རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་་བཞུགས་སྒར་ངྷ་རམ་ས་ཕེབས་ནས་་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཤིང༌། པེན་བོད་ཀྱི་་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མི་མང་དང་མཉམ་དུ་ཆུ་ཚོད་ ༣ རིང༌། བོད་རྒྱའི་རྩོད་རྙོག་དང་འབྲེལ་བའི་སྐོར་ལ་དྲི་བ་དྲིས་ལན་གྱི་བགྲོ་གླེང་རྒྱས་པ་ཞིག་གནང་ཡོད། སྐབས་དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཀུན་ཐར་དོན་འགྲུབ་ཀྱིས། དེ་རིང་གི་བགྲོ་གླེང་འདིར་༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་མོས་མཐུན་ཡོད་སྐོར་བཅས་ངོ་སྤྲོད་གནང་བྱུང། བགྲོ་གླེང་མགོ་འཛུགས་མ་བྱས་གོང་ལ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཡང་ཁོ་རྒྱལ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ལ་མོས་མཐུན་མེད་སྐོར་དང༌། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་ནི། སྲིད་དབང་སྒེར་འཛིན་རིང་ལུགས་པ་གུང་ཁྲན་ཏང་གི་གཅེས་ཕྲུག་དང་། རང་གཅེས་ཆེ་བའི་མི་རིགས་རིང་ལུགས་ཅན་གྱི་བོད་མིའི་བསམ་བློའི་གསང་མྱུལ་བ་ཞིག་ཡིན་ཚུལ་སོགས་དོན་ཚན་བརྒྱད་བགྲངས་ཏེ་ངོ་རྒོལ་ཡང་བྱས་སོང༌། གཤམ་དུ་བགྲོ་གླེང་སྐབས་ཀྱི་མང་ཚོགས་ཀྱི་དྲི་བ་དྲིས་ལན་ཁག་བདམས་བཀོད་བྱས་ཡོད། 

དྲི་བ། ང་ལ་དྲི་བ་གསུམ་ཡོད། དང་པོ། གོ་ཐོས་སུ་ཝང་ལི་ཞོང་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཆབ་སྲིད་ཀྱི་སློབ་སྟོན་པ་རེད་ཟེར་བ་དེ་བདེན་པ་ཡིན་ནམ། གཉིས་པ། ཝང་ལི་ཞོང་སྔོན་ཆད་ངྷ་རམ་ས་ལར་ཕེབས་མྱོང་ཡོད་དམ། གསུམ་པ། སྐུ་ཉིད་ཀྱིས་བོད་རྒྱའི་རྩོད་རྙོག་འདུམ་སྒྲིག་ལ་འབད་བརྩོན་བྱེད་ཀྱིན་ན་གདེང་ཚོད་ཅི་ཙམ་ཡོད་དམ།

ལན། ང་རང་ཧུའུ་ཅིན་ཐོ་ཡི་ཆབ་སྲིད་སློབ་སྟོན་པ་རེད་ཟེར་བའི་སྐད་ཆ་དེ་ཐེངས་དང་པོ་གོ་བ་ཡིན། གལ་སྲིད་ཧུའུ་ཅིན་ཐོ་ཡིས་ང་ཁོང་གི་ཆབ་སྲིད་སློབ་སྟོན་པར་གདན་འདྲེན་ཞུས་པ་ཡིན་ན། ངས་དགའ་བཞིན་སྤྲོ་བཞིན་དང་ལེན་བྱས་ཏེ། བོད་རྒྱ་ཞི་མོལ་ཐད་སློབ་སྟོན་བྱ་ངེས་ཡིན། སེམས་ཕངས་པ་ཞིག་ལ་ང་ལ་དེ་འདྲའི་གོ་སྐབས་རག་མ་སོང༌། ཁ་གསལ་བོ་བྱས་ཏེ་ཞུ་རྒྱུ་ཞིག་ལ། ང་ངྷ་རམ་ས་ལར་ཡོང་བ་ཐོག་མ་དེ་ཡིན་ལ། ཐེངས་འདིར་གཟི་བརྗིད་ཀྱིས་ཡོང་བ་ཡིན། ང་ངྷ་རམ་ས་ལར་ཡོང་དོན་གང་ཡིན་ཟེར་ན། བོད་རྒྱ་གཉིས་ཀྱི་རྩོད་རྙོག་ཐད་ལས་ཀ་རེ་བྱ་ཨེ་ཐུབ་བསམ་པ་ཡིན་མོད། དེ་རིང་གི་སྣང་ཚུལ་འདིས་ང་ཅུང་ཡ་མཚན་དུ་བཅུག་སོང༌། གལ་སྲིད་ཁྱེད་ཅག་གིས་ང་ལ་དོགས་པ་ཟ་བཞིན་ཡོད་ན། མ་འོངས་པར་བོད་རྒྱ་མི་རིགས་གཉིས་བར་རྒྱུས་ལོན་ཇི་ལྟར་བྱ་རྒྱའི་ཐད། ང་ལ་རང་བཞིན་སེམས་འཚབ་ཡོང་གིན་འདུག་ལ། སེམས་ཤུགས་ཀྱང་ཅུང་ཆགས་ཀྱིན་འདུག བོད་མི་རེ་ཟུང་ང་ལ་དོགས་པ་ཡོད་ཚུལ་སྔར་ནས་གོ་མྱོང་ལ། ཁ་སང་ ༧ཏཱ་ལའི་བླ་མར་ཡང་ཞུས་པ་ཡིན། སྐབས་དེར་ཁོང་ཡུན་རིང་ལ་བཞད་དེ། གལ་སྲིད་ཁྱེད་གསང་མྱུལ་བ་ཡིན་ན། ཁྱེད་ལྟ་བུ་ག་ཚད་ཡོང་ན་ང་ཚོས་དགའ་བསུ་ཡོད་ཞུ་ངེས་ཡིན་ཟེར། ང་གསང་མྱུལ་བ་ཡིན་མིན་ང་རང་གིས་གསལ་བཤད་བྱ་ཐབས་ཡོད་པ་མ་རེད། དེ་འདྲའི་དོགས་པ་ཡོད་མཁན་ཚོས་དཔང་རྟགས་ཀྱི་ཐོག་ནས་ར་སྤྲོད་གནང་རོགས

དྲི་བ། ང་རང་གིས་ཝང་ལི་ཞོང་གི་རྩོམ་ཡིག་བཀླགས་པའི་ཉམས་མྱོང་ཁྲོད། རྩོམ་ཡིག་མང་པོ་ཞིག་དངོས་ཡོད་འཚོ་བ་རིང་ལུགས་ལས་རྟོག་པ་འཆར་ཡན་རིང་ལུགས་ཤུགས་ཆེ་ཙམ་ཡོད་པའི་ཚོར་སྣང་བྱུང་སོང༌། སྐུ་ཉིད་ཀྱིས་དེའི་སྐོར་ལ་ལྟ་ཚུལ་ཞིག་གསུངས་རོགས།

