རང་སྐྱོང་གི་ཁེ་དབང་། - ལིག་ཞོ་པོ།

རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བོད་སྒྱུར་བྱས།

       དམག་ཆེན་གཉིས་པའི་རྗེས་སུ་རང་སྐྱོང་གི་ཁེ་དབང་ཡང་སྤང་ལ་མེ་སྟག་འཐོར་བ་བཞིན་ཕྱོགས་གང་སར་ཁྱབ་པར་གྱུར་ཅིང་།  “མི་བུའི་ཆེས་མཐོའི་ཁེ་དབང་ཡང་མི་བུ་རེ་རེ་ཡི་སེམས་ལ་བྱང་པར་གྱུར།    གྲངས་ཉུང་མི་རིགས་ཀྱི་རང་དབང་དང་རང་བཙན་གྱི་འདུན་པས་ཀུན་ནས་བསླངས་པའི་མི་རིགས་ཀྱི་འགལ་བ་མཐའ་དག་ཀྱང་ཐག་གཅོད་བྱ་ཐུབ་པ་བྱུང་ཞིང་།   སྲིད་དོན་མཁས་ཆེན་དག་གི་ཁྲིམས་མཐུན་རང་བཞིན་གྱི་ཐབས་ཤེས་དང་།  ནུས་པ་རྒྱལ་ཡོངས་ཀུན་ཏུ་སྤྱོད་ཐུབ་པ་བྱུང་སྟབས། དམངས་གཙོ་ནི་རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་སྤྱི་ཤེས་ལྟ་བུར་གྲུབ་སོང་བ་རེད།   དམངས་གཙོའི་ལྟ་ཚུལ་གྱི་རིན་ཐང་འདི་མི་དམངས་ཀྱི་ཁེ་དབང་གཏན་འབེབས་ཁྲོད་རིན་ཐང་ལྡན་པས།   མང་བོ་མང་བོ་ཞིག་གིས་དམངས་གཙོའི་རང་ལུགས་ལ་བརྩི་མཐོང་དང་གདེང་འཇོག་བླ་མེད་གནང་ཞིང་། གྲངས་ཉུང་མི་རིགས་སྲུང་ཞིང་སྐྱོབ་པའི་རྩ་དོན་ཞིག་ལྷང་ངེར་གསལ་ཡོང་བ་རེད།     མདོ་དོན་བཤད་ན།   དམངས་གཙོའི་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་ལ་མགོན་སྐྱབས་མཛད་དགོས་པ་གསལ་བོར་མཚོན་ཡོད་པ་དེའོ།།

 

དེ་ལྟ་ནའང་དམངས་གནོད་དུས་རབས་ནས་བརྒྱུད་འོང་བའི་བཙན་པོས་གཉོམ་ཆུང་ཟ་བའི་ཁྲིམས་སྲོལ་དེ་ནི་རང་དབང་དང་རང་བཙན་གྱི་རེ་འདུན་ཞུ་བའི་གྲངས་ཉུང་མི་རིགས་ཚོར་སྡུག་བསྔལ་སྦྱིན་པའི་སྲིད་གཞུང་འབའ་ཞིག་ཡིན་ཞིང། ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་དང་དོན་དངོས་ལ་ཁ་རྡུང་གཏོང་བ་དང་བཀག་སྡོམ་བྱེད་པ་རེད། རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་མངའ་བའི་རྒྱལ་ཁབ་དག་གིས་མི་རིགས་ཀྱི་འགལ་བ་ཐག་གིས་གཅོད་པའི་སྐབས་སུ།  མི་དམངས་ཀྱི་རང་དབང་རྩ་དོན་ལ་བརྩི་འཇོག་བླ་མེད་གནང་ལ།   མི་དམངས་ཀྱི་མངོན་འདོད་ཉིད་གནད་དོན་འགངས་ཆེན་དུ་བརྩིས་ནས་གཏན་འབེབས་བྱས་པ་རེད།  དེ་ལྟ་ནའང་སྒེར་གཅོད་སྲིད་གཞུང་ནི་དེ་ལས་ལྡོག་སྟེ།   མི་དམངས་ཀྱི་སེམས་དོན་གཙིགས་སུ་གཟུང་རྒྱུ་ལྟ་ཅི།   ད་དུང་དྲག་ཤུགས་སྤྱོད་པ་དང་།   མཚོན་ཆ་བཀོལ་བ་སོགས་ཀྱི་དྲག་སྤྱོད་འདྲ་མིན་བྱ་བ་དེའོ།། 

