གཟུར་གནས་དཔྱད་འདེམས་ནི་དོན་གྱི་རྒྱལ་ཁའོ།
རང་གི་མི་རིགས་ལ་དུང་ཞེན་དང་ཤ་ཚ་ལོས་དགོས། མང་ཆེ་བར་དེ་ཡོད་ངེས་རེད། དེ་བས་རང་གི་མི་དེར་ཐོབ་ན་ཚང་མ་དགའ་ནི་རེད། སྤོབས་པའང་སྐྱེ་ནི་རེད། དེ་ཧ་ཅང་འོས་པ་རེད། དཔེར་ན་བཀྲ་ཤིས་ཕུན་ཚོགས་ལ་རྒྱལ་ཁ་ཐོབ་པར་དགའ་བསུ་དང་བསྟོད་པ་བྱེད་པ་བཞིན་ནོ།།
སྐད་འཕྲིན་ནང་ནས་ཁྱེད་ཉིད་འདེམས་དགོས་ཞེས་ལ་སྐུར་ལུང་སྐུར་བྱས་སོང། རྒྱུ་མཚན་གཅིག་རང་སྟེ་བོད་པ་རེད་ཟེར། མི་རིགས་ཀྱི་ལ་རྒྱའི་དར་ཆེན་ཕྱར་ནས་རང་ཕྱོགས་ལ་འདེམས་ཤོག་འཕེན་རྐྱང་བྱེད་པ་འདིར་ང་མི་དགའ་བ་མ་ཟད་ངོ་རྒོལ་ཡོད། དེ་བས་ངས་ཁྱེད་ལའང་འདེམས་ཤོག་འཕངས་མེད།
ང་ལ་དེའི་ཐོབ་ཐང་མེད་དེ། ངས་ཁྱེད་ཀྱི་འགྲན་ཟླ་ཚང་མ་མི་ཤེས་ལ་དེ་དག་གི་བླངས་པ་གཅིག་ཀྱང་ཉན་མེད། ཁྱེད་ཀྱི་གླུ་གཞས་ཚང་མར་ཡང་ཞིབ་ཉན་བྱེད་མ་ཐུབ། དེ་བས་ངས་གཤིབ་སྡུར་སྒོས་དྲང་བཞག་གིས་འདེམས་ཐབས་བྲལ་ལོ།།
དེང་སང་དྲ་ལམ་ན་འདེམས་ཤོག་འཕེན་པའི་འགྲན་སྡུར་གང་མང་ཞིག་འདུག དེ་དག་གིས་ས་ཆའི་ཕྱོགས་ཞེན་ནམ་སྡེ་བའི་ཕྱོགས་ཞེན་གྱིས་ཅིག་ཅིག་འདེམས་རོགས། ཉིག་ཉིག་འདེམས་རོགས་ཟེར་བས་ང་སུན་བསྡད་ཡོད། རྒྱུ་མཚན་ང་ཚོས་ཕྱོགས་ཞེན་ཙམ་གྱིས་རྒྱལ་ཁ་རྩོད་སྟངས་འདི་ངོ་ཚ་ཞིག་རེད།
མི་རིགས་གཞན་ནམ་གཟུར་གནས་དཔྱད་འདེམས་པ་ཚོས་བདམས་ཏེ་རྒྱལ་ཁ་ཐོབ་ན། དེ་ནི་དོན་གྱི་རྒྱལ་ཁ་ཡིན། གཟི་བརྗིད་ངོ་མ་ཡིན། དེ་བས་མདང་གླུ་བ་ཁྱེད་ལ་ཨང་དང་པོ་ཐོབ་པར་དགའ་སྤོབས་དང་བཅས་རྟེན་འབྲེལ་ཞུས་ཡོད་པར་མ་ཟད་དེ་ད་དུང་རྒྱ་ཆེ་བའི་གཟུར་གནས་དཔྱད་འདེམས་པ་ཡོངས་ལ་རྗེས་སུ་ཡི་རང་དང་བཅས་བཀའ་དྲིན་ཆེ་ཞུས་ཡོད། སེམས་གཏིང་ནས་ཞུ་ན་འདོད་བྱུང།