ལན། ང་རང་གིས་རྩོམ་ཡིག་འབྲི་སྐབས་དོན་དངོས་གཙོ་བོར་བཟུང་བ་ཡིན། འོན་ཀྱང༌། ང་རང་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་སྟབས། འཆར་ཡན་གྱི་ཆ་མང་པོ་ཡོང་སྲིད་པ་རེད། ཐེངས་འདིར་ཁྱེད་ཀྱིས་ང་ལ་དྲན་བསྐུལ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་བགྲོ་གླེང་མགོ་བཙུགས་མ་ཐག མི་ཞིག་གིས་སྐད་ཆེན་པོ་རྒྱག་སྐབས། ངས་ཅི་ཞིག་བཤད་ཀྱིན་ཡོད་པའང་ཤེས་མ་སོང༌། ཕྱིས་སུ་ང་ལ་ངོ་རྒོལ་བྱས་པ་ཤེས་སྐབས། ཅུང་བློ་ཡུལ་ལས་འདས་པ་ཞིག་བྱུང་སོང༌། དེ་ནི་ང་ཆབ་སྲིད་པ་ཞིག་མིན་པའི་རྐྱེན་གྱིས་རེད། གལ་སྲིད་ང་ཆབ་སྲིད་པ་ཞིག་ཡིན་ན། དེ་མ་ཐག་བྷུ་ཤུ་ལ་ལྷམ་གྱིས་གཞུས་སྐབས་ལན་བཏབས་པ་བཞིན། ངས་ཀྱང་ཆབ་སྲིད་ཀྱི་སྐད་ཆ་ཁ་ཤས་བཤད་ཆོག་མོད། ངས་བོད་མིར་བརྩེ་བ་ཆེན་པོ་ཞིག་བཅིངས་ཏེ། བཙན་བྱོལ་བོད་མིར་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན་སྟབས་ཅུང་ཧ་ལས་སོང། འོན་ཀྱང༌། དམངས་གཙོའི་སྤྱི་ཚོགས་ནང་འདི་འདྲ་ཡོང་སྲིད་པ་ཞིག་རེད། ཁ་དཔེར། བོད་རེ་བའི་འཕོང༌། རྒྱ་དོགས་པས་འཕོང་ཟེར་སྲོལ་ཡོད་མོད། ཡ་མཚན་པ་ཞིག་ལ། དེ་ལས་ཟློག་སྟེ་ངས་རེ་བ་ཆེན་པོ་ཞིག་བརྒྱབས་ཏེ་ངྷ་རམ་ས་ལར་ཡོང་ཡང༌། ཁྱེད་ཅག་གིས་ང་ལ་དོགས་པ་ཆེན་པོ་ཟ་བཞིན་འདུག ང་རང་གི་རེ་བར་དེ་རིང་འདིར་ཕེབས་པ་ཚང་མ་དང་མཉམ་དུ་བགྲོ་གླེང་ལྷུག་པོ་ཞིག་བྱུང་ན་བསམ་ཡོད། གལ་སྲིད་ང་ལ་ནོར་འཁྲུལ་འདྲ་ཡོད་ན། འདི་དང་འདི་ཟེར་ནས་གསལ་བཤད་གནང་རོགས

དྲི་བ། སྐུ་ཉིད་ཀྱི་ཁོར་ཡུག་ན་བུད་མེད་མང་པོ་ཞིག་ཡོད་བཞིན་དུ་བོད་རིགས་བོད་མེད་འོད་ཟེར་ཆུང་མར་བདམས་དོན་གང་ཡིན་པ་དང༌། དོན་དངོས་ཐོག་ཁྱེད་ཉིད་བོད་པར་བརྩེ་བ་ཅི་ཙམ་ཡོད་དམ།

ལན། འོད་ཟེར་ངེད་གཉིས་བཟའ་ཚང་ཆགས་པ་དེ་ཕལ་ཆེར་ལས་འབྲེལ་ཡིན་རྒྱུ་རེད། གང་ཡིན་ཟེར་ན། ངེད་གཉིས་ཐུག་སྐབས་མོ་རང་ལོ་ ༣༨ རེད། ང་ལོ་ ༥༡ ཡིན། སྐབས་དེར་མོས་ཀྱང་ཆང་ས་བརྒྱབས་མྱོང་མི་འདུག་ལ། ངས་ཀྱང་ཆང་ས་བརྒྱབས་མྱོང་མེད། ངེད་གཉིས་ཕན་ཚུན་ལ་བསྒུག་བསྡད་པའི་བཟོ་འདྲ་བོ་ཞིག་འདུག ཐོག་མ་འོད་ཟེར་དང་ངེད་གཉིས་ངོ་ཤེས་དོན་གང་ཡིན་ཟེར་ན། འོད་ཟེར་གྱི་ཕ་ལགས་པར་རྒྱག་མཁན་ཞིག་རེད། ཁོང་གྲོངས་ཁར་སྔོན་ཆད་པར་བརྒྱབས་པའི་རྭ་ཤེལ་མང་པོ་ཞིག་འོད་ཟེར་གྱི་ལག་ཏུ་བཞག་འདུག ངས་བོད་དོན་སྐོར་ལ་རྩོམ་ཡིག་འབྲི་བཞིན་ཡོད་པ་འོད་ཟེར་གྱིས་ཀློག་གིན་ཡོད་པ་འདྲ། ང་ལ་ཡིད་ཆེས་བྱས་ཏེ་ཉིན་ཞིག་རྭ་ཤེལ་དེ་དག་བསྐུར་ནས་སླེབས་སོང༌། རྭ་ཤེལ་དེ་དག་ཁྲོད་རིག་གནས་གསར་བརྗེ་སྐབས་ཀྱི་པར་རྩ་ཆེན་མང་པོ་ཞིག་འདུག དེ་མ་ཐག་ངས་ཡི་གེ་ཞིག་དང་མཉམ་དུ་ཕྱིར་བསྐུར་ཏེ། འདི་དག་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང༌། ངས་ཉར་རྒྱུ་ཞིག་མ་རེད། ཅེས་བརྗོད་པ་ཡིན། དེའི་རྗེས་ངས་ཁོ་མོར་རོགས་བྱས་ཏེ། པར་དེ་དག་བཀྲུས་ཏེ་ཆེན་པོ་བཟོ་བ་དང༌། བོད་ཁུལ་ལ་ཆེད་དུ་བསྐྱོད་དེ་པར་དེ་དག་དང་འབྲེལ་ཡོད་ཚོར་བཅར་འདྲི་ཞུས་ཏེ། ༼གསར་བརྗེ་༽ཟེར་བའི་དཔེ་དེབ་དེ་ཐེ་ཝན་གྱི་དཔར་ཁང་ཞིག་ནས་དཔར་སྐྲུན་བྱས་པ་ཡིན། དེབ་དེ་ནི་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་སྐབས། རྒྱ་གཞུང་གིས་བོད་ཀྱི་ས་ཆར་གཏོར་བཤིག་བཏང་པའི་ལོ་རྒྱུས་ཀྱི་སྟོང་ཆར་ཁ་གསབ་ཞིག་ཡིན་བསམ་ཡོད། གང་ཡིན་ཟེར་ན། ལྷ་སའི་ཡིག་ཚང་དག་ན་ལོ་བཅུའི་རིང་བོད་སར་གཏོར་བཅོམ་བྱས་པའི་ཡིག་ཚགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ལྟར་ངེད་གཉིས་ལོ་ ༦ མཉམ་ལས་བྱས་པའི་གོ་རིམ་ཁྲོད་ངེད་གཉིས་བཟའ་ཚང་ཆགས་པ་རེད། མི་ལ་ལས་ང་ལ། ཁྱེད་རང་སྤྱང་པོ་རེད། རྭ་ཤེལ་མ་བླངས་པར་མི་འཇུས་སོང་ཟེར། ངས་ཀྱང་ཁོང་ཚོར། འོད་ཟེར་ཡང་སྤྱང་པོ་རེད། རྭ་ཤེལ་གཞན་གྱི་ལག་ཏུ་མ་ཤོར་བའི་མི་ཚད། མི་ཞིག་ལའང་བདག་པོ་བརྒྱབས་སོང༌། ཞེས་ལབ་པ་ཡིན། ཁྱེད་ཀྱི་དྲི་བ་གཉིས་པའི་ལན་དུ། ཐོག་མར་ང་རང་བོད་ཀྱི་མཛེས་ལྗོངས་དང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་བཅས་ལ་མཚར་སྣང་ཞིག་གི་ཐོག་ནས་བོད་ལ་འབྲེལ་འདྲིས་བྱུང་བ་ལས་བོད་པར་བརྩེ་བ་དམིགས་བསལ་མེད། འོན་ཀྱང༌། འོད་ཟེར་ངེད་གཉིས་ངོ་ཤེས་རྗེས་བོད་པར་ལྟ་བའི་སྒེའུ་ཁུངས་ཕྱེས་སོང་བ་རེད། དུས་དེ་ནས་ང་རང་བོད་པར་བརྩེ་བ་ངོ་མ་ཞིག་སླེབས་སོང༌

དྲི་བ། དྲི་བ་གཉིས་ཡོད། དང་པོ། རྒྱ་རིགས་རྩོམ་པ་པོ་ཚཱའོ་ཁྲེང་ཆེན་གྱིས་རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་རེད་གསུངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་པ་དང༌། གཉིས་པ། བོད་པས་མ་འོངས་པར་དབུ་མའི་ལམ་དོར་བ་ཡིན་ན། སྐུ་ཉིད་ཀྱིས་རྩོམ་ཡིག་གང་འདྲ་ཞིག་འབྲི་འདུན་ཡོད་དམ།

