གསུམ་བཅུའི་དུས་དྲན་གྱི་དོན་སྙིང་དང་འཕེལ་རིམ།

 

 

གསུམ་བཅུའི་དུས་དྲན་གྱི་དོན་སྙིང་དང་འཕེལ་རིམ།

 

 

 

གསུམ་བཅུའི་གསུང་འཕྲིན་ཐོག་མ་ནས་མཐའ་མའི་བར་ནི། ལོ་རེ་རེའི་བོད་ཕྱི་ནང་གི་གནས་བབ་ཛ་དྲག་རིགས་དང་། བཙན་བྱོལ་བྱོད་མའི་སྲིད་བྱུས་ཀྱི་འགྱུར་འགྲོས། འདས་པའི་ལོ་རྒྱུས་དང་འབྲེལ་གནས་སྐབས་དང་འབྱུང་འགྱུར་གྱི་འགན་འཁྲི། བཙན་བྱོལ་ནང་ལས་དོན་གཙོ་བོ་ཅི་བསྒྲུབས་པའི་ལོ་རེའི་ལས་སྡོམ་ལྟ་བུ་ཞིག་བཅས་ཆགས་ཡོད་པས་ང་ཚོས་གསུམ་བཅུའི་དུས་དྲན་ལ་རྗེས་དྲན་དང་རང་གི་འགན་འཁྲིར་སྐུལ་འདེད་བྱེད་ན་ངེས་པར་དུ་གསུང་འཕྲིན་འདི་དག་ལ་དོ་སྣང་ཆེན་པོ་བྱེད་དགོས། དེ་བས་འདིར་གསུམ་བཅུའི་དུས་དྲན་གྱི་བྱུང་སྟངས་དང་འགྱུར་བ། དེའི་གལ་གནད་སྐོར་ནས་ང་ཚོས་ངེས་པར་གསལ་རྟོགས་ཐུབ་དགོས་པ་འགའ་ཞིག་གསུང་འཕྲིན་ནས་ལུང་འདྲེན་ཞུས་ཡོད།

 

གཅིག༽ གསུམ་བཅུའི་དུས་དྲན་ཞེས་པ་ཅི་ཡིན་ནམ།

 

"ཕྱི་ལོ་ ༡༩༥༩ ཟླ་ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་མི་མང་ནས་གུང་བྲན་ཏང་གི་བཙན་དབང་ལ་ངོ་རྒོལ་ཁྲོམ་བསྐོར་དང་འབྲེལ་རྒྱ་མི་གུང་བྲན་བོད་ནས་ཕྱིར་ལོག་ཅིག་ཅེས་པ་དང༌། བོད་ནི་རང་དབང་རང་བཙན་ཡིན་ཞེས་པའི་སྐད་སྒྲ་ཞིག་ཐོལ་བྱུང་འགོག་མེད་དུ་བསྒྲགས་ཤིང༌་་་་ " ༡༩༦༡་ལོའི་གསུང་འཕྲིན་ལས།༽ ཞེས་པ་དང་། 

"རྒྱ་དམར་གུང་བྲན་དམག་དཔུང་གིས་བོད་ཡུལ་བདག་བཟུང་བཙན་དབང་གཉའ་གནོན་ཤུགས་ཆེའི་འོག་བོད་མི་ཚོས་རང་འདོད་ལྟར་ངོ་རྒོལ་གྱེན་ལངས་བྱས་པའི་ལོ་རྒྱུས་ཀྱི་ཉིན་མོ་འདི་བྱུང་ནས་་་་ "༼༡༩༦༦་ལོའི་གསུང་འཕྲིན་ལས།༽ ཞེས་པའི་སྡོམ་ཚིག་འདིས་གསལ་རྟོགས་ཐུབ།

 

གཉིས།༽ ང་ཚོས་ཅིའི་ཕྱིར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་དགོས།

 

"དེ་རིང་ཕྱི་ལོ་ ༡༩༦༠ ཟླ་ ཚེས་ ༡༠ འདི་ནི་རང་རེ་བོད་མི་མང་ནས་ལྟ་ལོག་ངན་གཡོའི་ལམ་དུ་ཞུགས་པའི་རྒྱ་དམར་གྱི་སྲིད་དབང་གདུག་རྩུབ་ཅན་ལ་ངོ་རྒོལ་དང༌། བོད་སྒེར་ལངས་རང་དབང་བསྐྱར་གསོའི་དོན་དུ་ལས་འགུལ་ཆེན་པོ་བྱས་ནས་ལོ་གཅིག་འཁོར་བའི་དུས་ཚེས་གཟི་བརྗིད་ཅན་རྗེས་དྲན་བྱེད་འོས་པ་ཞིག་ཡིན་པས་ཚང་མས་དྲན་གསོ་བྱེད་པ་དང་་་་༼༡༩༦༠་ལོའི་གསུང་འཕྲིན་ལས།༽  

"༡༩༥༩ ཟླ་ ཚེས་ ༡༠ ཉིན་ལྷ་སར་བོད་མི་མང་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་པར་རྒྱ་མི་གུང་བྲན་གྱིས་བཙན་དབང་གདུག་རྩུབ་དྲག་པོས་འགྲོ་བ་མིས་རྩ་ཆེར་འཛིན་པའི་གནས་ལ་ཇི་མི་སྙམ་པར་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དྲག་གནོན་བྱས་པ་རེད། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན། ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད།"༼༡༩༧༡་ལོའི་གསུང་འཕྲིན་ལས།༽ 

"ང་ཚོས་གསུམ་བཅུའི་རྗེས་དྲན་ཡང་བསྐྱར་བྱེད་པ་འདི་ནི་བོད་མི་རིགས་ཕྱི་རྒྱལ་བཙན་དབང་གི་ལྕགས་སྒྲོག་ལས་གྲོལ་སླད་རྒྱལ་ཡོངས་ཀྱི་རྣམ་པ་ལྡན་པའི་རང་དབང་རྩོད་ལེན་གྱི་ལས་འགུལ་དོན་ལྡན་རྒྱལ་རབས་སུ་གྲགས་པ་ཞིག་བྱས་པའི་དུས་ཚེས་དེའི་ཆེད་དུ་ཡིན་ཞིང༌། དེར་མ་ཟད་དྲག་ཟིང་ཆེན་པོ་དེ་སྐབས་ལུས་སྲོག་ཆུད་ཟོས་གྱུར་པ་རྣམས་དང༌། ད་བར་ལོ་མང་རིང་བཙན་དབང་གདུག་རྩུབ་འོག་ཉེས་མེད་དུ་ལུས་སེམས་དཀའ་སྦྱོང་མྱོང་མཁན་ཁྲི་ཕྲག་མང་པོ་དེ་དག་གི་རྗེས་དྲན་ཡང་ཡིན།"༼༡༩༧༢༽ 

