ཀ་ཁའི་མགུར་གླུ


ཀ་བཞི་གདུང་གཅིག་སྦྲ་ནག་གྲུ་བཞི་དང།།
ཁ་བའི་མདངས་འཛིན་དཀར་པོ་གུར་ཁྱིམ་གཉིས།།
ག་ཤེད་ཅིག་ནས་དར་ཚུལ་མི་འདྲ་ཡང།།
ང་ཚོ་ཁྱིམ་མཚེས་གཅིག་གི་གཉེན་ཚན་བཞིན།།

ཅ་ལ་ཅན་གྱི་ཝ་ཞྭ་ཚར་ཞྭ་སོགས།།
ཆ་ལུགས་མི་འདྲའི་ཁྱད་ཆོས་མང་ན་ཡང།།
ཇ་ཆང་ཤ་རྩམ་ལོངས་སྤྱོད་མཉམ་རོལ་གྱི།།
ཉ་ཆུ་ལྟ་བུའི་བརྩེ་བའི་ལོ་རྒྱུས་རིང།།

ཏཱ་རེ་འཕགས་མ་གཅིག་གི་གཅེས་ཕྲུག་འདྲ།།
ཐ་དད་རིགས་རུས་ཁ་ཐག་འབྱེད་དགོས་མེད།།
ད་ལྟ་དུས་རབས་ཉེར་གཅིག་འཕྲུལ་ཆས་དུས།།
ན་ཆུང་གང་མང་སྣང་བ་མ་འཁྲུལ་ཨང།།

པ་སངས་ཟླ་བ་ཉི་མ་གནམ་གྱི་རྒྱན།།
ཕ་སྐད་ཡི་གེ་རིག་གཞུང་མི་ཡི་རྒྱན།།
བ་མོ་འདོད་འཇོའི་དགེ་རྒན་ཀུན་གྱི་རྒྱན།།
མ་རིག་མུན་སེལ་སྒྲོན་མེ་འདི་རྣམས་ལགས།།

ཙ་གེ་ཙིག་གེའི་བྱ་བས་མི་གཡེང་བར།།
ཚ་གྲང་དཀའ་བས་ཤེས་བྱ་མང་སྦྱོང་ཞིང།།
ཛ་ཛོར་སྤྱོད་པའི་དྲི་མས་མ་གོས་དགོས།།
ཝ་ལེར་ཡིད་ལ་ཟུངས་ཤིག་ན་ཆུང་གྲོགས།།

ཞ་ར་ངོ་མ་བློ་མིག་ལྡོངས་པ་ཡིན།།
ཟ་མ་ངོ་མ་བསམ་བློའི་འཚོ་བཅུད་ཡིན།།
འ་འུར་འགྲན་རྩོད་མི་ཚེའི་གོད་ཆག་ཡིན།།
ཡ་རབས་དམ་པའི་རྗེས་སུ་དམ་པོར་སྙེགས།།

ར་རི་དྲི་མ་ངོ་མ་རྨོངས་ཞེན་ཡིན།།
ལ་ལུང་མཐོང་རྒྱ་ངོ་མ་ཡར་རྒྱས་ཡིན།།
ཤ་ཚ་བརྩེ་དུང་ངོ་མ་ཕན་སེམས་ཡིན།།
ས་ཆ་གང་དུ་སོང་ཡང་མ་བརྗེད་ཅིག།

ཧ་ཅང་མཁས་པའི་ལེགས་པར་བཤད་པ་མེད།།
ཧ་ཧ་ཧོ་ཧོའི་རྩེད་དགོད་བྱེད་པའང་མིན།།
ཨ་མ་སློབ་མའི་གཞི་མཐུན་བུད་མེད་ཅིག།
ཨེ་མ་དེ་རིང་དགའ་བའི་མགུར་གླུ་ཡིན།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php