 

རྒྱ་ནག་ནི་མི་རིགས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད།   མི་རིགས་ཀྱི་འགལ་བ་དེའང་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཁབ་ལས་རྣོ་ཆེ་ཞིང་།  མེ་ལས་དབལ་ཚ་བ་ཞིག་ཡིན།   བོད་དང་།   ཞཱིན་ཅང་།  ཐེ་ན་བཅས་ཀྱི་གནད་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྲུབ་ཚར་བས།   ད་ནི་གནད་དོན་ཆེན་པོའི་ངོར་གྲུབ་ཚར་བས་ཐག་གིས་གཅད་དཀའ་བའི་ཚད་དུ་ཡོད་དེ།  མེ་འོབས་ཀྱི་སྟ་རེ་ལེན་པ་དང་འདྲའོ།།  བདག་གི་བསམ་ཚུལ་འདི་ལྟ་སྟེ།   གནད་དོན་འདི་ཐག་གིས་གཅད་པར་བྱ་བའི་ཐབས་ལམ་ཕུལ་དུ་བྱུང་བ་དེ་ནི།   མི་དམངས་ཀྱི་སེམས་འདུན་ལ་ཞིབ་མོར་ཉན་ཞིང་། མཁྲེགས་བཟུང་གི་ལྟ་ཚུལ་ལས་ཕྱི་ནུར་བགྱིས་ཏེ་དམངས་གཙོའི་ལམ་ལུགས་ལ་བརྩི་འཇོག་དང་།  ཞི་བདེའི་གྲོས་མོལ་བྱ་རྒྱུ་དེའོ།།  ངོ་མཚར་བ་ཞིག་ལ།   སྐམ་ས་ཆེན་མོའི་མི་དམངས་ལས་འགུལ་བ་ཁ་ཤས་ནི་མི་བུའི་རང་དབང་གི་གོ་དོན་ཅི་ཡང་རྙེད་མེད་པའི་སྐས་རིམ་གྱི་དམངས་གཙོ་བ་ཁ་ཤས་ཡིན་ཞིང་།  གྲངས་ཉུང་མི་རིགས་དག་གིས་རྒྱ་ནག་ལ་མི་རིགས་ང་དབང་གི་སེམས་དོན་ཡར་ཞུའི་སྐབས་སུ་ཁོ་ཚོར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྒྱ་ནག་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ཕྱོགས་སུ་ལང་བ་དེའོ།། 

 

ཏཱ་ལའི་བླ་མའི་བོད་ལྗོངས་རང་སྐྱོང་གི་དགོངས་པ་ནི་རྒྱ་ཆེ་བ་མ་ཟད།  གནས་ལུགས་དང་ལྡན་པ་ཞིག་དང་།  དོན་དངོས་ཀྱི་སྟེང་ནས་ཀྱང་ཞི་བདེའི་ལམ་ནས་གྲོས་གླེང་བྱེད་པའི་ལྷག་བསམ་གཤའ་མ་དེ་མཚོན་ཡོད།   ཐེ་ན་གསར་བའི་སྲིད་གཞུང་གིས་མི་དམངས་ཀྱི་སེམས་འདུན་ལག་ལེན་མ་བྱས་པ་ཡིན་ན།  ལོ་རྒྱུས་ཀྱི་བདེན་པ་དང་གཏན་འབེབས་ཡོད་ཚད་ཀྱང་སྣེ་འཛིངས་ཅན་དུ་འགྱུར་བས།  ཐེ་ན་མི་དམངས་ཀྱིས་རང་ཉིད་ཀྱི་རང་དབང་ལོངས་སྤྱོད་ཀྱི་དབང་ཚད་ཀྱང་འགག་སོང་བ་ཡིན་ནོ།། 

