ནང་ཆོས་ལ་བོད་ཀྱི་གོ་མཚོན་ལྐོག་གྱུར་མ་ཞེས་བརྗོད་ཆོག

གསར་འགོད་པ་བནྡེ་སྐྱབས་ཀྱིས་བོད་སྒྱུར་བྱས།

       ཨོ་སི་ཊི་ལི་ཡ་ནས་ཡིན་པའི་བོད་དོན་ཉམས་ཞིབ་པ་སྐུ་ཞབས་གྷ་བྷི་རེལ་ Gabriel Lafitte ལགས་ཀྱིས་ རྒྱ་ནག་ལ་འཕྲད་བཞིན་པའི་བོད་ཐོག་གི་འཇིགས་སྣང་ལྐོག་གྱུར་མ༽ ཞེས་པའི་ཉམས་ཞིབ་དཔྱད་བརྗོད་ཅིག་བྲིས་ཏེ་འགྲེམས་སྤེལ་བྱས་ཡོད་ལ། ཁོང་ནི་འདས་པའི་ལོ་མང་རིང་བོད་ཀྱི་གནས་སྟངས་ཐོག་རང་དབང་གི་ཉམས་ཞིབ་པ་ཞིག་ཡིན་ཞིང་། དེ་སྔ་བོད་གཞུང་དྲིལ་བསྒྲགས་ཁོར་ཡིག་སྡེ་ཚན་གྱི་སློབ་སྟོན་པའི་འགན་ཡང་བཞེས་མྱོང་། ཐེངས་འདིར་བཞུགས་སྒར་དུ་ཆེད་ཕེབས་ཀྱིས།རྒྱ་ནག་ལ་འཕྲད་བཞིན་པའི་བོད་ཐོག་གི་འཇིགས་སྣང་ལྐོག་གྱུར་མ། ཞེས་པའི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་ཡོད། དཔྱད་བརྗོད་དེར་ཚན་པ་ ༧ ཡོད་པའི་ནང་དོན་གཤམ་བསལ་ལྟར་ཡིན།      

དང་པོ། རྒྱ་ནག་དེང་རབས་ཅན་ལ་བསྒྱུར་བ་ནི་ཕྱི་ཤུན་ཙམ་རེད།

རྒྱ་ནག་གཞུང་ལ་ཡོད་པའི་འཇིགས་སྣང་ཆེ་ཤོས་ནི་ད་སྔའི་བར་རྒྱ་ནག་དེང་རབས་ཅན་ལ་ཁ་ཕྱོགས་པ་དེ་དོན་དངོས་ཐོག་འཛུགས་སྐྲུན་གྱི་ཕྱི་ངོས་ཙམ་ལས་སྤྱི་ཚོགས་ཀྱི་ཕྱོགས་ངོས་ཡོངས་དང་། ལྷག་པར་དུ་དམངས་སེམས་ལ་བསྒྱུར་བཅོས་བྱས་ཐུབ་མེད་པ་དེ་རེད། མང་ཚོགས་ཀྱི་སེམས་སུ་ཡོད་པའི་དེང་རབས་ཅན་དུ་བསྒྱུར་བའི་ཁེ་ཕན་འདི་ལ་གཡོ་འགུལ་དང་འགྱུར་བའང་འགྲོ་སྲིད་ཅིང་། དེ་ནི་ཉིན་ཞིག་འབར་རྫས་བཞིན་འཐོར་མི་ཡོང་ངམ་བསམ་པའི་འཇིགས་སྣང་ཞིག་ཡོད། རྒྱ་ནག་གི་དེང་རབས་ཅན་ནི་ཐོག་མར་རྒྱ་ནག་གི་མཐོ་རིམ་མི་སྣའི་འཚོ་གནས་ནས་མགོ་བཙུགས་ཏེ། རིམ་བཞིན་གྲོང་ཁྱེར་དེང་རབས་ཅན་དུ་བསྒྱུར་ཡོད་ནའང་། མང་ཚོགས་དཀྱུས་མའི་འཚོ་བའི་གནས་བབ་སྔར་བཞིན་ལྷག་ཡོད་ཅིང་། ད་སྔ་ཁོ་ཚོས་ཡིད་སྨོན་བྱེད་ས་ནི་རྒྱ་ནག་གི་གྲོང་ཁྱེར་འཛུགས་སྐྲུན་དང་། དེང་རབས་ཅན་དུ་ཕྱོགས་པའི་གྲོང་ཁྱེར་ཁག་གི་ཕྱིའི་རྣམ་པ་ཙམ་རེད། འོན་ཀྱང་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་། འབྱོར་ལྡན་ཕྱུགས་བདག་ཚོའི་མིག་ནང་ན་གྲོང་གསེབ་པ་ཚོ་བླུན་རྨོངས་ཀྱི་ཞིང་ལས་པ་དང་། རྗེས་ལུས་ཁྲོད་ཀྱི་དམའ་རིམ་མི་བུ་ཞིག་གི་འདུ་ཤེས་ལས་མེད་ཀྱང་། ཡང་སྙིང་གྲོང་གསེབ་པ་ཚོ་ནི་སྲིད་དབང་མགོ་རྟིང་སློག་ནུས་པའི་དཔའ་བོའི་ཁྱིམ་གཞིས་དངོས་ཆགས་ཡོད་ལ། ཁོ་ཚོས་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས། སྤྱི་ཚོགས་ལ་འཛིན་པའི་འདུ་ཤེས་དེ་ལས་སླ་བོར་རྩ་མེད་དང་དབང་སྒྱུར་ཐུབ་པ་ཞིག་མིན། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི། སྤྱི་ཚོགས་དེང་རབས་ཅན་ལ་ཕྱོགས་པའི་འགོག་རྐྱེན་ཞིག་མ་ཡིན་པར། དེའི་རིག་གནས་ཀྱི་མ་ལག་ལ་ཚད་མཐོ་བོའི་རྨང་གཞི་ཡོད་ཅིང་དུས་རབས་མང་པོའི་རིང་རྒྱ་ནག་གི་སྟོབས་ཤུགས་ལ་རྒོལ་ལན་སྤྲད་ཡོད།

