སེམས་དང་སྲོག་གི་ཚན་རིག་ཚོགས་འདུར་དབུ་བཞུགས་མཛད་པ།
༄༅། །ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ྋགོང་
ས་མཆོག་གི་སྒང་ཏོག་ཏུ་སེམས་དང་སྲོག་གི་ཚན་རིག་ཚོགས་འདུར་དབུ་བཞུགས་མཛད་པ་ དང་། དེ་ཁུལ་གཙུག་ལག་ཁང་དང་དགོན་པ་བཅས་ལ་ཆིབས་སྒྱུར་གྱིས་སེར་སྐྱ་མང་ཚོགས་ལ་ཆོས་
དང་རིག་གཞུང་སྐོར་བཀའ་སློབ་སྩལ་ཡོད།
དེ་རིང་ངོས་རང་འདི་ག་སྦས་ཡུལ་འབྲས་མོའི་ལྗོངས་སུ་རྣམ་རྒྱལ་བོད་ཀྱི་ཤེས་རིག་
ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུ་བྱུང་ བ་རེད། ལྷན་ཚོགས་འདིར་མངའ་སྡེའི་སྲིད་སྐྱོང་མཆོག་ཕེབས་ཡོད་པ་མ་ཟད། གཙོ་བཞུགས་བློན་ཆེན་མཆོག་ཀྱང་ཕེབས་ཡོད།
དེ་བཞིན་ཁྱེད་རང་ཚོ་འབྲས་ལྗོངས་གཞུང་གི་ཕྱག་ལས་གནང་མཁན་དང། མཁས་དབང་མང་པོ་ཞིག་ཕེབས་འདུག་པར་ཚང་མར་ངོས་ཀྱིས་འཚམས་འདྲི་དང་བཀྲ་ཤིས་བདེ་ ལེགས་ཞུ་རྒྱུ་ཡིན།
ངོས་རང་ས་གནས་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་དྲན་སྐབས་ ངོས་རང་འབྲས་ལྗོངས་བརྒྱུད་ཡོང་སྐབས་ས་གནས་འདིར་འབྱོར་བ་རེད།
དེ་བཞིན་ངོས་རང་ལྷ་སར་ཡོད་སྐབས་ནས་སེམས་ནང་འབྲས་ལྗོངས་ནི་བོད་དང་ཧ་ཅང་ཉེ་ པོ་ཡིན་སྙམ་གྱི་ཡོད། ངོས་རང་ཨ་མདོ་ལུང་པར་སྐྱེས་ཏེ་ལོ་ངོ་གསུམ་བར་དེར་བསྡད་པ་དང་།
དེ་རྗེས་ལྷ་སར་འབྱོར་པ་དང་འབྲས་ལྗོངས་དང་ཧ་ཅང་ཐག་ཉེ་པོ་ཆགས་པའི་ཚོར་སྣང་ ཞིག་བྱུང་། འདི་ཕྱོགས་ཡར་རྒྱས་ཆེན་པོ་ཕྱིན་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་།
བར་ལམ་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱས་ཡོད། ངོས་རང་བྱིས་པའི་དུས་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་རིགས་ལ་དོ་སྣང་ཧ་ཅང་ཆེན་པོ་ ཡོད་པ་ཞིག་ཡིན།
དེ་བཞིན་དེང་དུས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་འཚོགས་རྒྱུ་ནི་ཕན་ཚུན་ བློ་སྐྱེད་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། འདིར་འཚོགས་བཞིན་པའི་བགྲོ་གླེང་འདི་ནང་བཞིན་ང་ཚོ་བཙན་བྱོལ་བོད་མིའི་དགོན་
