རྩོམ་པ་པོ། ཁྲན་ཕོའོ་ཁུང་།


༄༅། །ཕྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཏཱ་ལའི་བླ་མས་བཙན་བྱོལ་བོད་ཀྱི་གྲོས་ཚོགས་སུ་ཕྱག་ཡིག་གཅིག་བསྐུར་ནས་ཁོང་ཉིད་ཆབ་སྲིད་ལས་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་པའི་ཐག་གཅོད་གསལ་བརྡ་སྤེལ་ཡོད། བཙན་བྱོལ་གྲོས་ཚོགས་ཀྱིས་དེའི་ཐོག་འཁྲུག་ཆ་དོད་པའི་རྩོད་གླེང་བྱས་པ་དང་། གྲོས་ཚོགས་ཀྱི་ཚོགས་མི་ཕལ་ཆེ་བའི་བསམ་པར་སུས་ཀྱང་ཏཱ་ལའི་བླ་མའི་གནས་བབ་དང་། ཤུགས་རྐྱེན་ནུས་པར་འགྲན་མི་ནུས་པས་ཁོང་བགྲེས་ཡོལ་དུ་ཕེབས་པར་མོས་མཐུན་བྱས་མེད། དེར་བརྟེན་བཙན་བྱོལ་གྲོས་ཚོགས་ཀྱིས་ཏཱ་ལའི་བླ་མ་རང་སོར་བཞུགས་པའི་སྐྱབས་འཇུག་རེ་འབོད་ཞུས་པ་རེད། འོན་ཀྱང་། ཏཱ་ལའི་བླ་མས་མུ་མཐུད་འགན་འཁྲི་བཞེས་རྒྱུར་མཐའ་གཅིག་ཏུ་ཁས་ལེན་མ་གནང་བར་༼ཁོང་ཉིད་ཆབ་སྲིད་ཀྱི་སྟེགས་བུ་ལས་དགོངས་ཞུ་གནང་བའི་སྟོང་ཆར་དང་ལེན་ཕྱིར་འགྱངས་བྱེད་པ་ནི། དཀའ་ངལ་ལ་གདོང་ལེན་བྱེད་མི་ཐུབ་པའི་རྣམ་པ་ཞིག་རེད།༽ཅེས་གསུངས་ཡོད། མཐར་བཙན་བྱོལ་གྲོས་ཚོགས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ཏཱ་ལའི་བླ་མ་སྲིད་སྟེགས་ལས་ཕྱིར་འཐེན་གནང་བའི་ཐུགས་ཐག་ལ་ཁས་ལེན་གྱི་གྲོས་ཆོད་བཞག་པ་རེད། འོན་ཀྱང་དུས་མཉམ་པར་གྲོས་ཚོགས་ཀྱིས་དེ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ཐག་གཅོད་ཅིག་ཡིན་པར་ངོས་ལེན་བྱས་ཡོད།
དེ་དང་དུས་མཉམ་པར་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་འོས་བསྡུའི་ལམ་ནས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་གསར་པ་དང་། སྲིད་བློན་(བཀའ་བློན)འོས་འདེམས་བྱེད་བཞིན་ཡོད་པ་རེད། ཏཱ་ལའི་བླ་མས་ཆབ་སྲིད་ལས་དགོངས་ཞུ་གནང་བ་དང་གསར་དུ་འདེམས་བསྐོ་ཡོང་བའི་སྲིད་བློན་(བཀའ་བློན་)དེ་བཙན་བྱོལ་བོད་མི་ཚོའི་དོན་དམ་གྱི་ཆབ་སྲིད་དབུ་ཁྲིད་ཆགས་རྒྱུ་རེད། དེ་སྔོན་རྩོམ་པ་པོས་ཏཱ་ལའི་བླ་མས་གང་གསུངས་པ་དང་། གང་གནང་བ་ཡིན་ནའང་འཇིག་རྟེན་ཁ་རྒྱུན་དུ་༼རྩ་མི་ཚང་བ་༽ལྟ་བུར་གྲགས་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་དམའ་འབེབས་དང་ངན་ས་ཁོ་ན་བྱེད་ཀྱི་རེད་ཅེས་ཚིག་ཐག་བཅད་ནས་བཤད་ཡོད། དོན་དང་མཐུན་པར་ད་ལན་ཏཱ་ལའི་བླ་མས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསལ་བསྒྲགས་སྤེལ་བ་དེས་ཀྱང་རྒྱ་ནག་གི་དམའ་འབེབས་དང་ངན་ས་ཟམ་མི་ཆད་པ་བསུས་ཡོད།