གཉིས་པ། རྒྱ་ནག་དམར་པོའི་གཞུང་གི་འབྱུང་འགྱུར་གྱི་འཇིགས་སྣང་།

དམར་པོའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་ལ་ཕྱོགས་པའི་ལྡེ་མིག་ཅིག་ཏུ་རྩིས་ཡོད་མོད། མའོ་ཤི་རྗེས་དམར་པོའི་བསྒྱུར་བཅོས་ཀྱང་རིམ་བཞིན་མཇུག་རྫོགས་པ་རེད། ཡིན་ནའང་རྒྱ་ནག་གི་དེང་རབས་ཅན་ལ་ཕྱོགས་པའི་འབྱོར་ལྡན་གྲལ་རིམ་གྱི་ཁ་ཕྱོགས་ལ་འགྱུར་བ་གང་ཡང་སོང་མེད་པ་མ་ཟད། དམར་པོའི་བསྒྱུར་བཅོས་ལམ་ལྷུངས་མ་བྱུང་པ་དེ་ནི། ལམ་ཁ་གཞན་པ་ཞིག་ནས་གུང་ཁྲན་ཏིང་ལ་འབྲེལ་བ་ཡོད་པ་ཚོས་མ་རྩ་རིང་ལུགས་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་གཅིག་སྡུད་ཁྲོམ་རའི་ཚོང་ལས་ལག་བསྟར་གྱིས་དེང་རབས་ཅན་དུ་བསྐྱོད་པའི་གོ་སྐབས་ཤིག་ཏུ་གྱུར་བ་རེད། འོན་ཀྱང་། མཐར་ཁོ་ཚོ་ཕམ་ཉེས་གཏོང་མཁན་ནི་བླུན་རྨོངས་དུ་བརྩི་བའི་དམའ་རིམ་མང་ཚོགས་ཀྱི་ཡར་ལངས་རེད། མཇུག་འབྲས་འདི་ནི་འབྱོར་ལྡན་དེ་དག་གིས་ཁོ་རང་ཚོ་མ་གཏོགས་གཞན་སུ་ཡང་མེད་བསམ་པའི་སྟོང་བསམ་གྱི་འབྲས་བུ་རེད། རྒྱ་ནག་གཞུང་ལ་དོན་རྐྱེན་འདི་ནས་བསླབ་བྱ་ཞིག་ཐོབས་ཏེ། ཕྱིར་དམངས་ལ་རྒྱུ་དངོས་བགོ་བཤའ་དང་ཉམ་ཐག་ཚོར་སྐྱོབ་གསོ་སྤྲོད་པ། དམངས་ཁྲོད་ཀྱི་སློབ་གྲྭ་ཁག་ཡར་རྒྱས་དང་འཕྲོད་བསྟེན་ཇེ་བཟང་ལ་གཏོང་པ་སོགས་ཀྱི་སྲིད་ཇུས་བཟུང་པ་དེ། བླུན་རྨོངས་སུ་འདོད་པའི་དམངས་ལ་བསླུ་བྲིད་རང་བཞིན་གྱི་བྱེད་ཐབས་བཀོལ་བ་ཙམ་རེད།