༼༢༠༠༠ ལོའི་ཟླ༡༡ཚེས༢༤ལ་པེ་ཅིན་གྱི་རང་ཁྱིམ་དུ་བྲིས།༽

ནའོ་བྷེལ་ཞི་བདེའི་གཟེངས་རྟགས་དང་ཀྲུང་གོའི་ན་ཟུག 

ཚའོ་ཁྲེང་ཆིན་གྱིས་བརྩམས། དོན་གོས་བསྒྱུར།

       འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལིག་ཞོ་པའོ་ལ་ཕུལ་བ་དེ་ནི། རྒྱ་ནག་རྒྱལ་ཁོངས་ཀྱི་མི་སྣ་ཞིག་དང་ལྷག་པར་དུ་རྒྱ་ནག་སྲིད་གཞུང་དང་བསམ་ཚུལ་མ་མཐུན་པར་བཙོན་འཇུག་བྱས་པའི་མི་སྣ་ཞིག་ལ་ཕུལ་བ་ཐེངས་དང་པོ་ཆགས་ཡོད། ཡིན་ནའང་། རྒྱ་ནག་སྲིད་གཞུང་གིས་འདིའི་ཐད་ཁ་རྩོད་དང་རྒོལ་གཏམ་གཏོང་བཞིན་ཡོད་ལ། རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་པ་ཁག་ཅིག་གིས་ཀྱང་ལིག་ཞོ་པའོ་ལ་གཟེངས་རྟགས་བཞེས་པའི་ཆ་རྐྱེན་དང་ཐོབ་ཐང་ཡོད་མེད་ཀྱི་ཐད་ལའང་བསམ་ཚུལ་འདོན་བཞིན་ཡོད། དེ་ལྟ་ནའང་།  རྒྱལ་སྤྱིའི་སྦྱི་ཚོགས་ཁྲོད་ཡོངས་ཁྱབ་ཀྱི་གླེང་ཕྱོགས་ཤིག་འབྱུང་བཞིན་པ་ནི། ཐེངས་འདིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གིས་དཔའ་ངར་ལྡན་པའི་འགུལ་སྐྱོད་ཅིག་དང་། འགུལ་སྐྱོད་འདིས་འཛམ་གླིང་མི་མང་གིས་ཀྲུང་གོའི་གདུག་རྩུབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དོ་སྣང་བྱ་དགོས་པའི་བརྡ་ལན་ཞིག་སྤྲད་ཡོད་ལ། ཀྲུང་གོ་ནང་ཁུལ་གྱི་མི་མང་ལའང་འགྲོ་བ་མིའི་རང་དབང་རྩོད་ལེན་ཐད་ལ་འབད་བརྩོན་བྱ་རྒྱུའི་སྐུལ་འདེད་ཀྱི་ནུས་པ་བཏོན་ཡོད།

 
ཉེ་བའི་ལོ་འགའི་རིང་གི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་འདེམས་སྟངས་དེ་གཡོན་ལྷུང་གི་ཤུགས་ཆེ་ཞིང་། ལྷག་པར་དུ་དབང་ཤུགས་ཅན་གྱི་མི་སྣ་སོགས་ལ་སྤྲད་པའི་དབང་གིས་སྤྱི་ཚོགས་ཁྲོད་རྩོད་གཞི་རྒྱུན་དུ་འབྱུང་གི་ཡོད། དཔེར་ན། འདས་པའི་དུས་སུ་ཨ་རིའི་ཁཱ་ཐི་དང་ཀཱེལ་ཨར་བཅས་སྲིད་འཛིན་ཟུར་པ་གཉིས་དང་ཨོ་བྷ་མ་བཅས་རིམ་པར་ཕུལ་ཡོད་ཅིང་། དེའི་ཁྲོད་ཀྱི་ཁཱ་ཐི་ལ་མཚོན་ན་བྱང་ཀོ་རི་ཡའི་སྲིད་འཛིན་ཅིན་ཀྲིན་རིན་དང་གཅིག་མཚུངས་ཀྱི་སྒེར་གཅོད་པ་ཞིག་ལ་ངོས་འཛིན་བྱས་ཏེ། ཨ་རིའི་མི་མང་གིས་ཆེས་ཐབས་རྡུགས་ཀྱི་སྲིད་འཛིན་ཞིག་ཏུ་བགྲང་གི་ཡོད། ཀཱེལ་ཨར་ལ་མཚོན་ནའང་གོ་ལའི་ཚ་དྲོད་ཀྱི་གོ་སྐབས་བཟུང་སྟེ་འབྱོར་ལྡན་དུ་གྱུར་ཡོད་ལ།  ནེའུ་ཡོག་དུས་བབ་ཀྱིས་ཁོང་ལ་ཟུར་ཟའི་ཚུལ་གྱིས་ཁོང་ད་ལྟའི་འཛམ་གླིང་གི་སྔོ་ལྗང་ཐོན་ལས་ཀྱི་འབྱོར་ལྡན་པ་ཨང་དང་པོ་ཡིན་པའི་སྐོར་གྱི་གནས་ཚུལ་སྤེལ་ཡོད། ༼མིག་སྔར་ཁོང་ལས་གཞི་དེའི་དབང་གིས་ཨ་སྒོར་ས་ཡ་མང་པོའི་བདག་པོ་ཆགས་ཡོད་པར་བཤད༽ དེ་བཞིན་ཨོ་བྷ་མར་གཟེངས་རྟགས་ཐོབ་པ་དེས་མི་རྣམས་ལ་གད་མོ་སློང་གཞི་ཞིག་ཆགས་ཡོད། ཁོང་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་གཏན་འཁེལ་བའི་ཉིན་དེར་སྲིད་འཛིན་གྱི་ལས་སྣེ་ལ་བུད་དེ་ཉིན་ ༡༢ ལས་ཕྱིན་མེད་ཅིང་། ཁོང་ལ་བྱས་རྗེས་ཅི་ཡང་བགྲང་རྒྱུ་མེད། སྐབས་དེར་ཡང་། བརྒྱུད་ལམ་ཁག་གིས་ཟུར་ཟའི་ཚུལ་གྱིས་དེ་ནི་ཁོང་ལ་མ་འོངས་ལས་དོན་གྱི་ཐད་སྐུལ་འདེད་གཏོང་ཆེད་གཟེངས་རྟགས་ཕུལ་བ་ཡིན་ཚུལ་ཡང་བརྗོད་ཡོད།
 
