རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ།

༼ ཨིན་དྷ་ར་གཱདྷཱི་རྒྱལ་ཡོངས་གཙུག་ལག་མཐོ་སློབ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་མཐོའི་མཁས་དབང་གི་གཟེངས་རྟགས་འབུལ་བཞེས་མཛད་པ་དང་། གུས་པར་ཤེས་ཡོན་གྱི་གོ་སྐབས་བསྩལ་པར་བཀའ་དྲིན་རྗེས་དྲན་སླད་དུ་བོད་འགྱུར་ཞུས་པ་དགེའོ། ༽

ནོར་བསམ་གྱིས་བོད་བསྒྱུར་ཞུས།

ཨིན་དྷ་ར་གཱདྷཱི་མཆོག་ནི་ཕྱི་ལོ་ ༡༩༡༧ ཟླ་ ༡༡ ཚེས ༡༩ འཁྲུངས་པ་དང་། ཁོང་ནི་ཇ་ཝ་ཧར་ལ་ནེ་རུ་དང་། ཀམ་ལ་ནེ་རུ་རྣམ་གཉིས་ཀྱི་ཕྲུ་གུ་གཅིག་པོ་དེ་ཡིན། ཡབ་ཡུམ་གཉིས་ཀ་རྒྱ་གར་དབྱིན་འོག་ནས་རང་བཙན་འཐབ་རྩོད་སྐབས་སུ་ཧུར་བསྐྱེད་ཀྱི་མཉམ་ཞུགས་གནང་མཁན་ཡིན་པས་ཨིན་དྷི་ར་དགུང་ལོ་ཆུང་ངུའི་དུས་ནས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ཡོད། རྒྱུ་མཚན་ནི་དུས་རྟག་ཏུ་ཁོང་གི་གཡས་གཡོན་ལ་ཆབ་སྲིད་པ་དང་ཆབ་སྲིད་གནད་དོན་གྱིས་སྐོར་ནས་ཡོད་པས་སོ།།

ཁོང་དགུང་ལོ་བཅུ་གཉིས་ལ་སོན་སྐབས་སྤྲེའུ་རུ་ཤོག་(Monkey Brigade)མགོ་འཁྲིད་གནང་བ་རེད། སྤྲེའུ་རུ་ཤོག་ནང་རང་བཙན་ལས་འགུལ་བའི་མགོ་འཁྲིད་འཛིན་བཟུང་གི་ཉེན་ཁའི་འོག་ཚུད་སྐབས་ཉེན་བརྡ་སྤྲོད་མཁན་གྱི་ཕྲུ་གུའི་ཚོགས་པ་ཞིག་རེད། ཁོང་ཉིད་ཚོགས་པ་དེའི་མགོ་འཁྲིད་ཡིན་པའི་ཆ་ནས་ཕྲུ་གུ་གཞན་ཚོས་ལས་དོན་སྒྲུབ་སྐབས་ཁོང་གིས་གཏམ་བཤད་སྤེལ་པ་དང་། ཕྲུ་གུ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུར་དབྱིན་གཞུང་ནས་དོགས་པ་མི་ཟ་བའི་རྒྱུ་མཚན་ལ་བརྟེན་ནས་ཀོང་རེ་སི་ཚོགས་པས་གོ་སྒྲིག་དེ་འདྲ་བྱས་པ་རེད།

དེ་ནས་མི་རིང་བར་ཁོང་དབྱིན་ཡུལ་གྱི་ཨོག་སི་ཕོར་ཀྲི་སོ་མིར་ཝིལེ་མཐོ་སློབ་ལ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། ཐོག་མར་ཁོང་གི་ཨ་མ་ལགས་སྙུང་པས་སུ་ཝིར་སིར་ཕེབས་པ་དང་ཕྱི་ལོ་ ༡༩༣༦ ལོར་ཁོང་གི་ཨ་མ་ལགས་འདས་གྲོངས་སུ་གྱུར།