གལ་ཏེ་ང་ཚོ་བོད་མི་ཡིན་པའི་རྒྱུ་མཚན་གྱིས་བོད་མི་ལ་འདེམས་ཤོག་འཕེན་དགོས་ཟེར་ན། དེས་ན་མི་རིགས་གཞན་པ་ཚོས་ཀྱང་རང་རང་གི་མི་འདེམས་ན་ཆོག་ག དེ་ལྟར་ན་རྒྱ་ནག་གི་གར་སྟེགས་སུ་གྲངས་ཉུང་མི་རིགས་ཁག་ལ་ནམ་ཡང་ཨང་ཞིག་འཐོབ་དཀའ། ད་བར་ང་ཚོ་འགྲན་ཚོགས་ཆེ་གྲས་ནང་ཞུགས་དཀའ་བ་དང། ཕྱི་གླིང་ལ་སློབ་གཉེར་སྐྱོད་དཀའ་བ་སོགས་ཀྱང་གནད་དོན་དེར་ཐུག་ཡོད། དེ་བས་ཕྱོགས་ཞེན་གྱིས་རྒྱལ་ཁ་བརྩད་ན་གྲངས་ཉུང་མི་རིགས་ཚོ་ནམ་ཡང་ཕམ་ངེས་ཡིན་ལ། དེ་ནི་རྒྱལ་ཁ་ངོ་མ་ཞིག་རྩོད་སྟངས་མིན། དྲང་བཞག་མིན།
གལ་ཏེ་བོད་ཁམས་སྤྱིའི་འགྲན་སྡུར་དེ་འདྲ་ཞིག་བྱས་ན་ཡང་མང་ཆེ་བས་ཆོལ་ཁ་སོ་སོའི་ཕྱོགས་ཞེན་བྱེད་ཐག་ཆོད། དེ་བཞིན་མདོ་སྨད་ཀྱི་འགྲན་སྡུར་ཞིག་བྱས་ན་ཡང་རང་རང་གི་ས་ཕྱོགས་ཀྱི་ཕྱོགས་ཞེན་བྱེད་ངེས། དེང་སང་ཁུལ་ཞིག་གི་འགྲན་སྡུར་བྱས་ནའང་རྫོང་སོ་སོས་ཕྱོགས་ཞེན་བྱེད་ཀྱིན་འདུག་ག དེ་ཡག་པོ་འདུག་ཟེར་རམ། དེ་ཆོས་ཉིད་རེ་ཟེར་རམ།
དེང་སང་བོད་པའི་ཆེས་ཞན་ཆ་གཅིག་ཕྱོགས་ཞེན་སྐམ་པོ་བྱེད་པ་མང་དྲགས་པ་དེ་རེད་འདོད། ཆུང་ས་གཉེན་ཉེའི་བར་དང་སྡེ་བའི་བར་གྱི་ཕྱོགས་ཞེན་ནས་ཡུལ་ལུང་དང་ས་ཁུལ་དང་། མི་རིགས་བར་གྱི་ཕྱོགས་ཞེན་སྐམ་པོ་དག་གིས་རང་ཉིད་ཇེ་ཆུང་ལ་གཏོང་བཞིན་འདུག
མདོར་ན། ཕྱོགས་ཞེན་གལ་ཆེ་བ་དང་དེ་དགོས་ངེས་ཤིག་ཡིན་པར་འདོད་པ་ཚོས་ནམ་ཡང་གཞན་ཞིག་གཞན་ཞིག་གིས་ཕྱོགས་ཞེན་བྱས་སོང་ཞེས་སྐྱོན་བརྗོད་དང་སྨྲེ་ངག་འདོན་མི་འོས།
དྲང་བདེན་རྒྱལ་གྱུར་ཅིག།
༢༠༡༧ ༡༠ ༠༩ ལ་ཆབ་བྲག་ཕོ་ཉས་མདང་དགོང་བྲིས་པའི་མཆན་དམ་དུམ་འགའི་གོ་རིམ་ཅུང་བསྒྲིགས་ཏེ་བསྐྱར་དུ་སྤེལ་བའོ།། །།