གནས་ཚུལ་འདི་དག་གི་ཐད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་བརྡ་ལན་དང་གཤེ་གཤེ་བཏང་ཡོད་ཀྱང་། དེ་དག་ཡོད་ཚད་ཚོགས་ཆུང་རང་གིས་རང་ཉིད་དམའ་འབེབས་བྱས་པའི་རྒྱུ་ལས་མ་འདས་པར་སྣང་། གནས་ཚུལ་འདི་དག་ལ་བལྟས་རྗེས་འདི་ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་དཀར་ལམ་ཞིག་བཏོད་འདུག ལིག་ཞོ་པའོ་ལ་གཟེངས་རྟགས་ཕུལ་བའི་གནད་དོན་འདིའི་ཐད་ཀྲུང་གོའི་ཕྱི་འབྲེལ་བློན་ཆེན་གཞོན་པ་སྔ་ས་ནས་ནོ་ཝེ་རྒྱལ་ས་རུ་ཕྱིན་ཏེ་གཟེངས་རྟགས་ཚོགས་ཆུང་གི་འགན་འཛིན་ལ་ཐ་ཚིག་བསྒྲགས་ཡོད་པར་མ་ཟད། གལ་སྲིད་ཁོང་ལ་གཟེངས་རྟགས་འདི་སྤྲད་ཚེ་མ་འོངས་པར་མཇུག་འབྲས་ཡག་པོ་མེད་པའི་འཇིགས་སྐུལ་ཡང་བྱས་ཡོད། ཡིན་ནའང་། ནོ་སྦེལ་ཞི་བདེེའི་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་གིས་འཇིགས་སྐྲག་དང་ཕྱི་བྱོལ་མེད་པར་དཔའ་སྤོབས་ལྡན་པའི་ངང་ཁོང་ལ་སྤྲོད་རྒྱུར་གཏན་འཁེལ་བྱས་ཡོད།
 