ཕྱི་ལོ་ ༡༩༣༨ ལོར་ཁོང་རྒྱ་གར་ལ་ཕེབས་ནས་རྒྱ་གར་ཀོང་རེ་སི་ཚོགས་པའི་ནང་འཛུལ་ཞུགས་གནང་བ་དང་། དེ་ནས་མི་རིང་བར་ཕྱི་ལོ་ ༡༩༤༢ ལོར་ཁོང་ཕི་རོ་ཛི་གཱདྷཱི་ལྷན་དུ་གཉེན་བསྒྲིགས་གནང་ནས་བུ་སན་ཇི་དང་། ར་ཇིབ་གཱདྷཱི་གཉིས་སྐྱེས་པ་རེད། ཁོང་གཉིས་གཉེན་བསྒྲིགས་གནང་རྗེས་དབྱིན་གཞུང་ནས་རྒྱལ་ཁབ་ཀྱི་རྩ་གཏོར་གྱི་ཉེས་མིང་འོག་བཙོན་འཇུག་བྱས་པ་རེད། ཕྱི་ལོ་ ༡༩༤༢ ཟླ་  ཚེས་ ༡༡ ནས་ཕྱི་ལོ་ ༡༩༤༣ ཟླ་  ཚེས་ ༡༣ བར་ཁོང་ཨ་ལ་བྷ་དྷའི་དབུས་ནེཧ་ནི་བཙོན་ཁང་(Naini Central Jail in Allahabad)དུ་བཙོན་འཇུག་བྱས་པ་དེ་ནི་ཁོང་གི་སྐུ་ཚེའི་ནང་གི་བཙོན་འཇུག་བྱས་པ་གཅིག་པུ་དེ་རེད།

ཕྱི་ལོ་ ༡༩༤༧ དབྱིན་གཞུང་གི་འོག་ནས་རྒྱ་གར་རང་བཙན་ཐོབ་པ་དང་། ཁོང་གི་པཱ་ལགས་རྒྱ་གར་གྱི་སྲིད་བློན་དང་པོ་ཆགས་པ་རེད། ཁོང་གི་ཨ་མ་ལགས་འདས་གྲོངས་ཕྱིན་པ་ནས་བཟུང་ཁོང་གིས་པཱ་ལགས་ཀྱི་ཞབས་ཕྱིར་རྟག་པར་མཉམ་བསྐྱོད་གནང་བས་ཁོང་ཉིད་ཀྱང་ཆབ་སྲིད་ནང་སླེབས་པའི་ཐུགས་འཚོར་བྱུང་ཡོད།

ཁོང་གིས་ཚོགས་པ་འདྲ་མིན་མང་པོ་ལྷན་དུ་འབྲེལ་བ་གནང་བ་མ་ཚད། ཕྱི་ལོ་ ༡༩༥༣ ནས་ ༡༩༥༧ བར་ཁང་གིས་དབུས་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་གཙོ་གནང་བ་དང་། ཕྱི་ལོ་ ༡༩༥༥ ལོར་ཁོང་དབུས་འོས་བསྡུ་ལྷན་ཁང་གི་རྒྱུན་ལས་གནང་བ་རེད། དེ་བཞིན་ཕྱི་ལོ་ ༡༩༥༦ ནས་ཁོང་དབུས་གྲོས་ཚོགས་ཀྱི་ཚོགས་མི་ཆགས་ཤིང་། ཕྱི་ལོ་ ༡༩༥༦ ནས་ཕྱི་ལོ་ ༡༩༦༠ བར་རྒྱ་གར་རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད།

ཁོང་གི་ཡབ་ཇ་ཝ་ཧར་ལ་ནེ་རུ་ཕྱི་ལོ་ ༡༩༦༤ འདས་གྲོངས་སུ་གྱུར་རྗེས་སྲིད་བློན་ལལ་བ་ཧ་དུར་ཤས་ཏྲིརི་མཆོག་གིས་ཁོང་དྲིལ་བསྒྲགས་བློན་ཆེན་ལ་བསྐོ་བཞག་གནང་བ་རེད། རླུང་འཕྲིན་དང་གཟུགས་མཐོང་བརྙན་འཕྲིན་གྱི་བརྒྱུད་ལམ་ནི་རྒྱ་གར་གྱི་ཡིག་རྨོངས་སྤྱི་ཚོགས་ནང་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་གལ་ཆེ་ཤོས་དེ་ཆགས་ཡོད་པས་ལས་གནས་དེ་ནི་བློན་ཆེན་ལྷན་ཚོགས་ནང་ནས་གལ་ཆེ་ཤོས་ཤིག་ཡིན། བློན་ཆེན་ཞིག་ཡིན་པའི་ཆ་ནས་ཁོང་གིས་རིན་གོང་ཆུང་བའི་རླུང་འཕྲིན་བཟོ་རྒྱུར་སེམས་ཤུགས་སྤར་ཡོད་ལ་ཁྱིམ་ཚང་གི་འཆར་འགོད་ལས་གཞི་མགོ་བཙུགས་ཀྱང་གནང་ཡོད།