རྒྱ་ནག་གི་མཐོ་རིམ་མི་སྣ་ཚོས་རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་དང་གྲོང་གསེབ་ཁག་གི་གནས་སྟངས་རགས་བསྡུས་ཙམ་ལས་དོན་དངོས་ཀྱི་ཞིབ་ཕྲའི་གནས་བབ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ལ། ཞིང་ཕྱུགས་ས་ཁུལ་གྱི་མང་ཚོགས་ཚོའི་འཚོ་བ་དངོས་ལ་རྒྱུས་ལོན་བྱས་ཏེ་བྱེད་ཐབས་མ་སྤེལ་བར། གྲོང་ཁྱེར་ཁོ་ན་འཛུགས་སྐྲུན་རྒྱ་སྐྱེད་ཀྱི་ཐོག་ནས་དེང་རབས་ཅན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པ་དེ་རྒྱ་ནག་དེང་རབས་ཅན་དུ་ཕྱོགས་ཐབས་ཀྱི་དོན་དངོས་དང་རྒྱབ་འགལ་དུ་ཕྱིན་ཡོད་པ་འདི་ནི་འབྱུང་འགྱུར་གྱི་དཀའ་ངལ་ཞིག་དང་འཇིགས་སྣང་སྐྱེ་གཞི་ཞིག་ཏུ་འགྱུར་ཡོད།  

གསུམ་པ། དོན་དངོས་ལ་འཚོལ་ཞིབ།

མའོ་ཡིས་༧གོང་ས་མཆོག་ལ་ ཆོས་དུག་རེདཅེས་བརྗོད་པ་དེ་དམར་པོའི་ལྟ་གྲུབ་ལ་བཟུང་པའི་ཞེན་ཁོག་བསྐྱར་ཟློས་བྱས་པ་ཞིག་རེད། དམར་པོའི་ལྟ་གྲུབ་ནི་དེང་རབས་ཅན་ལ་བགྲོད་པའི་གསང་བསྔགས་ཀྱི་ལམ་བུ་ཐུང་ཐུང་ཞིག་ཏུ་འདོད་ཀྱི་ཡོད། གལ་སྲིད་དེ་ལྟར་འདོད་ན། གསང་བསྔགས་ཇི་བཞིན་ཆོད་སེམས་བརྟན་པོ་དང་ཁྱོན་ཡོངས་ཀྱི་མིའི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཏེ་མི་ཡུལ་གྱི་དག་ཞིང་གི་རྨི་ལམ་དེ་འགྲུབ་པ་བྱ་དགོས་མོད། དེ་ལྟར་མ་བྱུང་བ་ནི་འཇིག་རྟེན་སྟེང་གི་རྒྱུ་དངོས་རིགས་གཅིག་ཁོ་ན་དོན་དུ་གཉེར་བས་རེད།

རྒྱ་ནག་དམར་པོ་གཞུང་གིས་འཚོལ་བཞིན་པའི་འཇིག་རྟེན་སྟེང་གི་དོན་དམ་ནི། རང་ཉིད་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་མངོན་འགྱུར་བྱས་ཏེ། ཕྱི་ཕྱོགས་ཀྱི་འཇིགས་པ་དང་ནང་ཁུལ་གྱི་རྙོག་འཛིང་། དབུལ་ཕོངས་དང་རྨོངས་ཞེན་སོགས་ལས་རྣམ་པར་རྒྱལ་རྒྱུ་དེ་རེད།  ཁོ་ཚོས་ཆོས་ལུགས་དམིགས་འབེན་དུ་བཟུང་སྟེ་གཏོར་བཤིག་གཏོང་དོན་ཡང་། མང་ཚོགས་རྣམས་སྲོལ་རྒྱུན་གྱི་རིག་གནས་སྣ་ཚོགས་འོག་འདུས་པའི་གོང་བུ་ལ་གཏོར་བཤིག་བཏང་སྟེ། མེས་རྒྱལ་ཁྱིམ་ཚང་ཆེན་པོ་གོང་བུ་གཅིག་གྱུར་བྱ་རྒྱུ་ཁོ་ནར་དམིགས་པ་རེད།