"ང་ཚོས་ལོ་རེ་བཞིན་གསུམ་བཅུའི་དུས་དྲན་བྱེད་པ་འདི་གཞན་གྱིས་ཁྲལ་འགེལ་བྱས་པ་དང༌། མཛེས་ཆོས་དགའ་སྤྲོའི་ཆེད་དུ་ག་ལ་ཡིན། དུས་དྲན་འདི་ལ་བརྟེན་ནས་རང་གིས་རང་ལ་སྐུལ་ལྕག་བྱས་ཏེ་ད་ལྟའི་ཆར་བོད་མི་རིགས་ཀྱི་གནས་སྟངས་ཇི་ཡིན་དྲན་ཐུབ་པ་ཞིག་དང༌། གནས་སྟངས་དེ་ལས་གྲོལ་ཆེད་བོད་རང་དབང་སྒྲུབ་པའི་སེམས་ཤུགས་གོང་ནས་གོང་མཐོར་སྤེལ་ཐུབ་པ་བྱེད་དགོས། ཞུམ་པ་དང༌། སྒྱིད་ལུག དཀའ་ངལ་ལ་ཐབས་ཀྱིས་གཡོལ་བ། མཐའ་གཅིག་ཏུ་གཞན་ལ་བརྟེན་པ་བཅས་ཀྱི་བསམ་ཚུལ་ཡོངས་སུ་སྤངས་ཏེ། དཀའ་ངལ་ལྷུར་ལེན་དང༌། རང་དོན་རང་གཅེས་ཀྱི་སྒོ་ནས་བོད་མི་རིགས་ཀྱི་རང་དབང་སྒྲུབ་པའི་ཆེད་དུ་ཚང་མས་ལྷག་བསམ་ནུས་ཤུགས་ཆིག་བསྒྲིལ་བྱེད་དགོས།།

ཞེས་གསུང་འཕྲིན་རིམ་པའི་ནང་དུ་གསུངས་པ་བཞིན། རྒྱ་དམར་གཞུང་གི་བཙན་དབང་སྲིད་བྱུས་ལ་ངོ་རྒོལ་དང་། ཉིན་དེ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་གཅེས་དཔའ་རྒོད་དུ་མར་རྗེས་དྲན། རྒྱ་ནག་གི་བཙན་དབང་འོག་སྡོད་འདོད་མེད་པའི་བོད་རྒྱ་ཆེའི་མི་དམངས་ཀྱི་དཔའ་ངར་ལ་ཡི་རང་རྒྱབ་སྐྱོར་དང་། བཙན་འཛུལ་བའི་རང་མཚང་ཐེར་འདོན་ཐུབ་ཡོད་པ་བཅས་དང་། མི་རབས་རྗེས་མ་ཚོས་གནད་འགག་འདི་ཤེས་ནས་མུ་མཐུད་བོད་དོན་འཐབ་རྩོད་ལ་རྒྱུན་སྐྱོང་ཐུབ་པ་སོགས་དགོས་པ་དུ་མ་ཡོད་པར་མཐོང་།

 

གསུམ།༽ གསུམ་བཅུའི་དུས་དྲན་གྱི་མཚོན་དོན་དང་ངོ་བོ།

 

"མི་སེར་སྤེལ་ཡུལ་དང༌། ཚེ་གཡོག་གི་དུས་ཚོད་ཡུན་རིང་བྱུང་རྗེས་རྒྱལ་ཁབ་མང་པོར་རང་བཙན་ཐོབ་པའི་སྐབས་སུ། ང་ཚོ་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཐག་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་བརླག་པས་མ་ཚད། བོད་མི་སྟོང་ཕྲག་མང་པོ་རང་ཁྱིམ་བྲལ་ཏེ་བཙན་བྱོལ་དུ་གྱར་བ་དང༌། དེ་ལས་ཆེས་མང་ལུས་སྲོག་ཆུད་ཟོས་སུ་གྱུར་ཡོད། གསུམ་བཅུའི་དུས་དྲན་འདིས་གོང་གི་གནས་ཚུལ་ཆ་ཚང་བ་མཚོན་པའི་ཐོག ལྷག་པར་བརྗིད་ཆགས་ཧི་མ་ལ་ཡའི་ཚུར་རོལ་གྱི་བོད་མི་སྟོང་ཕྲག་བརྒྱད་ཅུ་བརྒལ་བ་དང༌། ཕ་རོལ་དུ་ཡོད་པའི་བོད་མི་ས་ཡ་དྲུག་པོ་རྣམས་རྒྱལ་ཁབ་གཅིག་ཏུ་བདེ་སྡུག་མཉམ་མྱོང་བྱེད་པའི་སྙིང་དོན་ཡང་མཚོན་པ་ཡིན། གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན།"༼༡༩༧༠་པའི་གསུང་འཕྲིན་ལས།༽ དང་ 

"བོད་མིའི་འཐབ་རྩོད་ནི་སོ་སོའི་རང་དབང་གི་དོན་དུ་འདོར་ཐབས་མེད་པའི་ཐོབ་ཐང་ཞིག་ཡིན་ལ། དམངས་གཙོ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཞི་བདེའིདོན་དུ་ཡང་ཡིན། གལ་ཆེ་ཤོས་ནི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡོད་པའི་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག་འཚོ་ཐུབ་པའི་དོན་དུ་ཡིན།༼༡༩༨༩་ལོའི་གསུམ་དུས་གསུང་འཕྲིན་ནང་༽ 

ཞེས་ཧ་ཅང་ཁ་གསལ་གསུངས་པ་བཞིན་གསུམ་བཅུའི་དུས་དྲན་ལ་ལོ་རྒྱུས་རང་བཞིན་གྱི་མཚོན་དོན་དེ་འདྲ་ཟབ་མོ་ཡོད་པར་མ་ཟད་དེའི་ངོ་བོ་ཡང་བོད་མི་རིགས་ཀྱི་གནད་དོན་ཐག་གཅོད་ཀྱི་རྩ་དོན་ཡིན་པ་དང་། བོད་མིའི་འཐབ་རྩོད་ཀྱི་དགོས་དོན་ཡང་གསལ་སྟོན་གནང་ཡོད། 