ཡིན་ནའང་ཕྱི་ལོ་ ༡༩༦༦ སྲིད་བློན་ལལ་བ་ཧ་དུར་ཤས་ཏྲིརི་མཆོག་སྙིང་གི་སྙུང་གཞིས་རྐྱེན་པས་གློ་བུར་དུ་འདས་གྲོངས་སུ་གྱུར་པར་བརྟེན་སྲིད་བློན་གྱི་སྲིད་སྟེགས་ཐོག་འགྲན་ཞུགས་རྣམས་ཕན་ཚུན་མི་མཐུན་པ་བྱུང་བས་ཨིན་དྷར་གཱདྷཱི་སྲིད་བློན་འོས་ཤོས་སུ་གྱུར་པ་རེད། ཁོང་གིས་ཕྱི་ལོ་ ༡༩༦༦ ནས་ཕྱི་ལོ་ ༡༩༦༧ལོར་སྐབས་རྗེས་མའི་འོས་བསྡུ་མ་སླེབས་བར་སྲིད་བློན་གནང་བ་དང་། ཕྱི་ལོ་ ༡༩༦༧ ཁོང་ལ་སྲིད་བློན་གྱི་འོས་ཐོབ་པས་ཁོང་ནི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་རྒྱ་གར་གྱི་བུད་མེད་སྲིད་བློན་ཐོག་མ་དེ་ཆགས་པ་རེད།

དབུལ་ཕོངས་རྩ་མེད་བཟོ་དགོས་ ཞེས་པའི་འབོད་ཚིག་འོག་ཁོང་ལ་ཕྱི་ལོ་ ༡༩༧༡ བསྐྱར་དུ་འོས་ཤོག་ཐོབ་པ་རེད། རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དམག་འཁྲུག་རྒྱ་གར་ལ་ཐོབ་པས་ཕྱི་ལོ་ ༡༩༧༡ ལོར་ཁོང་གྲུབ་འབྲས་ཀྱི་དབུས་ནས་ཕེབས་པ་དང་། མཁའ་དབྱིངས་སུ་རྒྱ་གར་གྱི་ཆེས་ཐོག་མའི་མེ་ཤུགས་འཕུར་མདའ་བཏང་བ་རེད། ད་དུང་ཕྱི་ལོ་ ༡༩༧༤ རྡུལ་ཕྲན་མཚོན་ཆའི་འཆར་གཞི་བཟོས་པས་འབྱོར་འབྲིང་གྲལ་རིམ་གྱི་ལྟ་བ་མཁྲེགས་ལ་སྤྱང་གྲུང་ལྡན་པའི་ཆབ་སྲིད་མི་སྣའི་དབུས་ནས་གྲགས་པ་རྒྱས།  

 ཕྱི་ལོ་ ༡༩༧༣ མི་མང་པོ་ཞིག་གིས་ཁོང་གིས་དེ་སྔ་ཁས་བླངས་པའི་ཚིག་ དབུལ་ཕོངས་རྩ་མེད་བཟོ་དགོས་ ཞེས་པ་ཕྱག་ལེན་བསྟར་གྱི་མེད་ཚུལ་བརྗོད་ནས་རྒྱ་གར་རྒྱལ་ས་ལྡི་ལི་ནས་བྱང་ཕྱོགས་ཁུལ་བར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་རེད། ཡུལ་ཐང་སྤར་ཆ་དང་། ལྐོག་ཟ། དབུལ་ཕོངས་བཅས་ནི་སྤྱི་ཚོགས་བརྟན་ལྷིང་མེད་པའི་གཞི་རྩར་གྱུར་ཡོད།