སྡེ་ཚོའི་ནང་དགེ་འདུན་པ་ཁག་གཅིག་བསྡུས་ཏེ་ཚན་རིག་སློབ་སྦྱོང་སྤྲོད་ཀྱི་ཡོད། ང་ཚོས་ཚན་རིག་སྐོར་བོད་ཡིག་ཐོག་བསྒྱུར་ཏེ་སློབ་དེབ་གཅིག་ཀྱང་པར་སྐྲུན་བྱས་ ཟིན། ཞེས་དང་། ཡང་༸གོང་ས་མཆོག་ནས་མུ་མཐུད་གསུང་དོན།
ལོ་བཞི་བཅུའི་གོང་ནང་པའི་གྲོགས་པོ་ཨ་རི་བ་ཁག་གཅིག་གིས་དེང་དུས་ཀྱི་ཚན་རིག་ པའི་ལྷན་དུ་བགྲོ་གླེང་དང་གོ་བསྡུར་བྱེད་སྐབས་གཟབ་གཟབ་བྱེད་དགོས། ཚན་རིག་ནི་ཆོས་ལུགས་ལ་གཏོར་རྐྱེན་བཟོ་མཁན་གཙོ་བོ་དེ་རེད།
ཅེས་བརྗོད་བྱུང་བར་ངོས་ཀྱིས་དོན་དེར་བསམ་བློ་ཡང་ཡང་གཏོང་སྐབས་ནང་ཆོས་ནི་ ཀླུ་སྒྲུབ་ཡབ་སྲས་སོགས་ནཱལེནྡྲའི་མཁས་དབང་རྣམས་ཀྱིས་བརྟག་ཅིང་དཔྱད་པའི་སྒོ་ ནས་གནད་དོན་དངོས་གང་ཡིན་གཏན་ལ་ཕབ་པ་ཞིག་རེད།
དེ་བཞིན་བཅོམ་ལྡན་འདས་སྐུ་ངོ་མས་བརྟག་ཅིང་དཔྱད་པའི་སྒོ་ནས་གཏན་ལ་ཕབ་པའི་ རིགས་པའི་གཞུང་ལུགས་ཤིག་ཡིན་པས་གུས་པ་བྱེད་དགོས།
དེ་རྗེས་དེང་སང་བོད་ཀྱི་རིག་གཞུང་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ལ་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་རིག་གཞུང་ ནག་སུབ་གཏོང་རྒྱུའི་གནས་ཚུལ་ཡོང་གི་ཡོད་པའི་དུས་འདིར་ཁྱེད་ཚོ་ཧི་མ་ལ་ཡའི་
རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་པ་བར་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྩ་བའི་བོད་ཀྱི་གནས་ཚུལ་ལ་ནམ་ཞིག་ཏན་ཏན་འགྱུར་བ་འགྲོ་གི་རེད། གཞིས་བྱེས་བོད་མི་གནས་ཕྱིན་བོད་ཀྱི་བདེན་དོན་འཐབ་རྩོད་གནས་ཀྱི་རེད་མ་གཏོགས་
ལས་སླ་པོར་མེད་པ་རྩ་བ་ནས་ཆགས་རྒྱུ་མིན། བོད་མི་ས་ཡ་དྲུག་ཤུལ་མེད་བཟོ་རྒྱུ་ཟེར་བ་དེ་ལས་སླ་པོ་ཞིག་རྩ་བ་ནས་མིན། འོན་ཀྱང་གནས་ཚུལ་ཛ་དྲག་ཆགས་ཡོང་སྐབས་རྒྱུན་དུ་ངོས་ནས་རེ་བ་བཟང་ས་ནས་རྒྱག་
དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཤད་པ་ལྟར་ང་ཚོས་གྲ་སྒྲིག་ སྡུག་ས་ནས་བྱེད་དགོས་པ་ཡིན་དུས་ཧི་མ་ལ་ཡའི་རི་རྒྱུད་མི་མང་ནས་བོད་གངས་ཅན་
གྱི་ལྗོངས་སུ་ཡོད་པའི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལུང་རྟོགས་ཀྱི་བདག་ ཉིད་ཅན་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས།