 

བཞི།༽ གསུམ་བཅུའི་དུས་དྲན་གྱི་ཐོག་མའི་ལོ་རྒྱུས་རྒྱབ་ལྗོངས།

 

འདི་ནི་ངེས་པར་གསལ་རྟོགས་ཐུབ་དགོས་པ་ཞིག་སྟེ། ༡༩༦༡་ལོའི་གསུམ་བཅུའི་གསུང་འཕྲིན་ལས། 

"་རང་རེ་བོད་རིགས་རྣམས་རང་སྲིད་རང་ཉིད་ཀྱིས་སྐྱོང་བའི་རྒྱལ་ཁབ་སྒེར་བཙན་གཙང་མ་ཞིག་ཡིན་པ་ལོ་སྟོང་ཕྲག་གོང་གི་ཆོས་རྒྱལ་ཚོའི་དུས་རབས་ནས་བཟུང་བོད་རྗེ་རིམ་པ་དང༌། ྋརྒྱལ་དབང་སྐུ་ཕྲེང་རིམ་པའི་བར་གྱི་རྒྱལ་རབས་ལོ་རྒྱུས་ནས་གསལ་པོར་རྟོགས་གསལ་ལྟར་མ་ཟད། ལྷག་པར་ཉེ་བའི་ཆར་ཡང༌། རྗེ་གོང་མའི་དུས་སྐབས་སུ་འཛམ་གླིང་རྒྱལ་ཁབ་འགའ་ཤས་དང་མཉམ་དུ་འདྲ་མཉམ་རང་དབང་གི་ཐོག་ནས་ཆིངས་ཡིག་ཁག་བཞག་པ་སོགས་འཛམ་གླིང་ཁྲིམས་སྲོལ་དང་མཐུན་པའི་རང་སྲིད་རང་སྐྱོང་གི་རྒྱལ་ཁབ་རང་བཙན་གཙང་མར་གནས་པའི་ལོ་རྒྱུས་སུས་ཀྱང་བསུབས་མི་ཐུབ་པ་དང༌། ས་ཡུལ་གྱི་བཀོད་པ་སུས་ཀྱང་སྒྲིབ་མི་ཐུབ་པ་དེ་ལྟར་ཡང༌། རྒྱ་ནག་གི་ས་ཁུལ་དུ་དམར་པོས་སྲིད་དབང་བསྒྱུར་བ་ནས་བཟུང་གཞན་སྡེ་དབང་དུ་བསྡུས་པར་ཁྲེལ་གཞུང་ངོ་ཚ་བྲལ་བའི་བསམ་སྦྱོར་དྲག་པོས་སྔར་རྒྱ་ནག་གོང་མ་རིམ་པའི་དུས་སྐབས་སུ་རྒྱ་བོད་མཆོད་ཡོན་ལར་རྒྱའི་འབྲེལ་ལམ་ཆེ་ཆུང་སྣ་ཚོགས་ཤིག་བྱུང་བའི་འབྲེལ་བར་བསྙད་དེ་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་མི་འདྲ་གྲལ་བསྒྲིགས་ཀྱི་གླེང་མང་ཐོག་༡༩༤༩ ལོ་ནས་བོད་སར་རིམ་འཛུལ་གྱིས་མཐར་༡༩༥༠ བོད་ལྕགས་སྟག་ལོར་ཆབ་མདོར་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ། ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག    དེ་ནས་ཐོག་མའི་ཆར་རྒྱ་དམར་གྱིས་བརྗོད་ཚིག་ཏུ་ང་ཚོ་རྒྱ་བོད་མི་རིགས་སྤུན་ཟླ་ཡིན། རྒྱ་རིགས་རྣམས་ནི་བོད་མི་མང་གི་ཞབས་ཞུ་བ་ཡིན་ཟེར་བ་སོགས་སྙན་པའི་གཏམ་བཤད། འཛུམ་པའི་བཞིན་དང༌། དཀར་བའི་སོ་བསྟན་ནས་བློ་ཁྲིད་སྣ་ཚོགས་བྱས། བར་དུ་ཕྲལ་ཕུགས་ཀྱི་ཁེ་གྱོང་ཇི་བཞིན་མི་རྟོགས་པའི་བོད་རིགས་འགའ་ཤས་ལ་ངན་སློབ་དང༌། བོད་མི་མང་པོ་ཞིག་ལ་དངུལ་གྱི་འགྲོ་གྲོན་ཕངས་མེད་བཏང་ནས་གཡོ་སྒྱུའི་ཐབས་ཚུལ་གྱིས་བསླུ་མཁས་དུ་མ་བྱས། མཐར་ཞེ་སྡང་གི་རླུང་ནག་དྲག་པོས་བཅོས་མའི་གདོང་འབག་བུད་དེ་མི་སྡུག་པའི་རང་གདོང་རྗེན་པ་དངོས་སུ་བསྟན་ནས་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་སྡང་དགྲའི་གཙོ་བོར་བཟུང་སྟེ་སྟོན་པ་སངས་རྒྱས་དང་བཅས་པ་ཆོས་བྱེད་མཆིས་སོ་ཅོག་ལ་སྐྱོན་བརྗོད་དང༌། ངན་སྨྲས། དགོན་ཁག་བླ་གྲྭ་གཏོར་བཅོམ། སེར་སྐྱ་བསམ་ཡོད་ཕལ་ཆེར་གསོད་བཟུང༌། ཉམ་ཆུང་རྒྱ་ཆེའི་མི་མང་ལ་མིང་འདོགས་སྣ་ཚོགས་ཀྱིས་ལས་དུད་འགྲོ་ལྟ་བུའི་བཀོལ་སྤྱོད། ཟས་ཕྱེད་འགྲངས། བློའི་རྟོགས་དཔྱོད་བྱེད་པའི་ཡོན་ཏན་གྱི་སྒོ་མཐའ་དག་བཀག་སྟེ་དམར་པོ་རིགས་གཅིག་ཁོ་ན་ལས་མཐོང་ཐོས་མི་འཇུག་པའི་རྣ་མིག་གཅིག་པའི་ཤེས་རྨོངས་ཅན་དུ་བསྒྱུར་བ་སོགས་འགྲོ་བ་མི་ཡི་སྤྱོད་ཚུལ་དང༌། བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་བྱ་སྤྱོད་མ་རུང་པ་དུ་མ་ཞིག་སྨྱོན་པའམ་ཀླ་ཀློ་ལས་ལྷག་པ་བྱས་དང་བྱེད་འགྱུར་གྱིས་མདོར་ན། བོད་མི་མཆོག་དམན་བར་མ་མཐའ་དག་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པའི་སྙིང་ནད་སྡུག་བསྔལ་མི་བཟོད་པའི་སྐབས་སུ་གནས་མུར། རྒྱ་དམར་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་སྤྱི་དང༌། ལྷག་པར་ཆོས་ཕྱོགས་ཀྱི་བྱེད་སྒོར་ཤིན་ཏུ་མི་འདོད་པའི་རྣམ་འགྱུར་ངོ་ལྐོག་མེད་པར་བསྟན་མུས་ཤིག་ལ། སྔ་ལོའི་དུས་ཚོད་ད་ཉིན་ཕྲན་དང༌། ཆོས་སྲིད་ཀྱི་འགོ་གཙོ་གནད་ཡོད་ཁག་དམར་པོའི་དམག་སྒར་ལྟེ་བའི་ནང་ཛ་དྲག་དམིགས་བསལ་ཅན་གྱི་གནས་ཚུལ་འོག་ཆེད་གཉེར་མགྲོན་འབོད་བྱས་པར་བརྟེན་བོད་ཤར་ཕྱོགས་ཁམས་དང༌། ཨ་མདོ་ཁུལ་རྒྱ་དམར་གྱི་བྱ་སྤྱོད་མང་པོ་ཞིག་མངོན་སུམ་དུ་མཐོང་བའི་ཉམས་མྱོང་དང༌། ད་ལམ་གྱི་གནས་ཚུལ་ཡོང་རྐྱེན་སོགས་སྒོ་ཀུན་ནས་ཚུལ་མིན་གྱི་བསམ་སྦྱོར་ངན་གཤོམ་ཡིན་པར་མཐོང་སྟེ་བོད་མི་མང་གི་སྙིང་ལ་རིང་ནས་བསགས་པའི་གཅོང་ནད་ཀྱི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས་གྲོང་ཁྱེར་ལྷ་སའི་ཡུལ་མི་མཆོག་དམན་ཚང་མ་བསྡེབས་འཛོམས་འུར་ལངས་ཀྱིས་ངོས་ལ་རྒྱ་མིའི་སར་འགྲོ་ཐལ་མི་ཡོང་བའི་ཞུ་འབོད་དང༌། རྒྱ་དམར་ལ་ཞི་རྒོལ་ཁྲོམ་བསྐོར་བཅས་སྔར་མི་གྲགས་པ་ཞིག་བྱས་ཏེ་རང་རེ་གངས་ཅན་པའི་རྒྱལ་རབས་ཀྱི་དེབ་ཐེར་ནང་རྔམ་བརྗིད་སྙིང་དོན་དང་ལྡན་པའི་ལེའུ་ཞིག་གསར་འགོད་བྱས་པ་རེད།

ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་དམར་གྱི་དྲག་ཤུགས་དཔུང་སྡེས་བོད་བྱང་ཤར་དང༌། ཤར་ཕྱོགས་ནས་མདོ་སྟོད་སྨད་ རིམ་འཛུལ་གྱིས་ ༡༩༥༠ ནང་བོད་དམག་ལྔ་སྟོང་བརྒལ་བ་རྐྱེན་འདས་ཕམ་ཉེས་བྱུང་རྗེས་དངོས་ཡོད་གནས་ཚུལ་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་གཏོང་རྒྱུའི་སྲིད་བྱུས་བདམས་ཏེ་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་དང་ཟུར་ཡིག་བཅས་བཞག་པ་དང༌། དེ་ནས་བཟུང་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཚུད་མོད། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང༌། གོམས་གཤིས་བཟང་པོ་བཅས་སྲུང་སྐྱོབ་བྱ་རྒྱུའི་འགན་ལེན་གྲོས་མཐུན་ནང་གསལ་བཀོད་བྱས་ཡོད།

༢༠༠༩ ལོའི་གསུང་འཕྲིན་དུ། ཕྱི་ལོ་ ༡༩༥༦ ཙམ་ནས་གཡོན་ཐལ་ཅན་གྱི་སྲིད་བྱུས་བྱུང་སྟེ་གོང་རིམ་གྱི་ཁས་ལེན་རྣམས་ས་གནས་སུ་དོན་འཁྱོལ་མ་བྱུང་བའི་ཐོག མདོ་སྟོད་སྨད་དུ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་དངོས་ཡོད་གནས་ཚུལ་དང་མ་འཚམས་བཞིན་ཨུ་ཚུགས་དབང་ཡོད་ཀྱིས་ལག་བསྟར་བྱས་འབྲས་སུ་ཟིང་འཁྲུགས་དང་གཏོར་བཤིག་ཚབས་ཆེ་བྱུང་བའི་ཤུགས་རྐྱེན་དང༌། བོད་དབུས་ཁུལ་དུ་ཡོད་པའི་རྒྱ་མིའི་ལས་བྱེད་རྣམས་ཀྱིས་ཀྱང་གྲོས་མཐུན་ནང་འཁོད་རྣམས་དབང་ཤེད་ཀྱིས་བསམ་བཞིན་བརྡལ་བཤིག་བཏང་བས་མཚོན་བཙན་ཤུགས་ཇེ་ཆེར་སོང་རྐྱེན་མཐའ་དོན་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ཚེས་ ༡༠ ཉིན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་མ་བྱས་ཐབས་མེད་དུ་གྱུར་ཅིང༌། དུས་མཚུངས་ངོས་རང་བཀའ་ཤག་གིས་མཚོན་བོད་གཞུང་གི་ལས་ཞབས་ཧྲག་བསྡུས་མཉམ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་དགོས་བྱུང༌། དེ་སྐབས་བོད་ནང་དྲག་གནོན་ཚད་མེད་བྱུང་སྟེ་ཟླ་ཤས་ནང་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང༌། འཇུ་བཟུང་བཙོན་འཇུག་ཚབས་ཆེན་བྱུང་སྐབས་བོད་མི་འབུམ་ལ་ཉེ་བ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་བཅས་བསམ་ཡུལ་ལས་འདས་པའི་གོད་ཆགས་ཇི་བྱུང་ད་ལྟའང་བོད་མི་རྣམས་ཀྱི་དྲན་ཡུལ་དུ་གསལ་བཞིན་ཡོད།"