རྒྱ་གཞུང་གི་མགྲིན་ཚབ་པས། དེ་ནི་༼རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བའི་གཡོ་ཐབས་ཤིག་རེད་༽ཅེས་བཤད་ཡོད། རྒྱ་ནག་གིས་མཁས་དབང་བེད་སྤྱད་ནས་ཏཱ་ལའི་བླ་མ་དངོས་གནས་བགྲེས་ཡོལ་ལ་ཕེབས་མིན་ཐད་དོགས་པ་ཡོད་ཁུལ་བྱས་པ་དང་། བཙན་བྱོལ་བོད་གཞུང་མང་གཙོ་ཅན་དུ་གྱུར་བ་ནི་རྫུན་མ་རེད་ཅེས་ཧམ་བཤད་བྱས་ཡོད། ད་དུང་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་དང་འཛིན་སྐྱོང་བྱེད་པའི་བོད་ཀྱི་སྲིད་གཞུང་རྫུས་མས་༼བོད་རང་སྐྱོང་ལྗོངས་ཟེར་བ་མིན་ནམ་སྙམ་༽ཧུར་སེམས་ཆེན་པོས་༼དོན་སྙིང་གང་ཡང་མེད་པའི་རྒན་ཡོལ་གྱི་སྐད་ཆ་དེས་(ཏཱ་ལའི་བླ་མའི་)སྲིད་ཚོང་པའི་ངོ་རིས་ངོ་མ་ཕྱིར་སྟོན་བྱས་པ་རེད༽ཅེས་བཤད་ཡོད། དོ་མཉམ་གྱི་འགྲེལ་བརྗོད་གཞན་ཞིག་ནི། ཏཱ་ལའི་བླ་མ་སྲིད་སྟེགས་ལས་དགོངས་ཞུ་གནང་བ་ཡིས་རྒྱ་ནག་གི་ཐབས་ཇུས་ཡོངས་རྫོགས་འཁྲུག་པར་བྱས་ཡོད། དེ་ཡང་རྒྱ་ནག་གིས་བོད་ཀྱི་གནད་དོན་ཞིག་ཡོད་པར་རྩ་བ་ནས་ཁས་ལེན་བྱེད་ཀྱི་མེད་ཀྱང་། ཏཱ་ལའི་བླ་མ་སྐུ་སྒེར་གྱི་(མདུན་ལམ་)གནད་དོན་ཞིག་ཡོད་པར་ཤོད་ཀྱི་ཡོད། སྤྱིར་འབྲེལ་མོལ་བྱས་ནའང་ཏཱ་ལའི་བླ་མའི་སྐུ་ཚབ་དང་འབྲེལ་མོལ་བྱེད་ཀྱི་ཡོད་པ་ལས། བཙན་བྱོལ་བོད་གཞུང་དང་འབྲེལ་མོལ་བྱེད་ཀྱི་མེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕྱོགས་ཡོངས་ནས་མང་གཙོ་ཅན་དུ་གྱུར་བ་ཡིས་ཀྲུང་ནན་ཧེ་༼རྒྱ་ནག་གི་དབུས་སྲིད་གཞུང་རྟེན་གཞི་བྱེད་ས༽ཅི་བྱ་གཏོལ་མེད་དུ་འགྱུར་ཡོད་ལ། མ་ཡིན་ཡིན་མདོག་གིས་བོད་ལ་༼དམངས་གཙོའི་བཅོས་བསྒྱུར་༽བྱེད་མཁན་དུ་རློམ་པའི་རྒྱ་ནག་དེ་བཞིན་བཙན་བྱོལ་བོད་གཞུང་གི་ད་ལྟའི་གནས་བབ་ལས་ཡོངས་སུ་རྗེས་ལུས་ཡིན་སྟབས། ཁ་ཚ་དགོས་གཏུགས་སུ་བཅོས་སྒྱུར་དང་བསྒྱུར་བཀོད་གཏོང་དགོས་པ་ནི་རྒྱ་ནག་ཁོ་རང་ཡིན་པ་འཛམ་གླིང་མི་དམངས་ཀུན་ལ་བསྟན་ཡོད།
