“ཉམས་པ་སླར་གསོ” ལ་ཁ་གཡར་ནས
“ཡོད་པ་གཏོར་བཤིག་གཏོང་བ”ཚོར་དྲི་བ་གསུམ།
བོད་མིའི་སྒྲིག་འཛུགས་ཆ་ལག་ཡོངས་ཚང་བ།།
སྲིད་སྐྱོང་རྙིང་པའི་སྐབས་སུ་གཏོར་བཤིག་བྱས།།
དེ་ཡི་ཉེས་འགན་བཀའ་སྤྱི་གཉིས་ལ་ཐུག།
ད་དུང་གཏོར་བཤིག་གཏོང་འདོད་དེ་ཅི་ཞིག།
འདི་༢༠༢༡་ཟླ་༨་ཚེས་༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ། དྷ་རམ་ས་ལའི་ཉམས་པ་སླར་གསོ་ཞེས་པའི་གཏོར་བཤིག་པ་ཉི་ཤུས། གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་རྣམ་པ་གསུམ་པོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་ནི་དོན་དངོས་ལ་འགྱེལ་ཐོག་རྡོག་བརྫིས་གཏོང་བའི་བྱ་ངན་ཞིག་ཡིན་པས་རྒྱ་ཆེའི་མི་དམངས་ཀྱིས་ད་ནི་གུ་ཡངས་བཟོད་སྒོམ་བྱེད་རན་མ་རེད་སྙམ།
གལ་ཏེ་ཁྱོད་ཚོས་ཉམས་པ་སླར་གསོ་བྱེད་འདོད་ཡོད་པ་དངོས་བདེན་ཡིན་ན་གཤམ་གསལ་བདག་གི་དྲི་བ་གསུམ་ལ་ལན་འདེབས་ཁ་གསལ་བྱེད་རོགས། བྱེད་མ་ཐུབ་ན་རང་སྐྱོན་ངོས་ལེན་ཡོ་བསྲང་བྱེད་རོགས།
ཀ༽ ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་མེད་པར་བཟོ་རྩིས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ། གཅིག་ནས་ བཅའ་ཁྲིམས་ཀྱི་ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན་གྱི་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག” ཅེས་པ་དང་དངོས་སུ་འགལ་ཡོད་པར་མ་ཟད། གཉིས་ནས་ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་གནས་དབྱུངས་བཏང་བ་དེ། བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཀ་བ་གསུམ་པོ་མི་ཚང་བར་བཟོས་པའི་ད་ལྟའི་དཀའ་ཉོག་འདི་ཆེད་བཟོས་ནག་ཉེས་ཀྱི་འབྱུང་རྩ་མིན་པའི་སྒྲུབ་བྱེད་ཡང་དག་ཅིག་ཡོད་དམ།
ཁ༽ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདི་སྤྱི་འཐུས་ལྷན་ཚོགས་ཀྱི་ཀ་བ་མེད་པའི་ཐོག་འཛིན་སྐྱོང་བཀའ་ཤག་གི་ཀ་བ་ཡང་གས་ཆག་ཅན་ཏེ། སྲིད་སྐྱོང་མ་གཏོགས་བཀའ་བློན་རྣམ་པ་བདམས་ཐུབ་མེད། ད་ཁྲིམས་ཞིབ་ཁང་གི་ཀ་ཆེན་ཡང་མེད་པར་བཟོས་ན། བོད་མིའི་སྒྲིག་འཛུགས་འདི་སྲིད་སྐྱོང་མི་གཅིག་ཁེར་རྐྱང་ཅན་དུ་བསྒྱུར་བ་མ་རེད་དམ། དེ་ལྟར་བྱས་ན་གནོད་པ་ལས་ཕན་པ་ཅི་ཞིག་ཡོད།
ག༽ ཁྱོད་ཚོས་དོན་ངོ་མར་བོད་མིའི་སྒྲིག་འཛུགས་འདི་མ་ཉམས་རྒྱུན་འཛིན་ཐུབ་པ་ཞིག་གནང་འདོད་ན། ཁྲིམས་ཞིབ་པ་རྣམ་པ་མེད་པར་གཏོང་བ་འདི་གཏན་ནས་མ་ཡིན་པར་སྤྱི་འཐུས་གྲོས་ཚོགས་ཀྱི་ཀ་བ་ཡར་སློང་ཐབས་བྱེད་པ་དེ་མིན་ནམ། གལ་ཏེ་ཁྱོད་ཚོས་རེ་བ་བཞིན་ཁྲིམས་ཞིབ་པ་རྣམ་གསུམ་གྱིས་དགོངས་པ་ཞུས་པའི་དབང་དུ་བཏང་ན་ཡང་། ཁྱོད་ཚོར་དེའི་ཚབ་ལ་བཅའ་ཁྲིམས་དང་མཐུན་པའི་གསར་བསྐོའི་ཐབས་ལམ་ཅི་ཞིག་ཡོད། གལ་ཏེ་མེད་ན་ཁྱོད་ཚོས་དགོས་འདུན་དེ་ “ཉམས་པ་སླར་གསོ” རེད་དམ“ཡོད་པ་གཏོར་བཤིག་གཏོང་བ”གང་ཡིན་གསལ་པོ་རེད་དོ།།
སླར་སྨྲས་པ།
ཇི་ལྟར་སླར་གསོའི་ཐབས་ལམ་གང་ཡང་མེད། །
གང་ཡོད་མེད་པར་བཟོ་བའི་བྱུས་ངན་ཅན།།
ནང་དགྲ་འདི་ལས་ཐུ་བ་གཞན་མེད་པས།།
རྒྱ་ཆེའི་དམངས་ཀྱིས་ཚར་གཅོད་བྱེད་རན་རེད།།