རྒྱ་ནག་གིས་ཆོས་ལུགས་དང་རིག་གནས་རྩ་མེད་གཏོང་པའི་སྲིད་ཇུས་ལག་བསྟར་བྱས་ནས་དུས་ཡུན་རིང་པོ་ཕྱིན་པ་རེད། གོ་མིན་ཏིང་དང་གུང་ཁྲན་ཏིང་གཉིས་ཀྱི་དཔོན་རིགས་ཚོས་ཆོས་ལུགས་ལ་འཛིན་པའི་རྨོངས་དད་དེ་རྒྱལ་ཁབ་གཅིག་གྱུར་དང་། འཕེལ་རྒྱས་ལ་འཕྲད་པའི་ཉེན་ཁ་ཆེས་ཤོས་ཀྱི་འགོག་རྐྱེན་ཞིག་ལ་ངོས་འཛིན་བྱས་ཡོད། ཁོ་ཚོས་བཙན་ཤུགས་ལ་བརྟེན་ཏེ་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་རིག་གནས་ཀྱི་ཞེན་ཁོག་དོར་དུ་བཅུག་སྟེ། རྒྱལ་ཁབ་ལ་བློ་གཅིག་སེམས་གཅིག་བྱ་དགོས་པ་ལས། རྒྱལ་ཁབ་དང་ཆོས་ལུགས་གཉིས་ལ་དད་མོས་སོ་སོར་བྱ་ཐབས་མེད་པ་དེ་ཡིན། དོན་དངོས་ཐོག་རྒྱང་རིང་མདོ་དབུས་མཐོ་སྒང་གི་བོད་རིགས་ཚོས་སོ་སོའི་དབུ་ཁྲིན་ལ་འཛིན་པའི་དད་མོས་ཀྱི་འདུ་ཤེས་དེར། ནམ་ཡང་འགྱུར་བ་མ་ཕྱིན་པར་བརྟན་པོར་གནས་ཡོད་པ་འདིས་ཁོ་ཚོ་རྒྱལ་ཁབ་(རྒྱ་ནག)ལ་དུས་ནམ་ཡང་དགའ་ཞེན་དང་གུས་བཀུར་གྱི་འདུ་ཤེས་བསླེབ་ཐུབ་ཀྱི་མེད་པ་གསལ་བོར་མཚོན་ཡོད།

བཞི་བ། སྒྲིག་གཞི་བཅོས་བསྒྱུར་དང་བཙན་ཤུགས་རྒྱུན་འཁྱོངས་གཉིས་ཀྱི་གདམ་ཀ

༢༠༡༠ ལོའི་ཟླ་ ༡༡ ཚེས་ ༡ ནས་དྲག་གནོན་བསྐྱར་གསོ་དངོས་སུ་བོད་ཀྱི་དགོན་སྡེ་ཁག་ལ་ལག་བསྟར་བྱེད་མགོ་བརྩམས་ཏེ། དགོན་པའི་འཚོ་བ་དང་ཆོས་ལུགས་ཉམས་ལེན་བྱེད་ཕྱོགས་ཐད་ལ་ཐེ་བྱུས་སྔར་ལས་ཆེ་རུ་གཏོང་མགོ་བཙུགས་ཡོད་པ་དེ་ནི། དགོན་སྡེ་ཁག་གི་ཆོས་ལུགས་བྱེད་སྒོ་དང་ནང་ཆོས་སློབ་གཉེར། བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་སྤེལ་བཅས་ལ་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཚོད་འཛིན་དང་འགོག་རྐྱེན་བཟོ་བར་དམིགས་པ་ཞིག་རེད་ཅེས་བཙན་བྱོལ་བོད་མི་ཚོས་སྐྱོན་བརྗོད་བྱེད་ཀྱིན་ཡོད།

རྒྱ་ནག་དཔོན་རིགས་ཚོས་འདི་ལྟར་བོད་ལ་དྲག་གནོན་བྱེད་དགོས་པའི་རྩ་དོན་གང་ལ་ཐུག་ཡོད་དམ། འདི་ལ་རྒྱ་ནག་གི་སྙིང་ཁུང་ན་ཡོད་པའི་འཇིགས་སྣང་ཇི་བཞིན་དྲིས་ལན་གནད་དུ་འཁེལ་བ་ཞིག་བརྙེད་མེད། དམར་པོའི་ལྟ་གྲུབ་ཆོས་མེད་སྨྲ་བ་དང་དམར་པོའི་སྲིད་གཞུང་གིས་ཆོས་ལུགས་དུག་ཏུ་མཐོང་པས་རེད་དམ་ཞེ་ན། གོ་མིན་ཏིང་དང་མཱ་པི་ཧྥང་སོགས་དམར་པོའི་གཞུང་མིན་ལ། དམར་པའི་ལྟ་གྲུབ་འཛིན་མཁན་ཡང་མིན། མདོ་དོན་རྒྱ་ནག་གི་དཔོན་རིགས་ཚོའི་མི་མཐུན་པའི་བསམ་བློ་དེར་ངེས་ཤེས་མ་བྱུང་བར་དུ་རྒྱ་བོད་བར་གྲོས་མོལ་ཞིག་ཡོང་ཐབས་མེད། དེར་བརྟེན། དང་པོ་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་ཏེ་འདས་པའི་དུས་རབས་སོ་སོར་ཁོ་ཚོས་ཆོས་ལུགས་ལ་དྲག་གནོན་གྱིས་སྤྱི་ཚོགས་ཧྲིལ་བོ་དེང་རབས་ཅན་དུ་བསྒྱུར་ཐབས་བྱས་པའི་བྱུང་རབས་ལས་ང་ཚོས་སོ་སོའི་བསམ་བློ་གཏོང་བའི་ཁ་ཕྱོགས་གསལ་བཟོ་དགོས།