བཙན་བྱོལ་གྲོས་ཚོགས་དང་བཙན་བྱོལ་བོད་མི་ཚོར་སྲིད་ཁྲི་ནས་དགོངས་ཞུ་གནང་བའི་ཐག་གཅོད་འགྲེལ་བཤད་གནང་སྐབས་ཏཱ་ལའི་བླ་མས་ལོ་རྒྱུས་ཕྱིར་དྲན་གནང་ནས་༼ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནས་བཞི་པ་བར་ཚང་མ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་འགོ་བཙུགས་ཏེ་གཞི་ནས་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཆགས་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཡིན་པའི་ཆ་ནས་ང་རང་ངོ་མས་མི་ལོ་བཞི་བརྒྱ་མ་ཟིན་ཙམ་རིང་སྔར་སྲོལ་རྒྱུན་འཛིན་བྱས་ནས་ཡོང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་མཇུག་བསྡུ་གི་ཡིན། མ་འོངས་པའི་ཏཱ་ལའི་བླ་མ་ནི་བོད་པ་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་མ་ཡིན་པར། བསམ་པའི་དབུ་ཁྲིད་ཙམ་རེད་(ཆོས་ཕྱོགས་ཀྱི་དབུ་ཁྲིད་) ༽ཅེས་གསུངས་ཡོད།
རྒྱ་ཕྱོགས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མྱ་ངན་ལས་འདས་རྗེས་ཀྱི་ལས་དོན་ཆེད་གྲ་སྒྲིག་བྲེལ་ཟིང་ངང་བྱེད་བཞིན་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་པའི་རྗེས་ཁོ་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱ་རྒྱུ་དང་། ཁོང་ཉིད་ཐག་སྒུལ་འདྲ་གཟུགས་ཤིག་ཏུ་གྱུར་བ་བྱས་ནས་བོད་ལྗོངས་ཁྱོན་ཡོངས་ལ་སྟངས་འཛིན་མཐར་ཕྱིན་པ་བྱ་ཐུབ་ཆེད་བེད་སྤྱོད་གཏོང་འཆར་ཡོད་པ་རེད། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཁོང་རང་ཉིད་ཀྱིས་སྲིད་སྟེགས་ལས་དགོངས་ཞུ་གནང་བའི་གསལ་བསྒྲགས་སྤེལ་བའི་རྗེས་རྒྱ་ནག་གི་མིག་སྔར་ལྷགས་པའི་དཀའ་གནད་ནི། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པར་༽གཞི་རྩ་ཁོ་རང་ནས་བོད་པ་ཚོའི་དོན་དམ་གྱི་ངོས་ལེན་འཐོབ་མི་སྲིད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་སྲིད་སྟེགས་ལས་དགོངས་ཞུ་གསལ་བསྒྲགས་གནང་བ་དང་དུས་མཉམ་པར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མཇུག་བསྒྲིལ་བ་རེད། དེས་སྤྱིར་ཀྲུང་ནན་ཧེ་ཡིས་བསྐོ་བཞག་བྱས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