གལ་ཏེ་བོད་ནང་དཀའ་ངལ་གྱི་གནས་ཚུལ་འཕྲད་ཚེ་མ་འོངས་པར་བསྟན་པའི་མེ་རོ་གསོ་ རྒྱུར་ཁྱེད་ཚོས་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན། དེར་བརྟེན་ས་ཁུལ་འདི་དག་གལ་ཆེན་པོ་ཆགས་ཡོད་པས་ཁྱེད་ཚོས་ཧུར་ཐག་བྱེད་དགོས་
ཞེས་བཀའ་སློབ་ཕེབས་ཡོད།
དེ་ནས་སེར་བྱེས་འགྲོ་ཕན་གླིང་དགོན་དུ་ཆིབས་བསྒྱུར་གྱིས་དགོན་པའི་བར་ཁྱམས་ནས་མང་ཚོགས་ལ་བཀའ་སློབ་སྩལ་དོན།
དེ་ རིང་འབྲས་ལྗོངས་ལ་ཁྱུག་ཙམ་སླེབས་པ་རེད། ཁ་སང་པདྨ་ཡང་རྩེར་མཆོད་མཇལ་ཞིག་ཞུས་རྗེས་བྲག་དཀར་བཀྲ་ཤིས་སྡིངས་ཀྱི་གནས་ དེར་ཉིན་གཉིས་དང་ཕྱེད་རིང་ངོས་ནས་ཐུན་ཞིག་བཟུང་ནས་བསྡད་པ་ཡིན། གང་ཡིན་ཞེ་ན།
སྔོན་མ་ངོས་རང་འདི་ཕྱོགས་ཐེངས་གཅིག་ཡོང་སྐབས་ར་ཝང་ལ་བོད་མིའི་གཞིས་ཆགས་སུ་ ལྟ་སྐོར་བྱས་རྗེས་མགྲོན་ཁང་ཞིག་ཏུ་སྡོད་སྐབས་དེ་ནས་རི་ཆེན་པོ་ཞིག་གི་སྟེང་
པདྨ་ཡང་རྩེ་དང་དེའི་གཤམ་དེར་རི་ཆུང་ཆུང་ཞིག་གི་སྟེང་དུ་བྲག་དཀར་བཀྲ་ཤིས་ སྡིངས་ཆགས་ཡོད། ཅེས་ངོ་སྤྲོད་གནང་སྐབས་ངོས་ཀྱི་སེམས་ནང་ཚོར་སྣང་མི་འདྲ་བ་ཞིག་བསླེབས་བྱུང་།
དེར་བརྟེན་རྗེས་སུ་བྲག་དཀར་བཀྲ་ཤིས་སྡིངས་ལ་ཐེངས་གཅིག་བསླེབ་ཚེ་བསྙེན་པ་ ཞིག་བསྡད་ན་སྙམ་བྱུང་། ད་རེས་འབྲས་ལྗོངས་སུ་ཡོང་རྒྱུ་གཏན་འཁེལ་མཚམས་ངོས་རང་བྲག་དཀར་བཀྲ་ཤིས་སྡིངས་ ལ་འགྲོ་རྒྱུ་དང་།
དེར་ཉིན་གཉིས་གསུམ་རིང་བསྙེན་པ་ཆུང་ཆུང་ཞིག་བསྡད་ཐུབ་ན་བསམ་པ་ཡོད་ཅེས་ བརྗོད་པ་ཡིན། འབྲེལ་ཡོད་ཚོས་ཟླ་བ་གཉིས་ནང་ཚུད་ལ་མཚམས་ཁང་ཞིག་བརྒྱབ་སྟེ་གྲ་སྒྲིག་ཡག་པོ་ བྱས་འདུག
དེ་ལྟར་ངོས་ནས་ཉིན་གཉིས་དང་ཕྱེད་ཀའི་རིང་ཐུན་བཟུང་ནས་བསྡད་པ་ཡིན་པས་ཡག་པོ་ བྱུང་། དེ་ནས་ར་ཝང་ལ་དང་དེ་རིང་འདིར་འབྱོར་བ་རེད། ས་ཁུལ་གང་དུ་ཕྱིན་ཀྱང་བོད་རིགས་ཚོ་དང་ཡུལ་པ་ཚོ་དེ་བཞིན་ཡུལ་པ་པཱ་རལ་ཚོ་བཅས་
ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དངོས་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྟགས་མཚན་ཧ་ཅང་གསལ་པོ་འདུག་ངོས་རང་ དགའ་པོ་བྱུང་ལ། ཁྱེད་རང་ཚོ་ཡང་དགའ་པོ་བྱུང་ཡོད་པ་རེད།
ཅེས་སོགས་བཀའ་སློབ་སྩལ་ཡོད།།