དེ་རིང་གི་རྒྱ་ནག་ནི་ཕྱོགས་གང་ཐད་ནས་འཕེལ་རྒྱས་འགྲོ་མུས་ཡིན་ལ། དབུལ་ཕོངས་ལ་རོགས་སྐྱོར་དང་སྤྱི་ཚོགས་འཆམ་མཐུན་ཐད་ཤུགས་གནོན་རྒྱག་གི་ཡོད་རུང་། ད་དུང་རྒྱ་ནག་དཔོན་རིགས་ཚོས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་འཛིན་པའི་འདུ་ཤེས་ངན་པ་འདི་དོན་ངོ་མ་གང་ལ་ཐུག་ཡོད་དམ། དྲིས་ལན་འདི་ཁ་ཇེ་གསལ་ཡོང་ཆེད་ང་ཚོས་ད་ལྟའི་རྒྱ་ནག་གི་ཕུགས་བསམ་དང་རེ་འདུན། རྒྱ་ནག་དེང་རབས་ཅན་ལ་གོམ་པ་སྤོས་པའི་ཐོག་མའི་ལོ་རྒྱུས་བཅས་ལ་བལྟ་དགོས། ཆོས་ལུགས་ནི་སྤྱི་ཚོགས་དེང་རབས་ཅན་ལ་བསྐྱོད་པར་འགོག་རྐྱེན་གྱི་དགྲ་བོར་ངོས་འཛིན་བྱེད་པའི་བསམ་བློའི་ཐད། གོ་མིན་ཏིང་ཡང་ད་ལྟའི་དམར་པོའི་གཞུང་དང་གཅིག་མཚུངས་རེད། འོ་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཁ་གཏད་གཅོག་མཁན་དམར་པོའི་རིང་ལུགས་མིན་པར་དེང་རབས་ཅན་དུ་ཕྱོགས་པའི་ལམ་ཁ་འདི་ཆགས་ཡོད་ཚེ། ད་གཟོད་ང་ཚོས་རྒྱུ་རྐྱེན་དངོས་དེར་ངེས་ཟིན་པ་རེད་ལ། དམར་པོའི་རིང་ལུགས་ལ་སྐྱོན་འཛུགས་བྱེད་རྒྱུ་དེའང་མཚམས་འཇོག་བྱ་དགོས།

རྒྱ་ནག་གིས་བོད་ཀྱི་རིག་གཞུང་ལ་དྲག་གནོན་དང་བོད་སྐད་ཡིག་རྩ་མེད་བཟོ་བ་འདི་ཚད་དང་ལྡན་པའི་དེང་རབས་ཅན་ཞིག་མངོན་འགྱུར་བྱ་ཆེད་དུ་རློམ་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་སྐབས། རྒྱ་ནག་གིས་དེང་རབས་ཅན་ལ་ཤུགས་གནོན་རྒྱག་པའི་བྱ་གཞག་འདི་དམར་པོའི་རིང་ལུགས་ལས་རྒྱ་ཆེ་ཞིང་རྒྱུན་རིང་པ་རེད།