་བོད་པ་ཚོའི་ཐོག་བཙན་འགེལ་བྱས་པ་ཡིན་ནའང་ཆབ་སྲིད་ཐོག་ནས་ནུས་པ་གང་ཡང་འཐོན་ཐབས་མེད་པར་། དེ་ལས་ལྡོག་སྟེ་ཕྱོགས་གཉིས་ཀའི་གནོན་ཤུགས་འོག་འགྲོ་དགོས་པའི་ཐག་སྒུལ་འདྲ་གཟུགས་ཤིག་ཏུ་འགྱུར་རྒྱུ་རེད། ཏཱ་ལའི་བླ་མས་སྲིད་ཁྲི་ཕྱིར་སྤྲོད་གནང་བར་ཀྲུང་ནན་ཧེ་ཡིས་༼ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྲོལ་སྒྲིག་ལམ་གཏོར་བཤིག་གཏོང་མཁན་ཞིག་རེད་༽ཅེས་ངན་ས་བྱས་པ་དེ་ལས་རྒྱ་གཞུང་གི་ཁུག་མའི་ནང་ངན་ཇུས་གང་སྦས་ཡོད་པ་ལས་སླ་པོའི་ཐོག་ཤེས་རྟོགས་ཐུབ་པ་ཡིན། ཕན་ཚུན་འགལ་ཟླར་གྱུར་བའི་ཀྲུན་ནན་ཧེ་ཡི་སེམས་ཀྱི་འཆར་སྒོ་གང་སར་མཐོང་རྒྱུ་ཡོད། ཏཱ་ལའི་བླ་མས་བོད་དུ་༼ཞིང་བྲན་ལམ་ལུགས་༽བསྐྱར་གསོ་བྱེད་རྒྱུ་རེད་ཅེས་རྒྱ་གཞུང་གིས་ཏཱ་ལའི་བླ་མར་དམའ་འབེབས་དང་གཏམ་འཆལ་གང་བྱུང་དུ་སྤེལ་གྱི་ཡོད་ཀྱང་། ཕྱོགས་གཞན་དེར་ཏཱ་ལའི་བླ་མས་ལམ་ལུགས་རྙིང་པ་རྒྱུན་འཁྱོངས་བྱེད་པའི་རེ་སྒུག་བྱས་ནས་མང་གཙོ་ཅན་དུ་འགྱུར་བར་འགོག་ཐབས་བྱེད་ཀྱི་ཡོད། དེ་བཞིན་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ནུས་པར་རྒྱ་ནག་ཞེད་སྣང་སྐྱེ་གི་ཡོད་ཀྱང་། ཕྱོགས་གཞན་དེར་ཏཱ་ལའི་བླ་མས་དངོས་སུ་ཆབ་སྲིད་ཀྱི་དབང་ཆ་བློས་གཏོང་བྱས་པར་རྒྱ་ནག་འཇིགས་སྣང་སྐྱེ་གི་ཡོད་པ་རེད། རྒྱ་ནག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མྱ་ངན་ལས་འདས་རྗེས་བོད་ཀྱི་གནད་དོན་སྒེར་སྡོམ་བྱེད་པའི་ངན་ཇུས་འདིང་བཞིན་ཡོད་ཀྱང་། ཕྱོགས་གཞན་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྐུ་འཚོ་བཞུགས་ཡིན་པའི་སྐབས་དེར་བོད་ཀྱི་མ་འོངས་པར་ཁ་ལོ་བསྒྱུར་བའི་ཐབས་མཆོག་ཅིག་འཐོབ་ན་སྙམ་པའི་རེ་བའང་འཆང་བཞིན་ཡོད།
ཀྲུང་གུང་བོད་ཀྱི་སྲིད་གཞུང་རྫུན་མ་དང་རྒྱ་ནག་གིས་བསླུ་ཉོ་བྱས་པའི་སྤྲུལ་སྐུ་གཅིག་གིས་བོད་ཀྱི་གཏམ་དཔེ་༼སོལ་བ་ནག་པོ་ཇི་ཙམ་ཕུར་ཡང་དཀར་པོར་འགྱུར་ཐབས་མེད་༽ཅེས་པ་དེ་གང་བྱུང་དུ་བེད་སྤྱོད་བྱས་ཡོད། དེ་ནི། གཏམ་ཨ་ཕས་ཤོད་རྒྱུ་ཨ་མས་བཤད། མདའ་ཧོར་པོས་རྒྱག་རྒྱུ་ཧོར་མོས་བརྒྱབ། ཅེས་པའི་དཔེ་ལྟར་རེད། གཏམ་དཔེ་དེ་རྒྱ་གཞུང་ཁྲམ་པའི་རུ་ཚོགས་ཐོག་ཕར་བེད་སྤྱོད་བཏང་བ་ཡིན་ན་འཚམས་ཤོས་རེད།