ལན། དྲི་བ་གཉིས་ཀར་ལན་མཉམ་དུ་བརྒྱག་རྒྱུ་ཡིན། མི་རིགས་རང་ཐག་རང་གཅོད་ཟེར་བ་དེར་སྔོན་ཐོན་གྱི་སྤྱི་ཚོགས་དག་ཏུ་ཐུན་མོང་གི་ལྟ་བ་ཞིག་བརྙེད་ཡོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་ཡོད། ང་རང་སྒེར་ངོས་ནས་ཀྱང་དེ་ལ་དགག་བྱ་མེད། ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་ས་ནི།  མི་རིགས་སུ་འདྲ་ཞིག་ཡིན་རུང་སེམས་ཕུགས་སུ་རང་བཙན་ཐོབ་ན་སྙམ་པའི་རེ་བ་ཡོད། འོན་ཀྱང། ༧ཏཱ་ལའི་བླ་མས་དབུ་མའི་ལམ་བདམས་དགོས་པའི་རྒྱུ་མཚན་ཅི་རེད། ཁོང་ང་ཚོས་མིག་དཔེར་བལྟ་ས་གཙོ་བོ་ཞིག་རེད། ང་རང་གི་བསམ་པར་མི་མ་བསད་ཁྲག་མ་བཞུར་བའི་ཐོག་ནས་མི་དམངས་ལ་རང་དབང་ཞིག་ཐོབ་ན་བསམ་ཡོད། དམག་འཁྲུག་ལ་བརྟེན་ནས་རང་བཙན་བརྩད་ན། ཕྱོགས་གཉིས་ཀྱི་མི་དམངས་ལ་ཆག་འཇིག་ཆེན་པོ་ཡོང་ལ། ལྷག་པར་དུ་བོད་པར་ཆག་འཇིག་ཆེན་པོ་ཡོང་ངེས་ཡིན། དེར་བརྟེན་༧ཏཱ་ལའི་བླ་མས་གསུངས་པ་ལྟར། བོད་རྒྱ་གཉིས་ཕན་གྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་ཐབས་ཡོད་ན། དེ་ལ་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད།

 

དྲི་བ། རྒྱ་གཞུང་གིས་སྔར་ལོའི་གསུམ་བཅུའི་དུས་དྲན་རྗེས་བོད་ནང་དྲག་གནོན་བྱས་པ་དེར་རྒྱ་ནག་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་འདུག དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཚོས་ཧ་གོ་བཞིན་དུ་སྐྱོན་ཆར་མི་མཐོང་དོན་ཅི་ཡིན་ནམ།

ལན། ཐལ་དྲགས་པའི་མི་རིགས་རིང་ལུགས་ཟེར་བ་དེ་ཞེད་སྣང་ཚ་བོ་ཡོད། མི་རིགས་གཅིག་གིས་མི་རིགས་གཞན་ཞིག་ལ་གཉའ་གནོན་བྱེད་སྐབས། གཉའ་གནོན་བྱེད་མཁན་ལ་ཁེ་ཕན་ཅུང་ཡོད་སྲིད་ཀྱང༌། གཉའ་གནོན་མྱོང་མཁན་ལ་དཀའ་སྡུག་བཟོད་ཐབས་མེད་པ་ཞིག་ཡོད། དེང་སྐབས་རྒྱ་ནག་ལ་དད་པ་ཟེར་བ་དེ་ཡོད་པ་མ་རེད། མར་ཁི་སི་དང་ལེ་ཉེན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཞེས་ཁ་ནས་ཤུགས་ཆེན་བཤད་ཀྱིན་ཡོད་ཀྱང༌། དོན་ལ་སོ་སོའི་གུང་ཁྲན་ཏང་གི་གཞུང་ལུགས་ལའང་ཡིད་ཆེས་མེད། ཁོང་ཚོར་ཆེས་མཐའ་མཇུག་ཏུ་ལྷག་ཡོད་པ་གཅིག་པུ་དེ། མི་རིགས་རིང་ལུགས་ཀྱི་ཞེན་ཁོག་དེ་རེད། རྒྱལ་ཁབ་ཅིག་གི་ངོས་ནས་ཐལ་དྲགས་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཨུ་ཚུགས་ཀྱིས་མི་དམངས་ཀྱི་བསམ་བློའི་ནང་བླུག་ཡོང་སྐབས། སྡབ་འགྱུར་ནས་སྡབ་འགྱུར་འཕེལ་ཏེ་ཉེན་ཁ་ཆེན་པོ་ཆགས་ཀྱིན་ཡོད་ལ། རྒྱལ་ཁབ་ཅིག་གི་ངོས་ནས་ལོ་ ༥༠ རིང་དབང་ཤུགས་བེད་སྤྱད་དེ། མི་རིགས་རིང་ལུགས་ཀྱི་ལྟ་བ་སྐུལ་སློང་བྱས་ན་ནུས་ཤུགས་ཅི་ཙམ་འཕེལ་བ་བཤད་མ་དགོས་པ་རེད། དེང་སྐབས་རྒྱ་ནག་ནང་དོན་རྐྱེན་འདྲ་མིན་འབྱུང་གིན་ཡོད་པ་དེ་དག་གི་རྒྱུ་རྐྱེན་ངོས་ཟིན་ཐུབ་ཀྱིན་ཡོད་མོད། བོད་དོན་ཐོག་ཉམས་མྱོང་དེ་ཙམ་མེད་སྟབས་ཚོར་བ་ཞིག་ལ་བརྟེན་ཏེ་ཐག་གཅོད་བྱེད་ཀྱིན་ཡོད། དེར་བརྟེན། ང་རང་གིས་བལྟས་ན་ང་ཚོ་བོད་རྒྱ་མི་རིགས་གཉིས་ཀྱིས་གཅིག་གིས་གཅིག་ལ་རྒྱུས་ལོན་དང་བགྲོ་གླེང་བྱས་ཏེ། ཕན་ཚུན་དགྲར་འཛིན་གྱི་བསམ་བློ་འདོར་བར་ད་དུང་ལས་ཀ་མང་པོ་ཞིག་ལྷག་འདུག་སྙམ།

དྲི་བ། དྲི་བ་གཉིས་ཡོད། དང་པོ། སྐུ་ཉིད་ཀྱི་རྩོམ་ཡིག་ཅིག་ཏུ། མི་ཞིག་དང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་བཀའ་མོལ་སྐབས། རྒྱ་རི་རིན་པོ་ཆེ་ཡིས་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་དམངས་གཙོ་རེད། ཅེས་གསུངས་ཡོད་ཚུལ་བཀོད་འདུག དེ་དངོས་ཡོད་རེད་དམ། ཡང་ན་རྩོམ་པ་པོའི་རྟོག་འཆར་ཡིན།

ལན། རྒྱ་རི་རིན་པོ་ཆེས་གསུངས་དེ་དངོས་ཡོད་རེད། བཙན་བོད་གཞུང་རྒྱ་ནག་དང་བསྡུར་བ་ཡིན་ན་དམག་དོན་དང་ཆབ་སྲིད། དཔལ་འབྱོར། རྒྱལ་སྤྱིའི་འབྲེལ་ལམ་གང་ཐད་ནས་བསྡུར་ཐབས་ཡོད་པ་མ་རེད། འོན་ཀྱང། རྒྱ་ནག་ལ་མེད་པ་དང། བཙན་བྱོལ་བོད་གཞུང་ལ་ཡོད་པ་དེ་དམངས་གཙོ་རེད། ད་ལྟའི་ཆར་བོད་མི་རིགས་རྡོག་རྡོག་གཅིག་བཟོས་པ་དེ་༧ཏཱ་ལའི་བླ་མའི་ནུས་པ་རེད། འོན་ཀྱང། མ་འོངས་པར་བོད་མི་རིགས་དེ་མུ་མཐུད་རྡོག་རྡོག་གཅིག་ཏུ་སྡོད་དགོས་ན་དམངས་གཙོ་ཁོ་ནར་བརྟེན་དགོས། བོད་ཕྱི་ནང་བར་འབྲེལ་ལམ་མ་ཆད་པ་བྱ་རྒྱུ་དེ་ཡང་དམངས་གཙོར་བརྟེན་དགོས། གང་ཡིན་ཟེར་ན། བོད་ནང་གི་མི་དམངས་ཚོ་རྒྱ་ནག་གི་གཉའ་གནོན་དང་བཤུ་གཞོག་གི་མུན་ནག་ནང་བསྡད་ཡོད་སྟབས། དམངས་གཙོའི་འོད་སྣང་གིས་ཁོང་ཚོ་ཚུར་འགུག་ཐུབ། བོད་ཀྱི་བདེན་མཐའ་སེལ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེ་རེད། རྒྱ་ནག་དམངས་གཙོ་ཅན་དུ་མ་འགྱུར་ན། བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་ཁག་པོ་རེད། དམངས་གཙོའི་ཐབས་ལམ་འདི་ནི་གནས་སྐབས་བོད་མི་རིགས་སྲུང་བྱེད་ཀྱི་ལྕགས་རི་རེད་ལ། མཐར་ཐུག་བོད་ཀྱི་བདེན་མཐའ་སེལ་བྱེད་ཀྱི་ལྡེ་མིག་ཀྱང་རེད།