མང་ཚོགས་ཀྱིས་དད་མོས་བྱེད་པའི་ཆོས་ལུགས་དེ་སྤྱི་ཚོགས་དེང་རབས་ཅན་ལ་བསྐྱོད་པར་ཇི་ལྟར་འགོག་རྐྱེན་བྱེད་ཀྱི་ཡོད་པ་དང་། བསམ་བློ་འདིའི་ཐོག་མའི་འབྱུང་རྐྱེན་གང་ལ་ཐུག་ཡོད་དམ། སྤྱི་ཚོགས་དེང་རབས་ཅན་དུ་བསྐྱོད་པར་ཆོས་ལུགས་ཀྱིས་འགོག་རྐྱེན་མེད་པར་ཉམས་ལེན་བྱ་ཐུབ་བམ། སྐབས་ཤིག་ཉི་ཧོང་ལའང་རྒྱ་ནག་ལྟར་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུའི་ཐད་དཀའ་ངལ་གཅིག་མཚུངས་འཕྲད་ཡོད།  འོན་ཀྱང་། ཉི་ཧོང་གིས་ལམ་ཁ་མ་འདྲ་བ་ཞིག་བརྒྱུད་དེ་ཕྱོགས་གཉིས་ཀ་གཙིགས་འཛིན་གྱིས་ཡར་ཐོན་དང་འཕེལ་རྒྱས་ཆེ་བའི་དེ་རིང་གི་ཉི་ཧོང་འདི་མངོན་འགྱུར་བྱས་པ་རེད། དེ་ན་རྒྱ་ནག་དེང་རབས་ཅན་མངོན་འགྱུར་ཡོང་པར་འདི་ལྟར་དྲག་སྤྱོད་དང་འགལ་རྐྱེན། གདུག་རྩུབ། བརྟན་ལྷིང་མེད་པ། སྲིད་དབང་མགོ་རྟིང་སློག་པར་ཞེད་སྣང་བྱེད་དགོས་དོན་ག་རེ་ཡིན་ནམ། དེང་རབས་ཅན་ཞེས་པ་དེ་སྲོལ་རྒྱུན་ལམ་ལུགས་རྩ་མེད་བཟོ་པའི་རིག་གསར་ཞིག་མ་རེད། དེ་ཕོ་མོ་ཁྱད་མེད་ཀྱིས་སྤྱི་ཚོགས་ལས་རིམ་ལ་ཞུགས་ཏེ་གྲུབ་འབྲས་ལྡན་པའི་ལས་དོན་གཉེར་རྒྱུ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་ཤེས་ཡོན་དར་སྤེལ་གྱིས་སྒེར་དང་སྤྱི་ཚོགས་གཉིས་ཕན་གྱི་ལམ་ལ་འཇུག་རྒྱུ་དང་། མིའི་ནུས་སྟོབས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་ཡར་ཐོན་གྱི་ལས་གཞི་སྒྲུབ་དགོས་པ་དེ་རེད། 

ལྔ་བ། རྒྱ་ནག་ནང་ཆོས་ལ་ཞེད་སྣང་བྱེད་པའི་རྩ་བ།

བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་རྒྱ་ནག་གིས་ཆོས་ལུགས་ཐད་དྲག་གནོན་བྱས་པའི་བྱུང་རབས་ལ་སྣང་མེད་བཏང་སྟེ། གཙོ་ཆེ་ཤོས་རྒྱ་བོད་གཉིས་མཆོད་ཡོན་གྱི་འབྲེལ་བ་ཡིན་པར་བསྒྲུབས་པ་དེས། མཐར་གཏུགས་ན་ཕྱོགས་གཉིས་འདྲ་མཉམ་ཡིན་པ་བདེན་དཔང་བྱེད་ཀྱི་ཡོད་པ་རེད། རྒྱའི་ལོ་རྒྱུས་སྨྲ་བ་ཚོས་རྒྱ་ནག་གོང་མ་དག་གིས་རྒྱ་བོད་བར་མཆོད་ཡོན་གྱི་འབྲེལ་བ་བཞག་པ་དེ་ནང་ཆོས་ཀྱིས་ཁྱབ་པའི་མཐའ་གྲུའི་མི་རིགས་ཁག་གཅིག་བསྡུ་བྱ་རྒྱུའི་ཐབས་ཇུས་ཤིག་ཡིན་པར་རྗོད་ཀྱི་ཡོད། དོན་དངོས་ཐོག་རྒྱ་ནག་གོང་མ་རེ་ཟུང་མ་གཏོགས་ཕལ་ཆེ་བས་བོད་དང་སོག་པོ་སོགས་ནང་ཆོས་དར་ཁྱབ་ཆེ་བའི་ས་ཁུལ་ཁག་དང་མཉམ་དུ་ནང་ཆོས་ཐད་ནས་འབྲེལ་ལམ་བྱས་པ་དེ་ནང་ཆོས་ཉམས་ལེན་བྱེད་པའི་ས་ཁོངས་དེ་དག་སོ་སོའི་ཆབ་འབངས་སུ་བསྡུ་རྒྱུར་དམིགས་པ་ཞིག་རེད།