གོང་གསལ་གསུང་འཕྲིན་གཉིས་ལས་ང་ཚོས་གསལ་རྟོགས་ཐུབ་པ་ནི། 

ཀ༽བོད་ནི་དེ་སྔོན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཚུལ་དང་། 

ཁ༽༡༩༥༠་ལོར་རྒྱ་ནག་དམར་པོའི་དཔུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་༡༩༥༡་ལོར་ཞི་བའི་དོན་ཚན་བཅུ་བདུན་ཟེར་བར་བཙན་དབང་གིས་མིང་རྟགས་འགོད་དུ་བཅུག་ཚུལ།  

ག༽དེ་ནས་ཞི་དྲག་གི་ངན་གཡོའི་ཐབས་ལམ་དུ་མས་བོད་ཀྱི་ཆོས་སྲིད་ལམ་ལུགས་ལ་གནོད་པ་རིམ་བཞིན་བསྐྱལ་ཚུལ། 

ང༽༡༩༥༩་ལོའི་ཟླ་༣་ཚེས་འགོ་ཙམ་ནས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་དམག་གི་དམག་སྒར་ལྟེ་བའི་ནང་ཛ་དྲག་རང་བཞིན་གྱི་མགྲོན་འགུགས་བྱ་རྩིས་བྱས་ཚུལ། 

ཅ༽མདོ་སྟོད་སྨད་ཕྱོགས་སུ་དྲག་པོས་དབང་སྒྱུར་ཐལ་ཆ་ཆེ་རིགས་ཐོན་བཞིན་པ་བཅས་རྒྱ་དམར་གཞུང་གི་བསམ་སྦྱོར་ངན་པའི་སྲིད་བྱུས་ཀྱི་མཚང་གསལ་བོར་རིག་ནས་སྡུག་བསྲན་མ་ཐེག་པར་བོད་མི་སྐྱ་སེར་ཆེ་ཆུང་ཚང་མས་རྒྱ་དམར་ལ་ཞི་རྒོལ་ཁྲོམ་སྐོར་ཆེན་པོ་གནང་ཚུལ་བཅས་སོ༎

 

ལྔ།༽ ༡༩༥༩་ལོའི་ཐོག་མའི་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ཞི་རྒོལ་གྱི་རྐྱེན་རྩ་དངོས།

གོང་གསལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་དབང་གིས་བོད་མི་ཚང་མ་རྒྱ་དམར་བཙན་འཛུལ་བར་ཞེ་འཁོན་གཏིང་ནད་ཅིག་ཆགས་ཡོད་པའི་ཐོག་དུས་དེར་༸རྒྱལ་བ་རིན་པོ་ཆེ་རྒྱའི་དམག་སྒར་ནང་གི་འཁྲབ་སྟོན་ཞིག་ལ་གསང་ཐབས་ཀྱིས་གདན་འདྲེན་ཞུས་སྐོར་མི་མང་གིས་ཤེས་ནས་སེམས་ཁྲལ་ཆེན་པོས་མང་ཚོགས་སྟོང་ཕྲག་དུ་མས་ནོར་བུ་གླིང་ག་བསྐོར་ནས་འགོག་སྲུང་དང་ངོ་རྒོལ་གཞི་གཅིག་ཏུ་གྱུར་ཡོད། དེ་ཡང་རང་རྣམ<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང>>གི་ནང་ལ་འདི་ལྟར་གསལ།

"ཕྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་ལྷ་སའི་གཙུག་ལག་ཁང་ནས་ནོར་གླིང་དུ་མ་ཐོན་གོང་གདན་ཞུ་ཡ་མཚན་ཅན་དེའི་སྐོར་དེ་མིན་གོ་ཐོས་གང་ཡང་མ་བྱུང༌། རྣམ་ཀུན་ཕྲན་ནོར་གླིང་དུ་འགྲོ་བསྐྱོད་འདི་དག་མཛད་སྒོ་ཆེན་པོ་ཞིག་ཡིན་ཅིང༌། ལོ་སྔོན་མ་ཚོར་རྒྱ་མི་ཡང་མཛད་སྒོ་དེར་ཞུགས་ཡོད་ཀྱང༌། ད་ལམ་རྒྱ་མི་གཏན་ནས་ཞུགས་ཡོད་པ་མ་རེད། ཉིན་གཉིས་རྗེས་ཟླ་གསུམ་པའི་ཚེས་བདུན་ཉིན་དམག་དཔོན་ཁོང་གི་སྐད་བསྒྱུར་ཞིག་ནས་སྤྱི་ཁྱབ་མཁན་པོར་ཁ་པར་བཏང་སྟེ་ཕྲན་ལ་ཡང་བསྐྱར་ལན་འཕྲིན་བཏང་འབྱོར་དུ། ཕྲན་རྒྱ་མིའི་དམག་སྒར་དུ་ལྟད་མོར་འགྲོ་རྒྱུའི་དུས་ཚེས་ངེས་གཏན་དགོས་ལུགས་བརྗོད་འདུག་པ་སྤྱི་ཁྱབ་མཁན་པོས་ཕྲན་ལ་གོ་བསྡུར་གནང་སྟེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་སྟབས་འགྲིགས་ཡོང་གནས་ཞེས་འཕྲིན་ལན་སྤྲད།་་་་་་་