 

དྲི་བ། སྐུ་ཉིད་ཀྱིས་གསར་གཏོད་གནང་བའི་༼རིམ་འཕར་དམངས་གཙོ༽ཟེར་བའི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་གསར་རྩོམ་གནང་ཡོད་རབས་འདུག་སྟབས། དེ་གང་འདྲ་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། ང་རང་གི་༼རིམ་འཕར་དམངས་གཙོ་༽ལ་དོ་སྣང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང༌། ངས་དེ་རིང་འདི་ནས་གཞུང་ལུགས་ཞིབ་ཚགས་ཀྱིས་བཤད་ཐུབ་པ་ཞིག་མ་རེད། ང་རང་གིས་དེང་གི་ནུབ་ཕྱོགས་པའི་དམངས་གཙོ་དང་མི་འདྲ་བའི་དམངས་གཙོའི་གཞུང་ལུགས་ཤིག་གསར་གཏོད་བྱེད་དགོས་དོན་གང་ཡིན་ཟེར་ན། མི་རིགས་རེ་རེར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་རེ་ཡོད་ལ། སྤྱི་ཚོགས་ཀྱི་གནས་བབ་དང༌ཡུལ་སྲོལ་གོམས་གཤིས་ཀྱང་མི་འདྲ་བ་རེ་རེ་ཡོད། ནུབ་ཕྱོགས་ཀྱི་དམངས་གཙོར་མཚོན་ན། འགྲན་བསྡུར་དང་འགལ་ཟླས་སྐུལ་སློང་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་དམངས་གཙོ་ཞིག་རེད། བོད་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། ནུབ་ཕྱོགས་སུ་ཆབ་སྲིད་ཚོགས་པ་མང་པོས་འགྲན་རྩོད་བྱེད་ཀྱིན་པའི་དམངས་གཙོའི་ལམ་སྲོལ་དེ་སྤོར་འཛུགས་བྱས་ན་ཉེན་ཁ་ཆེན་པོ་ཡོད། ནུབ་ཕྱོགས་ཀྱི་དམངས་གཙོ་དེ་རྒྱལ་ཁབ་ཅིག་གི་ངོ་བོའི་འོག་ནས་འཕེལ་འགྱུར་སོང་ན། གནས་ཚུལ་ཅི་ཞིག་བྱུང་ཡང་རྒྱལ་ཁབ་གྱི་སྒྲོམ་གཞི་ལས་བརྒལ་ཐབས་མེད། འོན་ཀྱང༌། བོད་བཙན་བྱོལ་གཞུང་ལ་མཚོན་ན། རྒྱལ་ཁབ་ཅིག་གི་ཆ་རྐྱེན་མི་ཚང༌། ཁྲལ་བསྡུ་དང་ཁྲིམས་ལུགས་དབང་ཚད་འཐུས་ཚང་མིན། བོད་རིགས་ཚོས་རྒྱལ་ཁབ་ཅིག་ལ་རྩི་བཞིན་ཡོད་ཀྱང༌། རྒྱ་གར་གཞུང་ངོས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཤིག་ལ་རྩི་བཞིན་ཡོད། གལ་སྲིད་༧ཏཱ་ལའི་བླ་མ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་གིས་མི་དམངས་རྡོག་རྡོག་མ་བཟོས་པར། ནུབ་ཕྱོགས་ཀྱི་ཆབ་སྲིད་ཚོགས་པའི་བར་གྱི་འགྲན་རྩོད་ལྟ་བུའི་ཐོག་ནས་དམངས་གཙོའི་གཞུང་བཙུགས་པ་ཡིན་ན། བོད་བཙན་བྱོལ་གཞུང་འདི་འཐོར་རྒྱུའི་ཉེན་ཁ་ཡོད། བཙན་བྱོལ་བོད་མིའི་གཞུང་དམངས་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་གཞུང་གི་ལས་ཁུངས་ཁག་དང༌། མི་སྒེར་བཅས་ཀྱིས་ཀྱང་༧ཏཱ་ལའི་བླ་མའི་རྗེས་ནས་བཙན་བྱོལ་གཞུང་འཐོར་རྒྱུར་སྔོན་རྩིས་རྒྱག་གིན་ཡོད། དེར་བརྟེན། ངས་རིམ་འཕར་དམངས་གཙོའི་གཞུང་ལུགས་ལ་ཞིབ་འཇུག་བྱས་པ་ཡིན།

དྲི་བ། བོད་དོན་ཐག་གཅོད་བྱེད་པར་རྒྱ་ནག་དམངས་གཙོར་འགྱུར་དགོས་ན། སྐུ་ཉིད་ལ་རྒྱ་ནག་དམངས་གཙོར་བསྒྱུར་བའི་ཐབས་ལམ་འདྲ་ཡོད་དམ།

ལན། རྒྱ་ནག་དམངས་གཙོར་འགྱུར་རྒྱུར་ད་ལྟའི་གཞུང་མགོ་རྟིང་སློག་པའི་ཐབས་ལམ་དེ་ལ་ང་རང་མོས་མཐུན་མེད། ང་རང་གིས་ནམ་རྒྱུན་གུང་ཁྲན་ཏང་གིས་མི་དམངས་ལ་གཅིག་བསྡུད་ལམ་ལུགས་ཀྱི་ཐོག་ནས་དབང་སྒྱུར་བྱས་པའི་སྐྱོན་ཆར་ངོས་ཟིན་ཐོབ་སྟེ། རང་བཞིན་གྱིས་དམངས་གཙོའི་སྲིད་གཞུང་ལ་འགྱུར་བ་གཏོང་རྒྱུར་རེ་བ་རྒྱག་གིན་ཡོད། དེ་ལྟར་བྱས་ན། རྒྱ་ནག་མི་དམངས་སླར་གསོ་ཐུབ་པ་མ་ཟད། གྲངས་ཉུང་མི་རིགས་ཁག་ཀྱང་སླར་གསོ་ཐུབ། འོན་ཀྱང༌། བློ་ཕམ་སྐྱེ་དགོས་པ་ཞིག་ལ། ད་སྔ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཐོང་གིན་མི་འདུག་ལ། སོ་སོའི་ངོས་ནས་བསམ་བློ་ཇི་ལྟར་བཏང་ཡང༌། ཐབས་ལམ་གཅིག་ཀྱང་རྙེད་ཀྱིན་མི་འདུག གལ་སྲིད་རྒྱ་ནག་གཞུང་གིས་དམངས་གཙོའི་ཐད་བསམ་བློ་མ་བཏང་བ་ཡིན་ན། ནམ་ཞིག་སྤྱི་ཚོགས་ནང་གི་འགལ་ཟླ་འདྲ་མིན་ཕྱོགས་གཅིག་ཏུ་བསྡུས་ཏེ། ཕྱིར་མངོན་པ་ཡིན་ན་རྒྱ་ནག་ཟང་ཟིང་དུ་གྱུར་ཏེ་སྲིད་གཞུང་གློ་བར་དུ་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཡོད།