མཱིང་དང་ཆིན་རྒྱལ་རབས་སྐབས་སོ་སོར་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་བྱུང་མྱོང་ཡོད་ལ། རྒྱའི་གོང་མ་ཚོས་བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་ལམ་ལུགས་ལ་ཐེ་བྱུས་དང་ཁྲལ་བསྡུ་བ། མཐའ་ན་དགོན་སྡེ་ཁག་གི་རྒྱུ་དངོས་གོང་མས་བང་མཛོད་དུ་བཙན་བསྡུ་བྱས་པ། དེ་བཞིན་གོང་མའི་བཀའ་བཀོལ་ལྟར་ཁྲིམས་ལུགས་ཀྱི་སྟངས་འཛིན་ངེས་ཅན་འོག ནང་ཆོས་གཙོ་བྱས་པའི་ཆོས་ལུགས་རིས་མེད་དང་མང་ཚོགས་ཀྱི་དད་མོས་བཞིན་ཉམས་ལེན་བྱ་རྒྱུའི་ཐོབ་ཐང་སྤྲད་པ་སོགས་བྱུང་མྱོང་ཡོད་ཀྱང་། དམངས་ཁྲོད་དུ་རྒྱལ་ཁྲིམས་ལས་ཆོས་ལུགས་ལ་སེམས་ཚོར་རྣོ་ཞིང་དམངས་སེམས་ལ་དབང་སྒྱུར་ཐེབས་ཀྱི་ཡོད་སྟབས། ཆོས་ལུགས་ནི་དམངས་ཁྲོད་ཀྱི་སྟོབས་ཤུགས་དང་སྲིད་གཞུང་གི་འགྲན་ཟླ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་འདི་རྒྱ་ནག་གི་དུས་སྐབས་སོ་སོའི་དཔོན་རིགས་ཚོས་ནང་ཆོས་ལ་ཞེད་སྣང་བྱེད་པའི་རྩ་བའི་རྒྱུ་རྐྱེན་ཆགས་ཡོད། གོ་མིན་ཏིང་དང་ད་ལྟའི་དམར་པོའི་དཔོན་རིགས་ཚོར་ཡང་ཞེད་སྣང་འདི་གཅིག་མཚུངས་སུ་ཡོད།

དྲུག་པ། རྣམ་དཔྱོད་ལྡན་པའི་དེང་རབས་ཅན་གྱི་ཁ་ཕྱོགས།

ཡང་དག་པའི་དེང་རབས་ཅན་ལ་འཛིན་པའི་ཕུགས་བསམ་དང་དེ་མངོན་འགྱུར་ཡོང་ཐབས་སུ་བརྩོན་ལེན་བྱེད་པ་ནི་འཁྲུལ་སྣང་རེད། དེ་ལྟ་བུའི་དེང་རབས་ཅན་ཞིག་ནམ་ཡང་འཐོབ་དཀའ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སྟོབས་ཤུགས་ལེགས་འགྲུབ་ཡོང་པར་དུས་ནས་དུས་སུ་ཁ་ཕྱོགས་དང་སྲིད་ཇུས་སྣ་ཚོགས་ལྟར་ལག་བསྟར་བྱ་རྒྱུར་དཀའ་ངལ་དང་། སྟངས་འཛིན་བྱ་དགོས་པའི་གནད་དོན་གསར་པ་ཡང་འབྱུང་ངེས་ཡིན། རྣམ་དཔྱོད་དང་ལྡན་པའི་དེང་རབས་ཅན་དེ་ནི། སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་བརྡལ་དང་སྲིད་གཞུང་གི་ཕྱོགས་ངོས་ཀུན་ནས་མང་ཚོགས་དང་ལྷན་དུ་ནུས་པ་འདོན་རྒྱུ་དེ་རེད།

དེང་རབས་ཅན་དང་རྟོག་དཔྱོད་རིག་པ། ཡུ་རོབ་རིག་གསར། རྨོངས་ཞེན་སྤང་འདོར། ཡི་ཤུ་ལྷ་ཁང་གི་སྣང་ཚུལ་གསར་པ། རྨོངས་དད་ལས་ཚན་རིག་གི་རྒྱལ་ཁ་གསར་པ་སོགས་ནི་དུས་རབས་བཅོ་བརྒྱད་པའི་ནང་གི་ཧྥ་རན་སིའི་གསར་བརྗེ་དེ་ཚོར་ད་ལྟའི་རྒྱ་ནག་གི་དཔོན་རིགས་ཚོས་ཡིད་འཇགས་བྱ་དགོས་པའི་གནད་དོན་ཡིན། ཆོས་ལུགས་ཉམས་ལེན་ནི་གང་ཟང་སྒེར་གྱི་གནད་དོན་ཞིག་ལས་སྤྱི་ཚོགས་གནད་དོན་གྱི་བྱེད་སྒོ་དང་ཁ་ཁ་རེད། དེ་གཉིས་ཨུ་ཚུགས་ཀྱིས་མཉམ་བསྲེས་བྱེད་དགོས་དོན་མེད།

དེང་རབས་ཅན་ནི་རྟོག་དཔྱོད་རིག་པའི་གནས་ལུགས་ལ་བརྟེན་ནས་ཐད་ཀར་མདུན་སྐྱོད་བྱ་རྒྱུའི་ཁ་ཕྱོགས་ཤིག་ཡིན། ཁ་ཕྱོགས་དེ་ནི་འཇིག་རྟེན་དངོས་ལུགས་ཀྱི་སྒོ་ལྕགས་འབྱེད་པའི་ལྡེ་མིག་དང་འཇིག་རྟེན་ཀུན་ཁྱབ་ཀྱི་རྨང་གཞིའི་རྩ་འཛིན། རང་བྱུང་ཁམས་ཀྱི་གནས་ལུགས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་བཅས་མངོན་འགྱུར་ཡོང་བའི་མཚོན་རྟགས་ཤིག་ཡིན་དགོས།