མི་འབོར་འཕེལ་རྒྱས་ལ་བཀག་སྡོམ་ཆེད་ཁོང་གིས་སྐྱེ་སྒོ་སྔོན་འགོག་གི་ལས་འགུལ་སྤེལ་མོད་ཁོང་གི་ཁ་གཏད་པ་ཚོས་སྐྱོན་བརྗོད་བྱས་པ་དང་། ཁོང་གིས་འཛིན་སྐྱོང་བྱེད་བཞིན་པའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་རུ་ཕྱིན་པ་རེད།

ཕྱི་ལོ་ ༡༩༧༥ ཁོང་ལ་ལྐོག་ཟ་བྱས་པའི་ཉེས་མིང་ཕོག་པ་དང་། དེ་ཡང་ཕྱི་ལོ་ ༡༩༧༥ ཟླ་ ༦ ནང་ཨ་ལ་ཧ་བ་གྲེའི་མཐོ་རིམ་ཁྲིམས་ཁང་ནས་ཁོང་གི་སྔོན་གྱི་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏང་འབྱོར་བྱུང་བས་ཁོང་གིས་གོ་གནས་འདོར་རྒྱུའི་བཀའ་གནང་བ་རེད།

ཁོང་གིས་ཕྱི་ལོ་ ༡༩༧༥ ཟླ་ ༦ ཚེས་ ༢༥ ཛ་དྲག་གི་ཡ་ལན་གནང་བ་དང་། སྐབས་དེ་དུས་དབུས་ཆེས་མཐོའི་ཁྲིམས་ཁང་ནས་ཨ་ལ་ཧ་བཀྲིའི་ཆེས་མཐོའི་ཁྲིམས་ཁང་གི་དཔྱད་ཁྲ་རྩིས་མེད་བཏང་བས་མ་ཟད། ཁོང་གིས་ཛ་དྲག་དབང་ཚད་བེད་སྤྱད་དེ་ཁ་གཏད་ཚོགས་པའི་མགོ་འཁྲིད་ལྟེ་བ་བཙོན་འཇུག་བྱས་པ་རེད།

ཁོང་གི་དགོངས་པར་ཛ་དྲག་གི་བཀོད་ཁྱབ་དེ་ནི་རྒྱ་གར་ཡར་རྒྱས་ཡོང་ཆེད་ཡིན་པས། བཅའ་ཁྲིམས་ནང་ཡོད་པའི་མི་སེར་གྱི་ཐོབ་ཐང་ཉུང་དུ་བཏང་བ་དང་ལྷན་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཉིན་དེ་རང་ལ་ཞིབ་བཤེར་བྱས་པ་རེད།

ཁོང་གི་ཐུགས་ལ་ཁ་གཏད་པ་ཚོ་ཕྱིར་དོར་ཟིན་པ་དགོངས་ནས་ཕྱི་ལོ་ ༡༩༧༧  འོས་བསྡུ་བྱས་པར་ཀོང་རེ་སི་ཚོགས་པར་ཕམ་ཉེས་ཆེན་པོ་ཕོག་པ་རེད། འོས་བསྡུར་རྒྱལ་ཁ་མ་ཐོབ་པ་བརྟེན་ཆབ་སྲིད་ཚོགས་པ་གཞན་མཉམ་རུབ་ཀྱིས་གཞུང་འཛིན་ཚོགས་པ་སྒྲུབ་པས་མི་ཕལ་ཆེ་བས་ཁོང་ལ་ཕམ་ཉེས་བྱུང་བར་ངོས་འཛིན་བྱས་ཀྱང་། ལོ་གསུམ་གྱི་རྗེས་སུ་ཁོང་གིས་བསྐྱར་དུ་སྲིད་བློན་གྱི་ལས་གནས་བཟུང་།

ཕྱི་ལོ་ ༡༩༨༠ ཨིན་དྷ་ར་གཱདྷཱི་བསྐྱར་དུ་སྲིད་བློན་གྱི་ལས་གནས་སུ་ཞུགས་ཀྱང་། ལོ་དེར་ཁོང་གི་བུ་སན་ཇི་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་གྱུར།

