ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ།
ཡུལ་གྱར་བོད་མི་ཚོ། ཁྱོད་ཚོས་ངོ་མ་བོད་དོན་བསམ་ན། ཁྱོད་ཚོས་ངོ་མ་གཞིས་ལུས་བོད་དམངས་ལ་རོགས་ཕན་ཞིག་བགྱིད་སྙམ་ན། ངས་ཀྱང་སྤྱི་མི་ཞིག་གི་ངོས་ནས་སེམས་གཏམ་ཚིག་འགའ་ཞུ།
༡༽ བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་སྤྱི་དང་བྱེ་བྲག་གི་དོན་རྐྱེན་ཆེ་ཆུང་ཚང་མ་ཉ་ཉུངས་མཉམ་བསྲེས་མི་བྱེད་པར། ཆབ་སྲིད་དང། དཔལ་འབྱོར། རིག་གནས། ཆོས་ལུགས། འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་གནད་དོན་གང་ཡིན་དབྱེ་འབྱེད་དང། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་སྣ་གཅིག་རེ་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མར་སྤྱི་སྒེར་ཚོགས་པ་ཁག་ནས་དོ་སྣང་དང་རོགས་ཕན་ཅི་ནུས་རེ་ནམ་རྒྱུན་ནས་སྒྲུབ་རྒྱུ་ཤིན་ཏུ་གལ་ཆེ།
༢༽ ཐག་རིང་ཐག་རིང་ཞིག་ནས་རྒྱང་ལྟ་དང་དཔའ་གཏམ་རེ་བྱས་ནས་མི་འདུག་པར་ཆ་རྐྱེན་ཚང་བ་ཚོས་ངེས་པར་དུ་བོད་ཀྱི་ས་ཁུལ་ཚང་མར་སྐོར་སྐྱོད་ཅིག་གནང་ནས། དངོས་ཡོད་ཀྱི་གནས་ཚུལ་ཚང་མར་རྒྱུས་ལོན་རེ་བྱས་ཏེ། དེ་ནས་བསམ་བློ་ཞིག་བཏང་ནས་རང་རང་གི་ལས་ཀ་ཐུབ་ཚོད་རེ་གནང་ན་ཅི་མ་རུང།
༣༽ ཟུར་མཐོང་གོ་ཐོས་རེས་ཕྱོགས་ལྷུང་གི་སྐད་ཆ་རྫིག་པོ་དང་མཐོ་རྒྱག་དམའ་རྒྱག་འདྲ་བྱས་ནས་ཅི་ཡང་མི་ཕན་པས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང། སློབ་གྲྭ་ཁག དགོན་སྡེ་ཁག མ་མཐར་ཡང་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཆེ་ཆུང་ཚང་མར་དངོས་སུ་རྒྱུས་ལོན་རེ་བྱས་ནས་ད་གཟོད་ཡུལ་དུས་གནས་བབ་དང་མཐུན་པའི་སྐད་ཆ་ཚད་ལྡན་རེ་བཤད་ན་ལྗིད་ཆེ།
༤༽ དམངས་གཙོ་ཁ་ལ་ཁྱེར་ནས་གཞུང་གི་མཛད་གཙོ་སོགས་ལ་ཁ་བཏང་ནས་སྡོད་པ་ལས། ལོ་རྗེས་མའི་འོས་འཕེན་གྱི་ཉིན་མོ་དེར། མི་རེ་རེས་ངེས་པར་དུ་བཀའ་བློན་ཁྲི་བ་དང་སྤྱི་འཐུས་རྣམ་པ་སུ་ཞིག་ལ་འོས་འཕེན་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་གནང་རོགས། གལ་ཏེ་དེ་ཉིན་ཁྱོད་ཀྱིས་འོས་ཤོག་ཙམ་ཡང་བླུགས་མ་ཐུབ་ན། དེ་ནས་བཟུང་ཁྱོད་ཀྱིས་ཁ་གཏོང་བའི་ཁ་དབང་ཡང་མཚམས་བཞག་ན་འོས།
༥༽ གལ་ཆེ་ཤོས་གཞན་ཞིག་ནི། ང་ཚོ་ཚང་མས་བསྐྱར་དུ་༸གོང་ས་མཆོག་གི་འདས་དང་ད་ལྟའི་བཀའ་སློབ་དང་གསུང་འཕྲིན། བཅར་འདྲི་རིགས་ལ་སློབ་སྦྱོང་རེ་བྱས་ནས་རང་ཉིད་ལ་ཞུ་དག་ཅིག་གཏོང་རན། དེའི་མཚུངས་ང་ཚོ་ཚང་མས་བརྒྱུད་ལམ་སྣ་ཚོགས་ནས་བོད་ནང་ལ་༸གོང་ས་མཆོག་གི་བཀའ་སློབ་ཁག་དང་མཛད་འཕྲིན་ཅི་རིགས་བརྡ་རེ་འཕྲོད་ཐབས་གནང་ན། ང་ཚོ་མི་རེ་རེ་ནས་ཁོང་གི་དགོངས་དོན་དང་མཐུན་པའི་ལས་ཀ་སྣ་རེ་ཡང་བསྒྲུབ་རྒྱུ་ཡོད་པ་དང་ཇི་ལྟར་སྒྲུབ་ཐུབ་ཚུལ་ཡང་རྟོགས་ཐུབ་བོ།
༦༽ དེ་རིང་ནི་རྒྱལ་སྤྱིའི་ལས་ཀའི་དུས་ཆེན་ཉིན་མོ་རེད། མི་ལ་མཚོན་ན་ལས་ཀ་ལས་ནས་འཚོ་བ་སྐྱེལ་དགོས། ལས་ཀ་ལ་རྣམ་གྲངས་དང་ངོ་བོ་མི་འདྲ་བ་ཧ་ཅང་མང་ཡང། ཚང་མ་བདེ་བ་འཚོལ་བའི་ཆེད་དུ་ཡིན་ངེས། དེ་བས་ང་ཚོ་ཡུལ་གྱར་བ་ཚོར་མཚོན་ན་ས་མཐའི་བདེ་བ་འཚོལ་མཁན་གཅིག་པ་ཡིན་ལ། བོད་མི་དམངས་ཀྱི་འབྱུང་འགྱུར་བདེ་བ་བསུ་བའི་འོས་འགན་རེ་ཡང་ཚང་མར་ཡོད་པས། ས་ཐག་ཅི་ཙམ་རིང་ཡང་སེམས་ཐག་ཉེ་མོས་མཐུན་སྒྲིལ་དམ་གཙང་དང་སྐྱིད་སྡུག་མཉམ་མྱོང་སྒོས་ཚང་མའི་འཚོ་བ་དོན་ལྡན་རེ་ཡོང་བའི་སྨོན་འདུན་ཡང་ཞུའོ།
བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ནས་ཕུལ།
༢༠༡༠།༥།༡