ལ་བདེན་དཔང་བྱེད་ཀྱི་ཡོད་པ་རེད།
ལམ་འདིའི་སྟེང་ཤ་མདངས་ནག་པོ་ཡིན་པའི་མི་ས་ཡ་མང་པོ་འགྲུལ་བཞུད་བྱས་ནས་རང་ཉིད་ཀྱི་ཁྱད་འཕགས་རང་བཞིན་རྙེད་ཐུབ་ངེས་ཡིན་ལ༌། ལམ་འདིས་ཨ་རི་བ་ཚང་མའི་རེ་བ་དང༌།
ཡར་རྒྱས་ཀྱི་སྒོ་མོ་ཕྱེས་ནས་སྤྱི་འབངས་ཀྱི་ཐོབ་ཐོབ་ཀྱི་ཁྲིམས་གཞི་གསར་བ་ཞིག་སྟེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་དྲང་བདེན་གྱི་ལམ་ཆེན་ནང་སྣེ་ཁྲིད་ངེས་ཡིན་ལ།
ཤ་མདངས་ནག་པོ་ཡིན་པའི་མི་དང་ཤ་མདངས་དཀར་པོ་ཡིན་པའི་མི་རྣམས་མནའ་མཐུན་གྱི་གྲངས་ཚད་ཇེ་མང་དུ་སོང་ནས། ཐུན་མོང་གི་དཀའ་ངལ་ལ་གདོང་ལེན་བྱེད་པར་ཡིད་ཆེས་ངེས་རྙེད་བྱུང༌།
ངས་ཨ་རི་ལ་ཉམས་མེད་ཡིད་ཆེས་དང༌། མ་འོངས་པའི་འགྲོ་བ་མིའི་མདུན་ལམ་ལ་བློ་སྟོབས་ཆེན་པོའི་ཡིད་ཆེས་དང་མཉམ་དུ་དེ་རིང་ག
ཟེངས་རྟགས་འདི་དང་ལེན་བྱེད་ཀྱི་ཡོད། མིའི་རང་གཤིས་ནི་ནུས་མེད་ཞིག་ཡིན་པར་འདོད་པའི་བསམ་ཚུལ་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད༌།
སྐྱེས་བོ་རྣམས་ཀྱི་མི་ཚེ་ནི་་ཆུའི་རླབས་རྒྱུན་དང་ཟེགས་མ་ཁོ་ནའི་ནང་་འཁོར་ནས་བསྡོད་ངེས་རེད་སྙམ་པའི་བསམ་ཚུལ་དེ་ངས་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད།
འགྲོ་བ་མི་ཚང་མ་སྐར་མ་མེད་པའི་མཚན་ནག་གིས་བཅིངས་པའི་རིགས་རྒྱུད་དབྱེ་འབྱེད་དང༌།
དམག་འཐབ་ཀྱི་སྡུག་བསྔལ་ཁྲོད་ནས་ཞི་བདེ་དང་ཕན་ཚུན་བར་སྤུན་ཟླའི་འདུ་ཤེས་འཛིན་པའི་སྐྱ་རེངས་ཤར་མི་སྲིད་སྙམ་པའི་བསམ་ཚུལ་ངས་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད།
དེ་རིང་འབར་རྫས་གད་པའི་ཐལ་རྡུལ་དང༌། མེ་མདའི་སྐད་སྒྲ་གང་སར་སྒྲོག་བཞིན་ཡོད་ནའང༌། འོད་སྟོང་འཕྲོ་བའི་སང་ཉིན་ཤར་ཡོང་བ་ང་ལ་ཡིད་ཆེས་ཡོད༌།
ང་ཚོའི་རྒྱལ་ཁབ་ནང་ཁྲག་ཐིགས་འཛགས་བཞིན་པའི་སྲང་ལམ་དུ་དྲང་བདེན་ལ་རྨས་སྐྱོན་ཕོག་ནས་གན་རྐྱལ་དུ་འགྱེལ་ཡོད་ནའང༌།
ངོ་ཚ་ཁ་སྐྱེངས་དགོས་པའི་གནས་སྟངས་འདི་ལས་ཡར་ལངས་ཡོང་བ་ང་ལ་ཡིད་ཆེས་ཡོད། སྐྱེས་བོ་ཡོངས་ཀྱི་སྐུ་གཟུགས་ལ་ཉིར་རེར་ཟས་ཐེངས་གསུམ་རེར་དགོས་པ་དང༌།
བསམ་བློའི་གོ་རྟོགས་སྤེལ་ཆེད་ཤེས་ཡོན་དང་རིག་གཞུང་དགོས་པ། བློ་སྤོབས་རྒྱས་ཆེད་ཁྱད་འཕགས་རང་བཞིན་དང༌། འདྲ་མཉམ། རང་དབང་དགོས་པ་ང་ལ་ཡིད་ཆེས་ཡོད།