ཨིན་དྷ་ར་གཱདྷཱི་ཁོང་སྲིད་བློན་ཡིན་པའི་ཆ་ནས་ཛ་དྲག་གི་དུས་ཡུན་མ་བསླེབས་སྔོན་ཙམ་ལ་པན་ཇབ་མངའ་སྡེའི་ནང་གི་ཆབ་སྲིད་དཀའ་རྙོག་སེལ་རྒྱུར་འབད་བརྩོན་ཆེན་པོ་གནང་བ་རེད། ཇར་ནའི་སིངྷ་བིན་དྷ་རན་ཝ་ལེ་ཡིས་གོ་འཁྲིད་པའི་སིག་ཁ་བྲལ་རིང་ལུགས་པ་རྩ་མེད་བཟོ་རྒྱུར་ཁོང་གིས་ཨམ་རི་སར་གྱི་གསེར་གྱི་ལྷ་ཁང་(Golden Temple)ནང་དཔུང་འཇུག་བྱ་རྒྱུར་བཀའ་བཏང་བ་དང་། བིན་དྷ་རན་ཝ་ལེ་དང་ཁོའི་རྒྱབ་རོགས་ཚོས་དམག་རྒྱག་རྒྱུའི་གྲབས་ཤོམ་བྱས།  

ཕྱི་ལོ་ ༡༩༨༤ ཟླ་ ༦ ནང་སྐར་མ་སྔོན་པོའི་(bluestar)ལས་འགུལ་སྤེལ་བས་བྷིན་དྷ་ར་ཝ་ལེ་བསད་དེ་གསར་གྱི་ལྷ་ཁང་ནང་གྱེན་ལོག་དམག་མི་གཅིག་ཀྱང་མེད་པར་གཙང་བཟོ་བྱས་པ་རེད། འོན་ཀྱང་ལྷ་ཁང་ལ་གཏོར་སྐྱོན་ཕོག་པར་བརྟེན་སིག་མི་མང་ཚོས་ཁོང་ལ་འཁོན་འཛིན་བཟུང་གོ་བརྩམས།

ལོ་དེའི་ཕྱི་ཟླ་ ༡༡ ནང་ལྕམ་སྐུ་གཱདྷཱི་མཆོག་གི་བཞུགས་གནས་སུ་ཁོང་གི་སྐུ་སྲུང་སིག་གི་མི་རིགས་ཡིན་མཁན་གཉིས་ཀྱིས་ལྐོག་གསོད་བྱས་པ་དང། དེ་ནི་སིག་གི་ཡུལ་ལུང་ནང་དམའ་འབེབས་བྱས་པར་དགྲ་ཤ་ལེན་ཆེད་དུ་རེད།

ལྕམ་སྐུ་གཱདྷཱི་མཆོག་གི་བཟོད་སྲན་དང་། འཇོན་ནུས། ཆབ་སྲིད་འཛིན་སྐྱོང་བཅས་ལ་སྔགས་པར་འོས་ལ། ཁོང་ནི་རྒྱལ་སྤྱིའི་ཆབ་སྲིད་མི་སྣའི་དབུས་སུ་སྙན་གྲགས་རྒྱས་ཡོད། དེ་བས་ཁོང་ལ་ཆབ་སྲིད་ཐད་ནུས་རྩལ་དམིགས་བསལ་ཡོད་པར་ཐེ་ཚོམ་མི་དགོས། ཁོང་གིས་རྒྱ་གར་རང་བཙན་ཆེད་རྒྱལ་སྤྱིའི་ཐོག་སྐུ་ལས་སྐྱོན་ཡོད་ལ། ཕྱི་ལོ་ ༡༩༧༠ རྒྱ་ནག་ཕྱོགས་ནས་གནོན་ཤུགས་སླེབས་སྐབས་ཨུ་རུ་སུ་དང་འབྲེལ་བ་ཆུང་དུ་བཏང་བ་དང་། རྒྱལ་ཁབ་སྐྱོ་པོ་ཚོའི་ཆེད་དུ་ཕྱག་ལས་གནང་མཁན་གྱི་མགྲིན་ཚབ་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༨ ཉིན་འགྱུར

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php