ཏཱ་ལའི་བླ་མས་མི་དམངས་ལ་ཁོང་ཉིད་དགོངས་ཞུ་གནང་རྒྱུའི་ཐག་གཅོད་འགྲེལ་བཤད་གནང་བའི་སྐབས་ཞར་དུ་དེ་ལྟར་གསུངས་ཡོད། ༼བར་སྐབས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོང་འགྲོ་གྲོན་དེ་རྒྱལ་སྲུང་འགྲོ་གྲོན་ལས་ཆེ་བ་ཡོད་པའི་གནས་ཚུལ་འཁོད་ཡོད། དེས་ག་རེ་བསྟན་གྱི་ཡོད་དམ་ཟེར་ན། རྒྱ་ནག་ལ་ཕྱི་ལོགས་ཀྱི་དགྲ་བོ་ལས་ནང་གི་དགྲ་བོ་མང་བ་ཡོད་པ་བསྟན་ཡོད། དངོས་གནས་དེ་ངོ་གནོངས་དགོས་པ་ཞིག་རེད།༽ ཤེས་པ་ཅན་གྱིས་ཚིག་གཅིག་ས་པ་དེ། རྒྱ་ཡི་རྩིབ་རུས་མཉེན་པོའི་འབེན་ལ་ཕོག ངོ་མ་རྣག་ཐོག་གཙག་ཁེལ་རང་རེད། ཉེ་བའི་ལོའི་ནང་ཏཱ་ལའི་བླ་མས་ཁོང་ཉིད་བགྲེས་ཡོལ་ལ་ཕེབས་རན་པའི་སྐོར་གསུངས་པ་ཙམ་མ་ཟད། ད་དུང་བསྟན་བཤིག་དང་བཅས་ཀྲུང་གོ་གུང་ཁྲན་ཏང་རྒས་ཡོལ་ལ་འགྲོ་རན་པ་རེད་ཅེས་དགོངས་ཚུལ་གསུངས་ཡོད།
༼ད་དུང་ག་རེ་ཟེར། མི་དམངས་སྲིད་གཞུང་ནི་མི་དམངས་ཀྱི་ཆེད་དུ་ཡིན། གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་གི་ཡོད་ཅེས་ཟེར་གྱི་ཡོད་རེད། གང་ལྟར་དོན་ངོ་མ་ནི་མི་དམངས་ཚོ་འདོད་པ་ཁེངས་ཡོད་མེད་དེ་མང་གཙོའི་འོས་འདེམས་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས། མང་གཙོའི་འོས་འདེམས་ཀྱི་ལམ་ནས་འདེམས་ཐོན་བྱུང་བ་ཡིན་ན་གཟི་བརྗིད་རེད། དེ་མིན་གོ་མཚོན་ལ་བརྟེན་ནས་དབང་ཆ་དམ་འཛིན་བྱེད་པའི་དུས་སྐབས་དེ་ཡོལ་ཟིན་པ་རེད།༽ ༼ཆབ་སྲིད་ཀྱི་ལམ་ལུགས་ཚང་མའི་ནང་ནས་ཡག་ཤོས་ནི་གུ་ཡངས་ཆེ་བའི་མང་གཙོའི་ལམ་ལུགས་ཡིན་པར་ཐེ་ཚོམ་མེད།༽ སོགས་དེ་དེ་བཞིན་གྱི་ཏཱ་ལའི་བླ་མའི་བཀའ་སློབ་རྒྱ་ནག་མི་དམངས་ཀྱིས་ཐོས་རྒྱུར་ཀྲུང་ནན་ཧེ་ཞེད་སྣང་ཆེ་ཤོས་བྱེད་ཀྱི་ཡོད། ཏཱ་ལའི་བླ་མས་བཙན་བྱོལ་གྲོས་ཚོགས་ལ་ཕེབས་པའི་ཕྱག་བྲིས་ཀྱི་མཐའ་མཇུག་དེར་ཁོང་གིས་སྤེལ་བའི་(སྲིད་དོན་གྱི་ ༣)  ཡིག་ཆ་༼མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་༽དང་༼ཆབ་སྲིད་ལམ་སྟོན་གཉིས་༽ཁོང་ཉིད་དགོངས་ཞུ་གནང་བ་དང་མཉམ་དུ་༼རང་བཞིན་ནུས་མེད་དུ་འགྲོ་རྒྱུ་༽ཞེས་གསུངས་༼༸གོང་ས་མཆོག་གིས་གྲོས་ཚོགས་ལ་སྩལ་བའི་བཀའ་ཡིག་གི་འབྲུ་དོན་ལྟར་སྒྱུར་བ་པོས་བསྣན།༽ཡོད་པ་དེར་དོ་སྣང་བྱེད་འོས་པ་རེད།