དྲི་བ། མ་འོངས་པར་བོད་རིགས་བརྒྱ་ཆ་ ༩༠ ཡིས་བོད་རང་བཙན་ཐོག་རྒྱབ་སྐྱོར་བྱས་པ་ཡིན་ན། སྐུ་ཉིད་ལ་བོད་དོན་ཐད་ལངས་ཕྱོགས་དང་འཆར་སྣང་གང་འདྲ་ཞིག་ཡོང་སྲིད་དམ།

ལན། བོད་མི་ཚོར་རང་བཙན་རྩོད་པའི་ཐབས་ལམ་ཡག་པོ་ཞིག་ཡོད་ན་དགག་བྱ་མེད། འོན་ཀྱང༌། ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་བོད་རང་བཙན་རྩོད་རྒྱུ་ཡིན་དེ་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། དེང་སྐབས་༧ཏཱ་ལའི་བླ་མ་སྐུ་བཞུགས་རིང་ཁོང་གིས་ལས་དོན་གང་ཞིག་བརྩམས་ཀྱང༌། བོད་ཡོངས་རྒྱག་གཅིག་མཆོང་གཅིག་རེད། འོན་ཀྱང༌། ༧ཏཱ་ལའི་བླ་མ་སྐུ་མ་བཞུགས་པའི་སྐབས་ཤིག་ལ། བོད་རིགས་ཡོངས་ཀྱི་དམིགས་ཡུལ་རྩ་དོན་འཐབ་རྩོད་དང༌། ལངས་ཕྱོགས་རང་བཙན་གཙང་མ་ཆགས་ཀྱང༌། རང་བཙན་རྩོད་ཕྱོགས་ཀྱི་ཐབས་ལམ་སྣ་ཚོགས་ཡོང་སྲིད་ལ། དེ་ལ་བརྟེན་ནས་ནང་ཁུལ་དུ་གནས་ཚུལ་འདྲ་མིན་ཞིག་ཡོང་ངེས་ཡིན། ངས་འདི་ལྟར་བཤད་དོན་སྐབས་དེར་བོད་བཙན་བྱོལ་གཞུང་འཐོར་རྒྱུ་རེད་ཟེར་གི་མེད། ད་ལྟ་ནས་གྲ་སྒྲིག་དགོས་པ་རེད་ཟེར་ནས་དྲན་བསྐུལ་གཏོང་གིན་ཡོད། འོན་ཀྱང༌། ནུབ་ཕྱོགས་ལ་མིག་དཔེར་བལྟས་ཏེ་ཆབ་སྲིད་ཚོགས་པ་མང་པོའི་འགྲན་རྩོད་ཁྲོད་གཞུང་འཛིན་པ་དེ་བོད་པར་འོས་འཚམ་མ་རེད་སྙམ་ཡོད།

 དྲི་བ། དྲི་བ་གཉིས་ཡོད། དང་པོ། ཐེངས་འདིར་ཁྱེད་རང་ཕྱིར་པེ་ཅིན་དུ་སོང་ན་དཀའ་ངལ་འཕྲད་སྲིད་དམ། གཉིས་པ། པེ་ཅིན་གྱི་དཔྱིད་ཀའི་རྩོམ་སྒྲིག་པ་སྐུ་ཞབས་ཧུའུ་ཕེན་གྱིས། དམངས་གཙོའི་འབྱུང་ཁུངས་ལ་གཅིག་མ་གཏོགས་མེད། དེ་ལ་ཤར་ནུབ་ཀྱི་དབྱེ་བ་མེད། ཅེས་བརྗོད་ཡོད། བཤད་སྟངས་འདི་ལ་བསམ་ཚུལ་གང་འདྲ་ཡོད་དམ།

ལན། ཐོག་མར་ང་རང་རྒྱ་གར་ལ་ཡོང་སྐབས་སེམས་ནང་གྲ་སྒྲིག་གང་འདྲ་ཞིག་ཡོད་ཟེར་ན། ཡུལ་སྐོར་སྤྲོ་འཆམ་པ་དཀྱུས་མ་ཞིག་གི་རྣམ་པའི་ཐོག་ནས་ངྷ་རམ་ས་ལར་ཡོང་སྟེ། བཙན་བྱོལ་སྤྱི་ཚོགས་ཀྱི་མི་དམངས་དཀྱུས་མ་དང་མཉམ་དུ་ཟླ་འགར་འཚོ་བ་བསྐྱལ་ཏེ། བོད་མི་ཚོ་དང་བསམ་ཚུལ་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་བྱས་ཏེ། བོད་དོན་ལ་ཕན་པའི་ལས་དོན་རེ་བསྒྲུབ་ཨེ་ཐུབ་བསམ་ནས་ཡོང་བ་ཡིན། ལོ་འགའི་སྔོན་ནས་མི་མང་པོ་ཞིག་གི་རོགས་རམ་དང༌། ཐབས་ལམ་འདྲ་མིན་ཞིག་སྤྱད་དེ་ཡོང་ཐུབ་ཙམ་བྱུང་སོང༌། དེ་རིང་གི་བགྲོ་གླེང་ལ་མཚོན་ནའང༌། ཐོག་མའི་འཆར་གཞི་ལྟར་ན། ཚོགས་ཞུགས་པ་ཚོས་པར་ཆས་དང་བརྙན་ཕབ། སྒྲ་འཇུག་སོགས་མི་བསྣམ་རྒྱུ་བྱས་ཡོད་མོད། ད་ནི་གཞི་ནས་ཕྱིར་པེ་ཅིན་དུ་འབྱོར་སྐབས། རྒྱ་གཞུང་གི་དྲི་བར་ལན་ཇི་ལྟར་འདེབས་རྒྱུར་བསམ་བློ་གཏོང་དགོས་པ་ཆགས་སོང༌། རབ་ཡིན་ན་ངས་དེ་རིང་བཤད་པའི་སྐད་ཆ་རྣོ་ངར་ཅན་གྱི་རིགས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཤུགས་ཆེན་མ་གནང་རོགས། རྒྱ་ནག་ལ་མཚོན་ན་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། སྔོན་མ་རྒྱ་གཞུང་གིས། དྲང་བདེན་ཁོང་ཚོའི་ལག་ཏུ་ཡོད་པ་དང༌། དྲང་བདེན་ལ་བརྟེན་ནས་གཞན་ལ་ངོ་རྒོལ་དང་ཁ་གཏད་གཅིག་ལྕོགས་བྱེད་ཀྱིན་ཡོད། འོན་ཀྱང༌། ད་ལྟ་རྒྱ་ནག་གིས་དྲང་བདེན་ཁོང་ཚོའི་ལག་ཏུ་མེད་པ་ཤེས་ཏེ། གཙོ་བོ་ཁེ་ཕན་ཡོད་མེད་ལ་བལྟས་ཏེ་བྱ་བ་ཐག་གཅོད་བྱེད་ཀྱིན་ཡོད། དཔེར་ན། རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཞིག་ལ་མཚོན་ན། དེ་ལ་གནོད་པ་བྱེད་ཕོད་ཀྱིན་མེད། ཁོང་ཚོས་དེ་རིགས་ལ་ལག་པ་འཆང་དང་མི་འཆང་གཙོ་བོ་ཁེ་ཕན་ཡོད་མེད་ལ་ལྟ་བཞིན་ཡོད། གལ་སྲིད་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ལ་ལག་པ་འཆང་བ་ཡིན་ན། རྒྱལ་སྤྱིའི་གནོན་ཤུགས་དང་གླེང་སློང་མང་པོ་ཡོང་གི་རེད། སྙན་གྲགས་མེད་མཁན་རིགས་འཛིན་རྐྱང་བྱེད་ཀྱིན་ཡོད། དེ་བཟུང་བ་ཡིན་ན་ཁོར་ཡུག་ལའང་སློབ་གསོ་སྤྲོད་ཐུབ་ཀྱིན་ཡོད།

དྲི་བ། ཁ་སང་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས་ཁྱེད་ཀྱིས་ཁོང་ལ་ཅི་ཞིག་ཞུས་ཡོད་པ་དང༌། ༧གོང་ས་མཆོག་གིས་ཁྱེད་ལ་བཀའ་ལན་གང་འདྲ་གནང་སོང་ངམ།

