ཀ་བཤད་སྙིང་གི་གསལ་འདེབས།

 

གངས་ཅན་མགོན་ལ་རེ་བས་གསོལ་འདེབས་ཀྱིན།

གང་གི་བཀའ་སློབ་གངས་ཀླུང་དྭངས་མ་ལས།

གངས་ལྗོངས་གཞོན་སྐྱེས་ཡུལ་གྱར་སྤུན་ཟླ་ཚོར།

གང་ཕན་ཚིག་འགའ་གོ་སླའི་ཚིགས་སུ་སྡེབ།


ཀྭ་ཡེ་རང་ཡུལ་མ་མཐོང་བྱིས་པ་རྣམས།

ཁ་བ་ཅན་ཞེས་གྲགས་འདི་རང་གི་ཡུལ།

ག་པར་ཕྱིན་ནམ་སྡོད་ཀྱང་རྣམ་ཀུན་ཏུ།

ང་ཅག་བཙན་བྱོལ་བ་ཡིན་སྙམ་པར་གྱིས།

ཕ་ཡུལ་གངས་ལྗོངས་མ་བརྗེད་སློབ་ཕྲུག་ཚོ།


ཅ་དངོས་རྒྱུ་འབྱོར་རང་ཁེ་ཆུང་བར་གྱིས།

ཆ་ལུགས་ཚུལ་འཆལ་བག་མེད་ཉུང་བར་གྱིས།

ཇ་ཆང་ཐ་མག་ཚེ་ཡི་གནོད་བྱེད་རིགས།

ཉ་ཉོག་རྩེད་འཇོ་དུས་ཀྱི་བར་གཅོད་ཟློགས།

གྲོགས་བཟང་སྨན་ལ་དཔེ་ལྟོས་སློབ་ཕྲུག་ཚོ།


ཏཱ་ལའི་བླ་མས་ཅི་གསུང་དེ་སྒྲུབ་གཅིག

ཐ་སྙད་རིག་གནས་ཀུན་ལ་སྦྱང་བརྩོན་གཉིས།

ད་ནས་རྒྱལ་གཅེས་ལྷག་བསམ་ཆེར་བསྐྱེད་གསུམ།

ན་ཆུང་ལང་ཚོའི་ནང་རྒྱན་དེ་ལ་མཛོད།

མི་ཚེའི་རྒྱན་མཆོག་དེ་ཡིན་སློབ་ཕྲུག་ཚོ།


པ་ཕ་དབང་གྲགས་ཅན་གྱི་ལང་ཤོར་བུ།

ཕ་མ་ཉམ་ཐག་གཅེས་ཕྲུག་དྭ་ཕྲུག་ཀུན།

བོད་གཞུང་དམངས་གཙོའི་མ་འདིར་བཟང་ངན་མེད།

མ་འོངས་གངས་ལྗོངས་འཛིན་སྐྱོང་ཁྱོད་ཚོར་དབང༌།

འཚོ་བའི་ཕུགས་འདུན་འདི་སོམས་སློབ་ཕྲུག་ཚོ།


ཙི་ན་བཙན་འཛུལ་བྱ་ཁྲས་རབ་དཀྲུགས་པས།

ཚ་ལྗོངས་འཕགས་ཡུལ་འདི་རུ་ཡུལ་གྱར་ཡང༌།

ཛམ་གླིང་མི་རིགས་ཀུན་ལ་མཉམ་སྦྲེལ་གྱིས།

ཝ་སྐྱེས་ཁྲི་ལས་འབེབས་བྱེད་ཤེས་རིག་སྦྱོངས།

བདེན་མཐའ་གསལ་ཐབས་འདི་ཡིན་སློབ་ཕྲུག་ཚོ།


ཞྭ་སེར་བསྟན་སོགས་ཆོས་བརྒྱུད་རིས་མེད་ཆོས།

ཇོ་བཟང་དད་པས་འཛིན་སྐྱོང་སྤེལ་བ་ལ།

འ་ཅག་སྐ྄བས་གཅིག་རྒྱལ་དབང་ཐུགས་བཞེད་དང༌།

ཡ་མ་བྲལ་བའི་ལུགས་གཉིས་སྐྱོང་ཚུལ་སློབས།

འདི་ཕྱིའི་མདུན་ལམ་མཆོག་ཡིན་སློབ་ཕྲུག་ཚོ།


ར་བ་གངས་རིས་བརྒྱན་པའི་ཕྱི་དང་ནང༌།

ལ་ལུང་རྒྱལ་ཁམས་གང་དུ་གནས་འཚོ་ཡང༌།

ཤ་རུས་གཅིག་མཐུན་སྤྲེལ་ཚ་གདོང་དམར་བུ།

ས་འཛིན་དཀར་པོའི་ལ་རྒྱ་མ་འཆོར་སྟོད།

ཡང་སྙིང་རེ་འབོད་འདི་ཡིན་སློབ་ཕྲུག་ཚོ།


ཧ་ཅང་བདེན་པའི་གསུང་ལས་ཉེར་དྲངས་པའི།

ཧ་ཅང་སེམས་ལ་བརྣག་པའི་ཞུ་ཚིག་འདི།

ཨ་མ་གངས་ལྗོངས་བོར་བའི་གཞོན་སྐྱེས་ཚོར།

ཨེ་མ་མཁར་ཞིང་སྨུག་རིའི་མགུལ་བ་ནས།

རྒྱལ་ཁམས་འགྲིམས་པའི་ཕོ་ཉ་ཞིག་གིས་སོ།།

༡༩༩༡

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php