རང་གཅེས་འཛིན་བྱེད་མཁན་རྣམས་མར་འགྱེལ་ནས༌། གཞན་གཅེས་འཛིན་བྱེད་མཁན་རྣམས་ཡར་ལངས་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད༌།
ཉིན་ཞིག་སྐྱེས་བོ་ཡོངས་ཀྱིས་ལྷ་ཡི་མདུན་དུ་གུས་ཕྱག་འཚལ་ཏེ། མི་གསོད་ཁྲག་སྦྱོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ནས། འཚེ་མེད་ཞི་བས་འཇིག་རྟེན་སྐྱོང་ཐུབ་པ་ང་ལ་ཡིད་ཆེས་ཡོད།
ཉིན་ཞིག་སེང་གེ་དང་ལུ་གུ་མཉམ་གནས་བྱེད་པ་དང༌། འགྲོ་བ་མི་ཚང་མ་འབྲས་ལྡན་ཤིང་གི་འོག་ཏུ་ཞེད་སྣང་དང༌། འཇིགས་སྣང་གང་ཡང་མེད་པར་མཉམ་གནས་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད༌།
ཡིད་ཆེས་འདིས་ང་ཚོའི་མིག་མདུན་དུ་ཡོད་པའི་ངེས་མེད་ཀྱི་མ་འོངས་པའི་མདུན་ལམ་ལ་གདོང་ལེན་བྱེད་རྒྱུར་སྤོབས་པ་སྤྲོད་ངེས་ཡིན།
ཡིད་ཆེས་འདིས་དཀའ་ངལ་གྱིས་ཐང་ཆད་ཡོད་པའི་རྐང་བ་གཉིས་ལ་རང་དབང་གི་གྲོང་ཁྱེར་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་གསར་བ་ཞིག་སྤྲོད་ངེས་ཡིན།
ཉིན་མོའི་དུས་སུ་སྤྲིན་ནག་ལང་ལོང་དུ་མཁྲིགས་ཤིང༌། མཚན་མོ་མུན་ནག་གྱིས་ཁེངས་པའི་དུས་ཤིག་ཡིན་ནའང༌།
ང་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ནས་དཔལ་ཡོན་ལྡན་པའི་དུས་རབས་གསར་བ་ཞིག་སྐྲུན་ཆེད་འཐབ་རྩོད་ཀྱི་ལས་འགོ་ཚུགས་ཡོད་པ་གསལ་བོར་ཤེས་ཀྱི་ཡོད།
དེ་རིང་མི་ཆོས་རིང་ལུགས་ཀྱིས་སེམས་ཤུགས་སྤར་བ་དང༌། རང་ཉིད་བློས་གཏོང་ཐུབ་པའི་མི་རྣམས་ཀྱིས་ང་ལ་ཡིད་ཆེས་བློ་གཏད་བྱས་པའི་མིང་ཐོག་ནས་ཨོསི་ལོར་ Oslo ཡོང་བ་ཡིན།
ངས་ནོར་སྤེལ་ཞི་བདེ་གཟེངས་རྟགས་འདི་ཞི་བདེ་དང༌། ཕན་ཚུན་བར་སྤུན་ཟླའི་འདུ་ཤེས་འཛིན་རྒྱུར་དགའ་བའི་འགྲོ་བ་མི་ཚང་མའི་ཚབ་བྱས་ནས་དང་ལེན་བྱེད་ཀྱི་ཡོད།
བསྒྱུར་མཁན་གྱི་གསལ་བཤད།
སློབ་དཔོན་མར་ཏིན་ལུ་ཐར་ཁིན་ (Martin Luther King, JR) ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་ཁོང་དགུང་ལོ་སོ་ལྔ་ཡིན།
གང་ཟག་སྒེར་བ་གཅིག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཡིན་པ་རེད། ཁོང་ལ་གཟེངས་རྟགས་འདི་ཐོབ་ནས་ལོ་༢༥་རྗེས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་གཟེངས་རྟགས་འདི་ཐོབ་ཡོད་པ་རེད
http://www.paldengyal.com/?p=696