བདུན་པ། བོད་ཀྱི་བསམ་བློའི་སྟོབས་ཤུགས་ནི་རྒྱ་ནག་གི་འཇིགས་སྣང་ཆེ་ཤོས་ཡིན།

དུས་རབས་དུ་མའི་རིང་རྒྱ་ནག་གིས་རྒྱ་རིགས་དང་བོད་རིགས་ཚོས་དད་མོས་བྱེད་པའི་ནང་བསྟན་ཆོས་ལུགས་ཐོག་དྲག་གནོན་བྱས་དགོས་པའི་གནད་དོན་གང་ལ་ཐུག་ཡོད། དེ་ནི་རྒྱའི་དཔོན་རིགས་ཚོ་འདོད་རྔམ་ཆེ་དྲགས་པ་དང་ཧམ་འཛུལ་ཆེ་དྲགས་པ། ཁོ་ཚོའི་གཤིས་སྤྱོད་རྩུབ་དྲགས་པས་ཡིན་པར་བསམ་སྲིད། དེ་ཚོ་དོན་དངོས་མ་རེད། ཁོ་ཚོའི་བྱ་སྤྱོད་དེ་ཚོ་གདུག་རྩུབ་ལས་བྱུང་བ་ཞིག་མིན་པར་འཇིགས་སྣང་ཞིག་ལས་མགོ་བརྩམས་པ་རེད། དམངས་ཁྲོད་ཀྱི་རིག་གནས་རིན་ཐང་དང་ཉམས་ལེན། བསམ་བློའི་ཐོན་ཁུངས་སོགས་ཚད་ངེས་ཅན་ཞིག་ཏུ་བསླེབས་པ་དང་ལྷན་དུ་སྤྱོ་ཚོགས་ཀྱི་གནས་བབ་ཀྱང་ཚད་མཐོ་བོར་བསླེབས་པའི་སྣང་ཚུལ་བྱུང་བ་དང་ལྷན་དུ། ཁོ་ཚོས་སོ་སོའི་སྲིད་དབང་བརྟན་ལྷིང་མེད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་དེས་ཁོ་ཚོར་འཇིགས་སྣང་ཞིག་བསྐྱེད་དུ་བཅུག་ཡོད། འཇིགས་སྣང་དེའི་དབང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཉམས་ཉེས་སུ་གཏོང་ཕྱིར་ཆོས་ལུགས་དང་སྲོལ་རྒྱུན་ལམ་ལུགས། རིག་གཞུང་སོགས་ལ་དྲག་གནོན་བྱ་མགོ་བཙུགས་པ་རེད། རྒྱ་ནག་ཏུ་དར་བའི་ནང་ཆོས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི། སྤྱི་ཚོགས་ཀྱི་གཏིང་ཟབ་སར་འཛུལ་ཞིང་དཀའ་རྙོག་ལ་གདོང་ལེན་བྱེད་ནུས་པའི་བསམ་བློའི་སྟོབས་ཤུགས་སྐྲུན་གྱི་ཡོད་པ་དེས་རྒྱལ་ཁབ་ལས་སོ་སོའི་རྩ་བའི་བླ་མ་གཙུག་ཏུ་བཀུར་བ་ཡིན་པས་སོ།

དུས་རབས་མང་པོའི་རིང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་རྒྱ་ནག་གཙོས་ཕྱིའི་བཙན་འཛུལ་དང་དབང་ཤུགས་ལ་གདོང་ལེན་བྱས་ཡོད་ལ། ཉེ་བའི་ཆར་རྒྱ་ནག་དཔོན་རིགས་ཚོས་བྱེད་ཐབས་སྣ་ཚོགས་ལ་རྟེན་ནས་ནང་ཆོས་ནི་རྨོངས་དད་ཡིན་པར་སྐུལ་སློང་གིས་རྩ་གཏོར་གཏོང་བར་འབད་བརྩོན་བྱས་ཡོད་མོད། དེ་ལ་ལྡོག་ཕྱོགས་ཀྱི་མཇུག་འབྲས་འཐོན་བཞིན་ཡོད། དེར་བརྟེན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་བསམ་བློའི་སྟོབས་ཤུགས་ཤིག་ཡིན་ལ། བོད་ཀྱི་གོ་མཚོན་ལྐོག་གྱུར་མ་ཞེས་བརྗོད་ཀྱང་ཆོག

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php