ཡིག་ཆ་དེ་གཉིས་ནང་བོད་རང་བཙན་གྱི་མངོན་འདོད་དམ་རེ་ལྟོས་གསལ་ཡོད། ལོ་མང་རིང་ཀྲུང་ནན་ཧེ་ཡིས་ལྐོག་ཏུ་ཏཱ་ལའི་བླ་མར་ཕྱོགས་གཅིག་ཏུ་གནོན་ཤུགས་སྤྲད་ནས་ཡིག་ཆ་དེ་གཉིས་མེད་པ་བཟོ་དགོས་པའི་རེ་བ་བཏོན་ཡོད། ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཆ་བློས་བཏང་བ་དང་མཉམ་དུ་ཡིག་ཆ་དེ་གཉིས་ནུས་མེད་དུ་འགྲོ་བའི་གསལ་བསྒྲགས་སྤེལ་བ་ནི། ཁོང་གིས་པེ་ཅིང་ཕྱོགས་ལ་སླར་ཡང་ཀུན་སློང་བཟང་པོ་བསྟན་པ་ཞིག་དང་། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་བརྩོན་ལེན་བྱེད་པ་ནི་དོན་དམ་གྱི་རང་སྲིད་རང་སྐྱོང་ཡིན་པ་ལས་བོད་རང་བཙན་མིན་པ་སླར་ཡང་ར་སྤྲོད་གནང་བ་ཞིག་རེད།
ཏཱ་ལའི་བླ་མས་ཇི་ཙམ་ཀུན་སློང་བཟང་པོ་བསྟན་པ་དང་། ཇི་ཙམ་ཁོག་ཡངས་གནང་བ་ཡིན་ནའང་ཀྲུང་ནན་ཧེ་ཕྱོགས་ནས་དྲང་བདེན་གྱི་ལན་འདེབས་ཤིག་ཡོང་རྒྱུ་མིན་པ་དང་། དེ་ལས་ལྡོག་སྟེ་བཟང་ལན་ངན་འཇལ་བྱེད་རྒྱུ་ཡིན་པ་ནི་སྔོན་དཔག་བྱེད་ཐུབ་པ་ཞིག་རེད། དཀའ་གནད་དེའི་དོན་གྱི་སྙིང་པོ་གང་ལ་ཐུག་ཡོད་དམ་ཟེར་ན། བོད་མི་དམངས་དང་འཛམ་གླིང་མི་དམངས་ཀྱིས་སངས་རྒྱས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་བྱེད་པའི་ཏཱ་ལའི་བླ་མ་དང་ཀྲུང་ནན་ཧེ་དབར་གྱི་འབྲེལ་བ་ནི་ལྷ་དང་མིའི་བར་གྱི་འབྲེལ་བ་ཞིག་མ་ཡིན་པར། ལྷ་དང་འདྲེའི་བར་གྱི་འབྲེལ་བ་ཞིག་ཡིན་པས་རེད། བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བ་ནི་བོད་མི་རིགས་རྩ་བརླག་ཏུ་གཏོང་བའི་རེ་ངན་གྱིས་མྱོས་པ་དང་། ཟུངས་ཁྲག་གི་འཁོར་ལོ་བསྐོར་འདོད་པའི་རྒྱ་ནག་གི་གདོན་འདྲེའི་རང་བཞིན་ལ་ཐུག་ཡོད།
ཐོག་མར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཐོག་སྤེལ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༢༩ ཉིན། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༡༡ ཉིན་བྱམས་པ་བསྟན་འཛིན་གྱིས་བོད་བསྒྱུར་ཞུས

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php