འདིའི་ཐད་ཕྱི་ཕྱོགས་ཀྱི་དྲ་རྒྱའི་སྟེང་ནུབ་ཕྱོགས་པའི་མི་སེར་དཀྱུས་མ་ཚོས་ཀྱང་དཔྱད་གཏམ་སྤེལ་ཡོད་ལ། ཁོང་ཚོས་སྔར་ལོའི་དུས་སྐབས་འདིར་མི་རྣམས་གཟའ་འཁོར་གཅིག་རིང་ཁྲེལ་དགོད་བྱས་ཡོད་པ་དང་། དེ་ནི་ཨོ་བྷ་མར་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུ་ཁྱབ་བསྒྲབས་བྱས་པའི་དབང་གིས་རེད། འདི་ལོའི་ཞི་བདེའི་གཟེངས་རྟགས་རྒྱ་ནག་སྲིད་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་སྣ་ཞིག་ལ་ཕུལ་བ་དེ་ནི་ཡང་དག་ཚུལ་ལྡན་གྱི་གདམ་གསེས་ཤིག་ཡིན་སྟབས། རང་དབང་གི་ཁོར་ཡུག་ཁྲོད་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་ཀྱང་རྒྱ་ནག་གི་སྒེར་གཅོད་སྤྱི་ཚོགས་ལ་སྐྱོན་བརྗོད་དང་སུན་འབྱིན་གྱི་སྐད་སྒྲ་ཞིག་སྒྲོག་ཐུབ་ཡོད་ལ། རྒྱ་ནག་མི་མང་མང་གཙོའི་ཕྱོགས་སུ་བསྐྱོད་པའི་ཐད་ལའང་སེམས་ཤུགས་སྦར་བ་དང་དྲང་བདེན་གྱི་ཐོག་ནས་ངག་ཐོག་གི་རྒྱབ་སྐྱོར་གནང་གི་ཡོད་པ་རེད།  
 
ཉེ་བའི་ལོ་འགའི་རིང་ཀྲུང་གོའི་དཔལ་འབྱོར་དང་དམག་དོན་འཕེལ་རྒྱས་སུ་ཕྱིན་ཡོད་སྟབས། གུང་ཁྲན་ཏང་གིས་ཕྱི་ཕྱོགས་སུ་རང་ཉིད་ཀྱི་ནུས་པ་བཙན་དབང་གིས་རྒྱ་སྐྱེད་གཏོང་འདོད་ཀྱི་རྣམ་འགྱུར་སྟོན་གྱིན་ཡོད་ལ།  ནང་ཁུལ་དུ་ཚད་ལས་བརྒལ་བའི་དྲག་གནོན་དང་བཙན་དབང་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ད་ལྟའི་བར་དམངས་གཙོ་དོན་གཉེར་བ་ཕལ་ཆེ་བ་བཙོན་འཇུག་བྱས་ཡོད་པར་མ་ཟད། ཡེ་ཤུའི་ཆོས་ལུགས་པ་དང་ཆོས་འཁོར་རྩ་རླུང་སྦྱོང་བརྡར་བ་རྣམས་ཀྱང་རང་དགར་བཞག་མེད།
 
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྙན་ཐོ་ཞིག་ཏུ་བཀོད་པ་ལྟར་ན། འདས་པའི་ལོ་བཅུའི་ནང་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྦྱོང་བརྡར་བ་ཁྲི་བཅུ་ལྷག་བཙོན་འཇུག་དང་། དེའི་ཁྲོད་ཀྱི་མི་སུམ་སྟོང་ལྷག་དམར་གསོད་བཏང་ཡོད་ཚུལ་བརྗོད་ཡོད། དེ་བཞིན་ལིག་ཞོ་པའོ་ལ་མཚོན་ནའང་། རྒྱ་ནག་གཞུང་གིས་ཁོང་ལ་ཐེ་ཚོམ་ཅི་ཡང་མེད་པའི་ཐོག་ཁོང་གི་སྐད་ཆ་ནག་ཉེས་སུ་བགྲང་ཡོད་པར་མ་ཟད། དྲ་ཐོག་ཏུ་བཀོད་པའི་རྩོམ་ཡིག་དྲུག་ལ་བརྟེན་ནས་མི་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད་ལ། ཕལ་ཆེར་ཁོང་གི་བརྩམས་ཆོས་རེར་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད།  ཡིན་ནའང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་བོས་རྒྱ་ནག་གི་ཁྲོམ་རྭ་དང་རྒྱལ་སྤྱིིའི་དབུ་ཁྲིད་ཀྱི་ངན་སྤྱོད། འོས་མེད་ཞོད་འཇགས་རིང་ལུགས་ལ་དོ་སྣང་བྱེད་པ་ལས། རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱིས་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ཐད་དྲག་གནོན་བྱེད་ཀྱིན་པའི་བྱ་སྤྱོད་ལ་དོ་སྣང་དང་གྲུབ་འབྲས་ལྡན་པའི་སུན་འབྱིན་བྱས་མེད་ལ། ཁྲིམས་ལུགས་ཀྱི་ལག་ལེན་ཐད་དེ་བས་ཀྱང་སྨྲ་མི་དགོས་པ་ཞིག་ཡིན་སྟབས། ད་ལྟ་རྒྱ་ནག་སྲིད་གཞུང་གིས་འཛེམ་དོགས་ཅི་ཡང་མེད་པའི་ཐོག་དྲག་པོའི་བྱ་སྤྱོད་སྤེལ་གྱིན་ཡོད།