ལན། ༧ཏཱ་ལའི་བླ་མ་དང་ངེད་གཉིས་སྐད་ཆ་མང་ཙམ་བཤད་པ་ཡིན། རྒྱ་བོད་མི་རིགས་གཉིས་བར་ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས་བྱ་གལ་ཆེ་སྐོར་དང༌། ལྷག་པར་དུ་ཁོང་གིས་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐད་ཕྱག་ལས་མང་ཙམ་གནང་གི་ཡིན་གསུངས་སོང༌། འོན་ཀྱང༌། ང་རང་གི་བསམ་པར། ༧ཏཱ་ལའི་བླ་མས་དགོངས་པ་བཞེས་ཕྱོགས་དེ་རླབས་ཆེན་ཡིན་མོད། འོན་ཀྱང༌། འཛམ་གླིང་སྤྱི་ལ་འཁྲི་བའི་ལས་དོན་དེ་རིགས་ཀྱི་ཕྱག་ལས་གནང་མཁན་མང་པོ་ཡོད། དེ་བས་གཞན་སུ་དང་གང་གིས་ཀྱང་གནང་མི་ཐུབ་ཅིང༌། ༧ཏཱ་ལའི་བླ་མ་ཁོ་ནས་གནང་ཐུབ་པ་དེའི་ཐོག་ལ་ཤུགས་བརྒྱག་དགོས་པ་རེད། དེ་གང་རེད་ཟེར་ན། བོད་བཙན་བྱོལ་སྤྱི་ཚོགས་ནང་མིང་དོན་མཚུངས་ཤིང༌། ཕྱི་ནང་མཐུན་པ། མི་རིགས་ཀྱི་གཤིས་ཀ་དང་འཚམ་པའི་དམངས་གཙོའི་ལམ་སྲོལ་བརྟན་པོ་ཞིག་བཟོ་རྒྱུ་དེ་རེད། མི་མང་པོ་ཞིག་གིས་བོད་བཙན་བྱོལ་སྤྱི་ཚོགས་དམངས་གཙོ་རེད་ཟེར་གྱིན་ཡོད་ལ། མི་དམངས་ཚོའི་ངོས་ནས་ཀྱང་དམངས་གཙོ་ཡིན་བསམ་ཡོད། འོན་ཀྱང༌། བོད་མི་རིགས་ཀྱི་གཤིས་ཀ་དང་མཐུན་ཞིང༌། ད་ལྟའི་ཛ་དྲག་གི་གནས་བབ་དང་འཚམ་པའི་དམངས་གཙོའི་ལམ་ཁ་ཞིག་ད་དུང་བརྙེད་མི་འདུག དེ་ནི་ཐོག་མར་ནུབ་ཕྱོགས་ཀྱི་དམངས་གཙོར་མིག་དཔེ་བལྟས་བ་ལས་བྱུང་བ་རེད། དེ་ལ་འགྱུར་བ་གཏོང་དཀའ་མོ་ཞིག་ཆགས་ཡོད་མོད། ༧ཏཱ་ལའི་བླ་མ་ཁོ་ནའི་དབང་ཚད་ལ་བརྟེན་ནས་འགྱུར་བ་གཏོང་རྒྱུའི་ནུས་པ་ཡོད།

དྲི་བ། སྐུ་ཉིད་ཀྱི་བཟའ་ཟླ་འོད་ཟེར་ལགས་ཀྱི་གནས་སྟངས་དེང་སྐབས་གང་འདྲ་ཆགས་ཡོད་པ་དང༌། མོ་རང་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་ཐོབ་ཐང་ཡོད་དམ།

ལན། ངེད་གཉིས་པེ་ཅིན་དུ་བསྡད་ཡོད་ཀྱང༌། ཉིན་ཚན་གཉིས་ཀར་འཇིགས་དངངས་འོག་བསྡད་ཡོད། ངས་གོང་དུ་བཤད་པ་ལྟར་སྙན་གྲགས་ཡོད་མེད་གཉིས་བསྡུར་བ་ཡིན་ན། ངེད་གཉིས་ཅུང་ཉེན་ཁ་ཆུང་བའི་གྲས་ཡིན་མོད། སེམས་ལྷོད་དུ་བབས་ཏེ་ཉིན་གཅིག་ལའང་བསྡད་མྱོང་མེད། སྔར་ལོ་སྤྱི་ཟླ་གསུམ་པར་བོད་ནང་དོན་རྐྱེན་བྱུང་མ་ཐག ངེད་གཉིས་སོ་སོའི་བཅའ་དངོས་བསྡུ་གསོག་བྱས་ཏེ། བཙོན་ཁང་ལ་མཁོ་བའི་བཅའ་ལག་གྲ་སྒྲིག་བྱས་བསྡད་པ་ཡིན། འོད་ཟེར་ལ་ཕྱིར་སྐྱོད་ལག་ཁྱེར་ད་དུང་རག་གིན་ཡོད་པ་མ་རེད། བཟང་བཙོན་ལྟ་བུའི་འོག་བསྡད་ཡོད། གལ་སྲིད་བོད་མི་ཞིག་འོད་ཟེར་འཚོལ་དུ་ཡོང་ན། འོད་ཟེར་ལ་ལག་པ་འཆང་མི་ཕོད་པར། མོ་འཚོལ་དུ་ཡོང་མཁན་དེར་ཉེན་རྟོག་པས་སྐད་བཏང་སྟེ་འདྲི་བརྩད་བྱེད་ཀྱིན་ཡོད། སྔར་ལོ་ངེད་གཉིས་ལྷ་སར་ཐེངས་གཅིག་ཕྱིན་སྐབས། འོད་ཟེར་ཉེན་རྟོག་པས་འཛིན་བཟུང་བྱས་སོང༌། དཀའ་ངལ་མང་པོ་བརྒྱུད་དེ་གློད་གྲོལ་ཙམ་ཐོབ་སོང༌། སྐབས་དེར་ངས་ཁང་པ་ཆེན་པོ་ཞིག་བླངས་ཏེ་མོ་རང་གི་གྲོགས་པོ་ཚོ་དང་མཉམ་དུ་དགའ་བསུ་ཞུ་རྒྱུ་གྲ་སྒྲིག་བྱས་པ་ཡིན། སེམས་སྐྱོ་བ་ཞིག་ལ་ཉིན་དེར་མོ་རང་གི་གཉེན་ཉེ་མི་གཅིག་རང་ལས་སླེབས་མ་སོང༌།

དྲི་བ། བོད་རྒྱའི་བར་གྱི་གྲོས་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་ཐོན་ཡོད་པ་མ་རེད། གལ་སྲིད་བོད་དོན་སེལ་རྒྱུ་རྒྱ་ནག་དམངས་གཙོར་འགྱུར་བར་བསྒུག་དགོས་ན། ད་ལྟའི་གནས་སྟངས་ལ་གཞིགས་ན་རྒྱ་ནག་དམངས་གཙོར་འགྱུར་རྒྱུར་རེ་བ་ཅི་ཙམ་འདུག་གམ།