"སྐུ་སྲུང་མདའ་དཔོན་དམག་དཔོན་གོང་གསལ་གྱི་ཡིག་ཚང་དུ་འབྱོར་སྐབས་ཁོང་ཤེས་པ་རྣལ་དུ་མ་གནས་པར་རླུང་འཚུབ་སྟེ་བསྡད་འདུག་པས་བརྗོད་གསལ། ཏཱ་ལའི་བླ་མ་སང་ཉིན་འདིར་དམག་མིའི་ཟློས་གར་གྱི་གཟིགས་མོར་ཕེབས་རྒྱུར། བྱེད་སྒོ་འགའ་ཤས་ཡོད་སྟབས་ངས་ཁྱེད་རང་འབོད་དུ་བཏང་བ་ཡིན། སྐུ་སྲུང་མདའ་དཔོན་གྱིས་ཁོང་ལ་ཚེས་གྲངས་གཏན་འཁེལ་ཨེ་ཡོད་ཅེས་དྲིས་པར། ཁྱེད་ནས་ཤེས་མ་བྱུང་ངམ། ཏཱ་ལའི་བླ་མས་དམག་དཔོན་ཐན་གྱི་གདན་ཞུར་ཞལ་བཞེས་གནང་སྟེ་ཚེས་བཅུ་ཉིན་ཕེབས་ཀྱི་རེད། ཁྱེད་རང་ལ་དོན་གནད་གཅིག་གསལ་པོར་བརྗོད་རྒྱུ་ཡོད། ཁྱེད་ཚོས་རྣམ་ཀུན་བྱེད་པའི་མཛད་སྒོ་དེ་ཚོ་ཡོང་གི་མ་རེད། རྣམ་ཀུན་གྲྭ་སྒྲིག་ལྷན་ཚོགས་སུ་ཕེབས་སྐབས་ཁོང་དང་མཉམ་དུ་ཁྱེད་རང་གི་དམག་མི་གོ་མཚོན་འཁྱེར་བ་ཡོང་སྲོལ་དེ་ལྟར་ཡོང་མ་དགོས། རྡོ་ཟམ་བརྒལ་ནས་བོད་དམག་སུ་ཡང་ཡོང་མི་ཆོག གལ་སྲིད་ཁྱེད་རང་གི་འདོད་པ་ནན་ཆེ་བྱས་ན་བོད་དམག་གཉིས་གསུམ་ཞིག་མཉམ་འཁྲིད་བྱས་འཐུས་ཀྱང་ཁོང་ཚོས་མཚོན་ཆ་མཉམ་འཁྱེར་མི་ཆོག་ཅེས་བརྗོད་འདུག སྐུ་སྲུང་མདའ་དཔོན་ལ་རྣམ་ཀུན་དང་མི་འདྲ་བའི་བཀའ་བཀོད་དེ་ལྟར་བཏང་བ་དེས་ཁོང་ལ་བློ་འཚབ་ཆེན་པོ་འདི་ལྟར་བྱུང་སྟེ། དེ་ཡང་རྡོ་ཟམ་དེ་ནི་རྒྱ་མིའི་དམག་སྒར་གྱི་ལས་ཁུངས་ངོ་མའི་མཐའ་མཚམས་ན་ཡོད། ནོར་གླིང་ནས་རྒྱང་གྲགས་ཙམ་སར་ཡོད་པའི་རྒྱ་མིའི་སྡོད་སྒར་དེ་དག་བོད་མི་ཤ་ཞེན་མཁན་ཚོའི་འདོད་བློར་མི་བབས་པ་ཞིག་ཡིན། འོན་ཀྱང༌། སྡོད་སྒར་དེ་རྒྱ་མི་ཁོང་རང་ཚོས་བེད་སྤྱོད་བྱེད་པ་ལ་ལྷ་སའི་མི་མང་སྡུག་འཁུར་མི་ཐུབ་པ་མེད་མོད། དོན་གནད་ཇི་ལྟར་ཡིན་རུང༌། ཏཱ་ལའི་བླ་མ་དེའི་ནང་ཕེབས་དགོས་པའི་བསམ་ཚུལ་དེ་ཤིན་ཏུ་ཡ་མཚན་ཞིག་རེད། དེ་ལ་མི་མང་གིས་འདོད་བབས་མི་བྱེད་པ་ནི་ངེད་རང་གིས་ཤེས་བཞིན་པ་ཡིན། ལྷག་པར་དུ་ཡང་ཏཱ་ལའི་བླ་མ་སྐུ་སྲུང་མེད་པར་ཕེབས་དགོས་ཀྱི་ཡོད་ན་ད་དུང་དེ་བས་ཀྱང་ཧ་ཅང་ཡ་མཚན་པ་ཞིག་སྟེ། ལུགས་སྲོལ་ལྟར་བྱས་ན་ཏཱ་ལའི་བླ་མ་གང་དུ་ཕེབས་ཀྱང་སྲུང་དམག་ཉི་ཤུ་རྩ་ལྔ་ལྷན་བཅར་ཐོག་ཕེབས་ལམ་འཁེལ་ཡུལ་དུ་དམག་མི་འགྲེམས་འཛུགས་བྱེད་དགོས། གལ་སྲིད་འགྲོ་ལུགས་དེ་དག་གློ་བུར་དུ་བསྒྱུར་འགོག་བྱེད་དགོས་ན་དེའི་རྒྱུ་མཚན་ཞིག་མི་མང་ལ་ངེས་པར་བརྗོད་དགོས་པར་འདུག་སྙམ་སྟེ་སྐུ་སྲུང་མདའ་དཔོན་གྱིས་རྒྱ་མིའི་དམག་དཔོན་ལ་རྒྱུ་མཚན་ཇི་ཡིན་གསུངས་གནང་ཡོད་པ་ཞེས་ཞུས་འདུག དྲི་དོན་དེ་དག་སྣང་མེད་ལྟ་བུར་དྲིས་ཀྱང་ཁོང་ལ་དོ་སྣང་སྐྱེ་བའི་གཞིར་གྱུར་ཏེ་ད་དུང་ཁོང་ཁྲོ་ཇེ་ཆེར་ཕྱིན་ཏེ་བརྗོད་གསལ། གལ་སྲིད་མི་གཅིག་གིས་མེ་སྐམ་མནན་ན་ཁྱེད་རང་གིས་འགན་ལེན་བྱེད་རྒྱུ་ཡིན་ནམ་ཞེས་སྐད་ཤུགས་ཆེན་པོས་བརྗོད་ཅིང༌། ད་དུང་ཁོང་ནས། ད་ཆ་ང་ཚོ་རྙོག་གླེང་བརྗོད་མ་དགོས། ཏཱ་ལའི་བླ་མ་ཕེབས་སྐབས་ང་ཚོའི་དམག་མི་ཡང་གོ་མཚོན་མེད་པར་འཇོག་གི་ཡིན། ཁྱེད་རང་འདོད་པ་ཡོད་ན་རྡོ་ཟམ་བར་ཁྱེད་རང་ཚོའི་མི་འགྲེམས་འཛུགས་བྱས་ན་འགྲིགས། དེ་ཚུན་མི་གཅིག་ཀྱང་ཡོང་མི་ཆོག གནས་ཚུལ་དེ་རྣམས་གསང་བ་དམ་པོ་བྱེད་དགོས་ཞེས་བརྗོད་འདུག་་་་་་རྒྱ་མིའི་གདན་ཞུ་དེར་ཡིད་དྭོགས་ཆེ་ཐོག གསང་རྒྱ་བྱེད་དོན་དེས་དྭོགས་གཞིའི་བསྣོན་མ་ལྟ་བུར་བྱུང་འདུག གྲོང་ཁྱེར་ནང་གི་མི་རྣམས་འགྲིམས་འགྲུལ་མཚམས་གཅོད་བྱས་ན་མ་གཏོགས་ང་ཕྱི་བསྐྱོད་བྱེད་པ་དེར་གསང་བ་བྱེད་ཐབས་ནམ་ཡང་མེད། གང་ཡིན་ཞེ་ན། ཕྲན་གྱིས་ལོགས་སུ་འགྲོ་རྩིས་ནམ་བྱས་ཀྱང་དེ་འཕྲལ་ལྷ་སར་གླེང་ལྷག་གིས་མི་ཚང་མས་ལམ་སྲང་ཁག་ཏུ་གྲལ་བསྒྲིགས་ཀྱིས་གུས་བཀུར་ཆེད་ཡོང་བ་རེད། སྐབས་དེར་གྲོང་ཁྱེར་ནང་རྣམ་ཀུན་དང་མི་འདྲ་བའི་མི་མང་པོ་ཡོད། སྨོན་ལམ་གྲོལ་ཏེ་དགེ་འདུན་བྱིངས་ཕྱིར་ཕེབས་ཟིན་ཀྱང༌། སྟོང་ཕྲག་རེ་ཟུང་ཡོད་པ་དང༌། ཁམས་རིགས་བཙན་བྱོལ་ཡོང་བ་སྟོང་ཕྲག་འགའ་ཤས་ཡོད། རགས་རྩིས་བྱས་ན་སྐབས་དེར་ལྷ་སའི་ནང་མི་གྲངས་སྟོང་ཕྲག་བརྒྱ་སྐོར་ཡོད་ཅིང༌། འབོར་ཚད་དེ་དག་གྲོང་ཁྱེར་དེར་བྱུང་བ་མཐོ་ཤོས་ཡིན་སྲིད།"ཅེས་དང་།"ལྷ་སའི་མི་མང་ཚོར་བྱུང་བའི་དྭོགས་པ་དེ་དག་ངའི་གཞུང་གི་ལས་བྱེད་པ་ཚོའི་ཁྲོད་དུ་ཡང་ཁྱབ་འཕེལ་བྱུང་ཞིང༌། དེའི་ཡོང་རྩ་ནི་རྒྱ་མིའི་དཔོན་རིགས་ཚོའི་བྱེད་སྤྱོད་ཡ་མཚན་ཞིག་ལ་བརྟེན་ནས་བྱུང་འདུག རྣམ་ཀུན་ཕྲན་སྤྱི་ཚོགས་ཀྱི་དུས་ཆེན་རིགས་ལ་མགྲོན་འབོད་སྐབས་བོད་གཞུང་གི་གནད་ཡོད་དཔོན་རིགས་ཚང་མ་གདན་ཞུ་བྱེད་སྲོལ་ཡང༌། སྐབས་དེར་ཟླ་གསུམ་པའི་ཚེས་དགུའི་དགོང་དྲོ་བར་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ལས་བྱེད་པ་མ་གཏོགས་དཔོན་རིགས་གཞན་དག་གཅིག་ཀྱང་མགྲོན་འབོད་བྱས་མི་འདུག་ཅིང༌། དེའི་དགོང་དྲོར་རྒྱ་མིའི་ལས་བྱེད་པ་གཉིས་ནོར་གླིང་དུ་ཡོང་སྟེ་བཀའ་ཤག་གི་འཐུས་མི་དྲུག་ལ་མགྲོན་ཤོག་སྟོང་མིན་ཙམ་སྤྲད་དེ་ངག་ཐོག་ནས་བརྗོད་དོན། བཀའ་ཤག་གི་འཐུས་མི་རེ་ནས་གཡོག་པོ་རེ་ལས་མཉམ་འཁྲིད་མ་བྱེད་ཅེས་རྣམ་ཀུན་དང་མི་འདྲ་བའི་རེ་འདུན་ལྟ་བུའི་བཙན་བཀའ་རྒྱ་མིའི་སྤྱིར་བཏང་གི་སྲོལ་ལྟར་བཏང་འདུག"ཅེས་དང་། 