ཡིན་ནའང་། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་རྒྱ་ནག་གཞུང་ལ་ན་ཟུག་ཐེངས་ཤིག་སྤྲད་འདུག  ད་ལྟའི་རྒྱ་ནག་སྲིད་གཞུང་གིས་ལན་འདེབས་ལ་བལྟས་ཚེ་ཅི་བྱ་གཏོལ་མེད་དང་ཁོང་ཁྲོོ། ཞེད་སྣང་སོགས་ཀྱིས་ཐེངས་འདིའི་གནས་ཚུལ་བཀག་སྡོམ་བྱ་ཐབས་བྱེད་བཞིན་ཡོད་མོད། བརྒྱུད་ལམ་དུ་གནས་ཚུལ་སྤེལ་བར་གཞིག་ན། གཟེངས་རྟགས་ཁྱབ་བསྒྲགས་བྱས་པའི་ཉིན་མོར་རྒྱ་ནག་ནང་ཁུལ་གྱི་མི་མང་བོས་ཤོག་སྦག་བཀད་དེ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་སྟབས། ཐེངས་འདི་ནི་རྒྱ་ནག་གཞུང་སེམས་སྐྱོ་བའི་དུས་སྐབས་ཤིག་དང་རྒྱ་ནག་གི་མི་མང་ལ་སྤྲོ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
 
ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་བསྒྲགས་གཏམ་དུའང་། རྒྱ་ནག་གཞུང་གིས་ཐེངས་དུ་མར་རང་ཉིད་ཀྱིས་མིང་རྟགས་བཀོད་ཟིན་པའི་རྒྱལ་སྤྱིའི་ཆིངས་ཡིག་ལ་རྒྱབ་འགལ་བྱས་པར་མ་ཟད། ཐ་ན་རྒྱ་ནག་རང་གི་ཁྲིམས་ལུགས་ཀྱི་འགན་ལེན་བྱས་པའི་ཆབ་སྲིད་ཀྱི་བདག་དབང་ལའང་རྒྱབ་འགལ་བྱས་ཡོད་ཚུལ་བཀོད་འདུག
 
ད་ལྟའི་ཆར་རྒྱ་ནག་ཕྱི་ནང་གི་མི་མང་བོས་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཁྲོད་ཀྱི་འབུར་ཐོན་མི་སྣ་ལིག་ཞོ་པའོ་ལ་ཁྲིམས་ཐག་བཅད་ཡོད། ཡིན་ནའང་། ཐེངས་འདིར་ཁོང་ལ་ཞི་བདེའི་གཟེངས་རྟགས་རེག་པ་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་དང་ཕྱོགས་ཡོངས་ཀྱི་དྲང་བདེན་གྱི་བྱ་བཞག་ལ་རྒྱབ་སྐྱོར་བྱས་ཡོད་པ་གསལ་བོར་བསྟན་ཡོད་ལ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་འོད་ཐིག་ཅིག་དང་འདྲ་བར་པེ་ཅིན་སྲིད་གཞུང་ལ་ན་ཟུག་ཅིག་སྤྲད་ཡོད་སྟབས། འཛམ་གླིང་མི་མང་ལ་མུན་ནག་ཁྲོད་ཀྱི་རྒྱ་ནག་མི་མང་གི་གནས་སྟངས་གང་འདྲ་ཞིག་ཡིན་མིན་གསལ་སྟོན་བྱས་པར་མ་ཟད། མ་འོངས་པར་རྒྱ་ནག་གིམང་གཙོའི་ལས་འགུལ་ལེགས་ལམ་དུ་འཇུག་པར་སྐུལ་འདེད་ཀྱི་སྟོབས་ཤུགས་སྦྱིན་ཡོད།
 
༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༡ ཉིན་ཚའོ་ཁྲང་ཆིན་གྱིས། 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php