ལན། ང་རང་གི་བསམ་པར་བོད་རྒྱའི་གྲོས་མོལ་གྱི་རིམ་པ་དེ་ལྟར་མི་འགྲོ་ཐབས་མེད་རེད་དྲན་ཡོད། གལ་སྲིད་དེ་ལྟར་མ་བསྒྲུབ་ཚེ་མ་འོངས་པར་བོད་མི་ཚོ་འགྱོད་པ་སྐྱེས་སྲིད་པ་རེད། འབྲེལ་མོལ་ཐེངས་བརྒྱད་ཀྱི་གོ་རིམ་ཁྲོད། འདི་ལྟ་བུའི་གྲོས་མོལ་ལ་གྲུབ་འབྲས་མེད་པ་གསལ་བོ་ཤེས་ཡོད། འབྱུང་འགྱུར་བོད་ཀྱིས་ཇི་ལྟར་སྒྲུབ་དགོས་མིན་ཐད་ངས་བསམ་ན། རྒྱ་ནག་གི་གུ་ཡངས་ལ་རེ་བ་དང༌། ཕྱི་རྒྱལ་གྱི་རོགས་རམ་ལ་རེ་བའི་བསམ་ཚུལ་དེ་དོར་ཏེ། རང་ཉིད་ཀྱི་ནུས་བ་སྐྱེད་བསྲིང་བྱ་རྒྱུ་དེ་གལ་ཆེན་པོ་རེད། ངས་བཤད་པའི་རང་ཉིད་ཀྱི་ནུས་པ་དེ་ནི། ནང་ཁུལ་ཉམས་ཉེས་སུ་མ་འགྲོ་བ་དང་མཐུན་སྒྲིལ་སྔར་ལས་དམ་ཟབ། སྤུས་གཙང་དང་ཡང་དག་པའི་དམངས་གཙོའི་ལམ་ལུགས། རང་གི་ལས་དབང་ལ་རང་ཉིད་གདེང་ཚོད་ཡོད་པའི་གནས་བབ་ཅིག་བདམས་རྒྱུ་དེ་རེད། དམངས་གཙོ་དེ་གནད་དོན་ཡོངས་ཐག་གཅོད་བྱེད་ཅིག་མ་རེད། གནད་དོན་མང་པོ་མགོ་འཛུགས་ས་རེད། ནུབ་ཕྱོགས་དང་ཤར་ཨེ་ཤ་ཡ། ཨུ་རུ་སུ་སོགས་དམངས་གཙོར་གྱུར་བའི་བརྒྱུད་རིམ་ཁྲོད། མི་རིགས་བར་འགལ་རྐྱེན་འབྱུང་བཞིན་ཡོད། གོ་བདེ་བའི་སྒོ་ནས་བཤད་ན། མ་འོངས་པར་ཀྲུང་གོ་དམངས་གཙོར་གྱུར་ཡང༌། ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་སྲོལ་འདིའི་འོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པ་ཁག་པོ་རེད། ང་ཚོས་ངེས་པར་དུ་མི་རིགས་གནད་དོན་སེལ་ཐུབ་པའི་དམངས་གཙོའི་རིང་ལུགས་ཤིག་འཚོལ་དགོས་པ་རེད།

དྲི་བ། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་མ་བྱུང་བའི་ཐད། ྋགོང་ས་མཆོག་དང་བོད་གཞུང་ལ་ནོར་འཁྲུལ་ཅི་ཞིག་ཡོད་པ་དང༌། རྒྱ་ནག་གིས་ཡ་ལན་མི་བྱེད་པའི་རྒྱུ་མཚན་གང་ཡིན། ཁྱོད་རང་སྒེར་ངོས་ནས་འདི་ལ་ཐབས་ལམ་འདྲ་ཡོད་དམ།

ལན། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་ནོར་འཁྲུལ་ཅི་ཞིག་ཡོད་མེད་དེ་ངས་བཤད་ཆོག་གི་མ་རེད། དེ་ངས་འགན་འཁུར་རྒྱུ་ཞིག་དང་བརྡར་ཤ་གཅོད་རྒྱུ་ཞིག་མ་རེད། ད་ལྟའི་ཀྲུང་གོ་གུང་ཁྲན་ཏང་ནི་སྔོན་ཆད་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་ཡོད། སྔོན་ཆད་ཀྱི་གུང་ཁྲན་ཏང་དེ་སྒེར་བདག་ཅན་ཞིག་རེད། སྒེར་བདག་མགོ་ཁྲིད་ཀྱི་བསམ་བློར་འགྱུར་བ་ཐེབས་པ་ཡིན་ན། ཁོ་ལ་ཐག་གཅོད་ཀྱི་ནུས་པ་ཆ་ཚང་ཡོད། ཚད་ངེས་ཅན་ཞིག་གི་ཐོག་ནས་༧ཏཱ་ལའི་བླ་མའི་དགོངས་པར་ཁོང་དང་ཧུའུ་ཅིན་ཐོ་ངོ་ཐུག་ནས་ཕན་ཚུན་སྐད་ཆ་བཤད་དེ། ཁོང་གཉིས་བར་འགྲིག་འཇགས་ཡོང་བ་ཡིན་ན། གནད་དོན་ཡོངས་ཐག་གིས་གཅོད་ཐུབ་པ་རེད་དགོངས་ཡོད་པ་རེད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མ་རེད། ༧ཏཱ་ལའི་བླ་མས་ཚིག་ཐག་ཆོད་པའི་སྒོ་ནས་སྐད་ཆ་ཚིག་གཅིག་བཤད་ན། བོད་རིགས་ཚང་མས་ངེས་ལེན་བྱེད་ཀྱང༌། ཧུའུ་ཅིན་ཐོ་དེ་འདྲ་མ་རེད། སྔོན་ཆད་མའོ་ཙེ་ཏུང་དང་ཏུན་ཞའོ་ཕེན་གྱི་སྐབས་སུ་དེ་ལྟ་བུའི་ནུས་པ་ཡོད། ད་ལྟའི་གུང་ཁྲན་ཏང་ནི་སྔོན་ཆད་དང་རྩ་བ་ནས་མི་འདྲ། ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིན་ན་འདྲ་ལ། མ་འོངས་པའི་མགོ་ཁྲིད་རིམ་པ་ཡིན་ནའང་འདྲ། ཁོང་ཚོར་སྔར་གྱི་སྒེར་བདག་སྐབས་ཀྱི་དབང་ཆ་དེ་འདྲ་མེད། ཁོ་ཚོ་ཏང་གི་དོ་དམ་རྩ་འཛུགས་ཀྱི་སྟངས་འཛིན་འོག་ཡོད། མ་གཞི་ཧུའུ་ཅིན་ཐོ་རང་ངོས་ནས་ཀྱང༌། བོད་དོན་ཐག་གཅོད་བྱ་འདོད་མེད་མོད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང༌། ཏང་གི་དོ་དམ་རྩ་འཛུགས་ཀྱི་ངོས་ནས་གནད་དོན་སེལ་འདོད་མེད་པ་ཡིན་ན། དེ་ལ་ཁོ་རང་གིས་འགྱུར་བ་གཏོང་ཐབས་མེད

དྲི་བ། དོན་དངོས་ཐོག་རྒྱ་ནག་གཞུང་ལ་བོད་དོན་སེལ་རྒྱུར་འདོད་པ་ཡོད་དམ་མེད། གལ་སྲིད་ཡོད་ན་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ལ་རེ་བ་རྒྱག་གིན་ཡོད་དམ།