"ནོར་གླིང་ལྕགས་རི་དཀར་པོའི་ཕྱི་ནང་དུ་གློ་བུར་དུ་སེམས་ཁྲལ་དང༌། བློ་འཚབ་ཅན་གྱི་མི་མང་པོས་གང་སྟེ་ཟང་ཟིང་དུ་གྱུར། ད་དུང་གནས་ཚུལ་བརྗོད་མཁན་གྱི་བང་མི་ངོས་སར་འབྱོར་གྱི་འདུག མི་ཚོགས་ནི་གྲངས་འབོར་རྩིས་དཀའ་བར་འཛོམས་ཤིང༌། འགའ་ཤས་ནས་སྟོང་ཕྲག་སུམ་ཅུ་སྐོར་ཡོད་ལུགས་གླེང༌། གང་ལྟར་ཡང་མི་མང་ཚོ་ནི་དངངས་སྐྲག་དང༌། ཟང་ཟིང་གི་ངང་དུ་གནས་ཤིང༌། སྐད་འབོད་བྱེད་པ་ནི་རྒྱ་མིར་ཁོང་ཁྲོ་ལངས་པའི་འབོད་སྐད་རྒྱག་གི་ཡོད་པ་རེད། ཆུ་ཚོད་རེ་རེ་ནས་འདུ་ལོང་ཟིང་འཁྲུག་ཇེ་ཆེར་སོང༌།" ཞེས་དང་།  "དེ་ནས་ཡུན་སྒུག་མ་ཐུབ་པར་ཁོང་གསུམ་ནས་སྤྱི་ཁྱབ་མཁན་པོ་དང་མཉམ་དུ་གྲོས་མོལ་གྱིས་ཁོ་བོའི་སར་སླེབས་འབྱོར་བྱུང་སྟེ་བརྗོད་གསལ། མི་མང་གིས་ཕྲན་རྒྱ་མིའི་སྡོད་སྒར་དུ་ཕྱིན་ན་ཉར་བཟུང་གིས་རྒྱ་ནག་ཏུ་འཁྲིད་ཉེན་ལ་རྒྱ་མིའི་དམག་སྒར་དུ་མི་གཏོང་བར་ཐག་གཅོད་བྱས་ལུགས་དང༌། མི་མང་གི་འགོ་འཁྲིད་པ་ཡང་དྲུག་ཅུ་བདུན་ཅུ་སྐོར་མི་མང་རང་ནས་འདེམས་བསྐོ་ཟིན་ལུགས། གལ་སྲིད་རྒྱ་མིས་ཕྲན་འབོད་འཁྲིད་བྱས་ན་ཕོ་བྲང་བསྐོར་སྲུང་གིས་བཀག་འགོག་བྱ་རྒྱུ་བཅས་བྱས་འདུག་པ་མི་མང་ཚོ་དྭོགས་འདྲོགས་ཆེན་པོས་སེམས་ཐག་གཙང་བཅད་ཟིན་པར་བརྟེན་ཕྲན་འགྲོ་རྒྱུ་དེ་དག་འོས་པོ་མེད་ཚུལ་བརྗོད་འདུག བཀའ་ཤག་གི་འཐུས་མི་ཚོ་ངའི་སར་ཡོང་སྐབས་དེར་མི་མང་གིས། རྒྱ་མི་ཕྱིར་ལོག་འགྲོ་དགོས། བོད་ནི་བོད་མིའི་ཡིན། ཟེར་བ་སོགས་སྐད་འབོད་བྱེད་པ་ངས་ཀྱང་གོ་ཐོས་བྱུང་ཞིང༌། ཁོང་ཚོས་རྒྱ་མིའི་དབང་བསྒྱུར་མཚམས་འཇོག་དང༌། རྒྱ་མིས་ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས་ལུགས་ཀྱི་རེ་འདོད་བྱས་པ་ཞིག་རེད། སྐད་སྒྲ་གོ་ཐོས་ཀྱིས་མི་མང་གི་རྣམ་འགྱུར་མཐོང་བ་སྙམ་བྱུང༌།དེ་དང་ཆབས་ཅིག་ཏུ། ཕོ་བྲང་མཐའ་བསྐོར་གྱིས་གནས་པའི་མི་མང་ཚོར་ཡང་ངོས་རྒྱ་མིའི་དམག་སྒར་དུ་འགྲོ་རུ་འཇུག་འདོད་མེད་ན་དེ་དོན་འགྲོ་རྒྱུ་མིན་ཚུལ་བརྗོད་དགོས་མངགས་པ་ཡིན། མི་མང་གིས་འདེམས་པའི་འགྲོ་འཁྲིད་ཚོར་བཀའ་བློན་ཟུར་ཁང་ནས་འབྲེལ་གཏུགས་ཀྱིས་ངོས་རྒྱ་མིའི་སར་འགྲོ་རྒྱུ་ཕྱིར་འཐེན་བྱས་ལུགས་དང༌། ཉིན་དགུང་མཚམས་རྒྱང་གྲགས་ཁ་པར་ཐོག་མི་མང་ལ་དེ་དོན་ཁྱབ་བསྒྲགས་བྱས་པ་གོ་ཐོས་བྱུང་འཕྲལ་ལྕགས་རིའི་ཕྱི་ལོགས་ཀྱི་མི་མང་ཚོས་དགའ་བོའི་རྣམ་འགྱུར་བསྟན་འདུག