ལན། སྔོན་ཆད་ཀྲུང་གོའི་ཕྱོགས་སུ་རྩ་བ་ནས་གྲོས་མོལ་བྱ་འདོད་ཡོད་པ་མ་རེད་ལ། གྲོས་མོལ་བྱ་དགོས་དོན་ཡང་ཡོད་པ་མ་རེད། གྲོས་མོལ་དེ་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད། ཀྲུང་གོའི་སྲིད་གཞུང་ལ་དགོས་པ་ནི། ༧ཏཱ་ལའི་བླ་མས་མགོ་སྒུར་ཏེ། ཀྲུང་གོའི་ཆ་རྐྱེན་མཐའ་དག་ངོས་ལེན། ༧ཏཱ་ལའི་བླ་མ་ཕྱིར་ལོག་སྟེ་ཀྲུང་གོར་བློ་སེམས་འགྱུར་བ་མེད་པར་སྡོད་རྒྱུ་དེ་རེད། འོན་ཀྱང༌། བར་སྐབས་ཤིག་ལ་ཀྲུང་གོས་བོད་དོན་ལ་དོ་སྣང་ཕྲན་ཙམ་བྱས་ཡོད། དེ་ནི་བོད་སྤྱི་བའི་དོན་དུ་བསམ་བློ་མ་བཏང་བར། ༧ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཐད་གླེང་མོལ་བྱ་རྒྱུའི་བསམ་བློ་འཁོར་ཏེ། གྲོས་མོལ་མགོ་འཛུགས་བྱས་པ་རེད། ཐེངས་འགར་གྲོས་མོལ་བྱས་པ་བརྒྱུད་དེ། ༧ཏཱ་ལའི་བླ་མར་སྐུ་སྒེར་གྱི་གནད་དོན་ཐད་སྐད་ཆ་བཤད་འདོད་མེད་པ་ཧ་གོ་བ་རེད། གལ་སྲིད་ཏཱ་ལའི་བླ་མས་སྒེར་གྱི་གནད་དོན་བསམ་ཡོད་ན། ཁོང་དགུང་ལོ་ཉི་ཤུའི་སྐབས་ནས་ཡོད་ཚད་ཐོབ་ཟིན་པ་རེད། བྲོས་བྱོལ་དུ་འགྲོ་དགོས་པའི་རྒྱུ་མཚན་མེད་པ་ངེས་ཤེས་ཐོབ་ཡོད། དེའི་རྗེས་ཀྲུང་གོས་བསྐྱར་དུ་གཟབ་ནན་གྱིས་བསམ་བློ་བཏང་སྟེ། གཏན་འབེབ་བྱས་པའི་འཆར་གཞི་ནི། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་རྒྱུར་བསྒུག་རྒྱུ་དེ་རེད། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་རྗེས་བཙན་བྱོལ་གཞུང་འཐོར་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད། སྐབས་དེར་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་དང་ཤོག་ཁག་འདྲ་མིན་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཞིང༌། ནུབ་ཕྱོགས་སྤྱི་ཚོགས་ནང་གི་བོད་མི་ཚོ་སོ་སོའི་འཚོ་བའི་ཆེད་དུ་མགོ་འཁོར་ཏེ། མཚམས་རེར་སྐད་འབོད་ཙམ་ལས་བོད་དོན་ཐད་ནུས་བ་འདོན་ཐུབ་མེད་པ་དང༌། གལ་སྲིད་རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བར་འགྱུར་བ་ཕྱིན་ན། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་སྐུལ་འདེད་དང་གནོན་ཤུགས་སྤྲད་དེ། བཙན་བྱོལ་གཞུང་དམངས་རྒྱ་གར་སྤྱི་ཚོགས་ནང་འཐིམ་ཐབས་བྱེད་པ། ༧ཏཱ་ལའི་བླ་མས་ཕྱི་ལོགས་ནས་རང་གི་སྤྲུལ་སྐུ་ངོས་འཛིན་བྱས་ན། ཀྲུང་གོས་བོད་ནང་ཁུལ་ནས་༧ཏཱ་ལའི་བླ་མའི་སྤྲུལ་སྐུ་འཚོལ་རྒྱུ། ཀྲུང་གོས་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེར་བོད་མི་རིགས་ཀྱིས་དད་མོས་བྱ་མིན་བཤད་དཀའ་ཡང༌། མ་མཐར་བོད་སྤྱི་ཚོགས་ལ་དཀྲུགས་ཤིང་སློང་བའི་ནུས་པ་འཐོན་ངེས་པ། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་ན། བོད་ཕྱི་ནང་བར་གྱི་འབྲེལ་བ་ཉམ་ཆགས་སུ་འགྲོ་བ། ༧ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ནང་མཚམས་བཞག་པའི་ཉིན་མོ་དེ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཆེ་རུ་བཏང་སྟེ། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་འབྱུང་ཁུངས་ལའང་གནོད་སྐྱོན་བཟོ་རྒྱུ། སྐབས་དེར་ད་ལྟ་གཞུང་ལ་བླངས་ཐོག་དཔྱ་ཁྲལ་སྤྲོད་ཀྱིན་པ་དེའང་ཆོལ་ཁ་ཆོས་ལུགས་ཤོག་ཁག་འདྲ་མིན་གྱི་ངོ་བོར་སྤྱད་དེ་གཅིག་གྱུར་ཡོང་ཐབས་མེད་པ། འདི་དག་ཀྲུང་གོས་བོད་བཙན་བྱོལ་སྤྱི་ཚོགས་ལ་ཞིབ་འཇུག་དང་ཚོད་དཔག་བྱས་པའི་འབྲས་བུ་རེད།

ང་རང་སྒེར་ལའང་དེ་འདྲའི་ཚོར་སྣང་ཞིག་ཡང་ཡང་ཡོང་གིན་འདུག གང་ཡིན་ཟེར་ན། རྒྱལ་བ་ཀརྨ་པ་བཙན་བྱོལ་དུ་མ་ཕེབས་སྔ་རྗེས་གཉིས་ཀར་ང་རང་ཁོང་གི་དགོན་པར་ཕྱིན་པ་ཡིན། རྒྱལ་བ་ཀརྨ་པ་བཞུགས་སྐབས། མཆོད་འཇལ་ཞུ་མཁན་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་དྲ་རྒྱས་པོ་འདུག་མོད། ཁོང་བཙན་བྱོལ་དུ་ཕེབས་རྗེས་དགོན་པ་དེ་ཉམས་ང་བ་ཞིག་ཏུ་གྱུར་འདུག ཁྱེད་ཅག་བཙན་བྱོལ་གཞུང་དམངས་གཉིས་ནས་འདི་ལ་དཔྱད་ཞིབ་དང༌། བསམ་བློ་ག་འདྲ་ཞིག་བཏང་ཡོད་མེད་མི་ཤེས་མོད། ཨ་རིའི་ནེའུ་ཡོག་དུས་བབ་དང༌། དབྱིན་ཇུའི་ལོན་ཌོན་དུས་བབ་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གིས་ལོ་འགའི་ཡར་སྔོན་ནས། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་མ་ཐག་འཛམ་གླིང་ལ་གསལ་བསྒྲགས་བྱ་རྒྱུའི་གནས་ཚུལ་གྲ་སྒྲིག་བྱས་ཚར་འདུག གསར་འགྱུར་ཅིག་གཞན་གྱི་སྔོན་དུ་བསྒྲགས་རྒྱུར་དེ་འདྲའི་གྲ་སྒྲིག་ཅིག་བྱེད་ཀྱིན་ཡོད་ན། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་༧ཏཱ་ལའི་བླ་མ་བཞུགས་དང་མི་བཞུགས་སྤྱི་ཚོགས་ཧྲིལ་བོ་ཞིག་གི་ཤི་གསོན་དང་འབྲེལ་བ་ཡོད་པའི་སེམས་འཚབ་ཅིག་གི་ཐོག་ནས་བསམ་བློ་གཏོང་གིན་ཡོད་དམ།

དྲི་བ། སྐུ་ཉིད་ཀྱིས་ནམ་རྒྱུན་རྩོམ་ཡིག་འབྲི་སྐབས། བོད་རྒྱ་མི་རིགས་གཉིས་ལས་གང་གི་ཕྱོགས་སུ་ལངས་ཏེ་རྩོམ་ཡིག་འབྲི་བཞིན་ཡོད་དམ།

ལན། ང་རང་ནས་བསམ་ན་གནད་དོན་འདི་དེ་འདྲའི་ལས་སླ་བོ་ཞིག་མ་རེད། སྔོན་མ་རྒྱ་མིའི་དམག་དཔོན་ཞིག་གིས་བོད་པར་མགོ་བཏེགས་ཏེ་རྒྱ་དམག་ལ་འཐབ་འཛིང་བྱས་པ་ལྟར། རྒྱ་ཕྱོགས་ཡོད་ཚད་ཕར་གཡུགས་ནས་དེ་རིང་ནས་ང་བོད་པ་བྱ་རྒྱུ་ཡིན་ལྟ་བུའི་ལས་སླ་བོ་ཞིག་རྩ་བ་ནས་ཡོད་པ་མ་རེད། ཡིན་ནའང༌། ང་རང་གིས་ཇི་ལྟར་བསམ་བློ་གཏོང་གིན་ཡོད་ཟེར་ན། རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པ་དང་གནོད་སྐྱོན་མེད་པ་ཞིག་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེ་ནི་༧ཏཱ་ལའི་བླ་མའི་བསམ་ཚུལ་ལ་ཡང་མཐུན་གྱིན་ཡོད། བོད་རྒྱ་གཉིས་བར་མི་གསོད་མི་དགོས་པ་དང་ཁྲག་བཞུར་མི་དགོས་པ། ཕྱོགས་གཉིས་ཀའི་ཁེ་ཕན་ལ་བརྡབ་གསིག་མི་འགྲོ་བ་ཞིག་གི་ཐོག་ནས་དཀའ་ངལ་སེལ་ན་དྲན་གི་ཡོད་ལ། ཁྱེད་ཅག་གིས་ཀྱང་དེ་ལྟར་དྲན་གྱིན་ཡོད་པ་བཤད་མ་དགོས་པ་ཞིག་རེད་དྲན་ཡོད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php