"ཁོ་བོའི་ཐོག་མའི་འཆར་སྒོར། ངོས་རྒྱ་མིའི་སྡོད་སྒར་དུ་མི་འགྲོ་བའི་ཁྱབ་བསྒྲགས་བྱས་པ་དེས་ཁོང་ཚོའི་སྐད་འབོད་འཇགས་ཏེ། རང་གནས་སུ་ལོག་རྒྱུའི་རེ་སེམས་བྱུང་ཡང༌། དེས་ཕན་ནུས་ལྡེངས་པ་མ་བྱུང༌། ངོས་དེ་ཉིན་མི་འགྲོ་བའི་ཁས་ལེན་བྱས་པ་ཙམ་གྱིས་མི་ཆོག་པར་མ་འོངས་པར་ཡང་རྒྱ་མིའི་སྡོད་སྒར་དུ་གདན་ཞུའི་རིགས་ལ་ནམ་ཡང་མི་འགྲོ་བའི་ཁས་ལེན་མ་བྱས་ན་ཁོང་ཚོ་ཕྱིར་ལོག་བྱེད་རྒྱུ་མིན་ཚུལ་འགོ་འཁྲིད་ཚོས་བརྗོད་ཀྱི་འདུག རྐྱེན་ངན་ཚབས་ཆེན་ཞིག་སེལ་ཐབས་སུ་རེ་འདོད་དེ་ཡང་ཁས་ལེན་བྱས་པ་ཡིན། དེ་ནས་འགོ་འཁྲིད་མང་བ་ཞིག་ལོག་ན་ཡང༌། མི་མང་ཕལ་ཆེ་བས་ཕོ་བྲང་ཕྱི་ལོགས་ནས་ཕྱིར་ལོག་བྱེད་ཀྱི་མི་འདུག

འདིའ་སྐོར<<བཙན་བྱོལ་ནང་གི་རང་དབང>>དུ་ཡང་གསུངས་འདུག འདིའི་ལྷག་ཁ་གསལ་ཞིང་ཁུངས་ཐུབ་པ་ཞིག་ད་སྔ་བདག་གིས་ཅང་མ་མཐོང་།

དྲུག༽ གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང་པོ་དང་མཐའ་མ། 

 

༡༩༥༩་ལོའི་ཟླ་༣་ཚེས་༡༧་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གསང་བའི་སྒོ་ནས་བཙན་བྱོལ་གནང་ནས་ལོ་གཅིག་གི་རྗེས་ཏེ། ༡༩༦༠་ལོའི་༣་ཚེས་༡༠་ཉིན་རྒྱ་གར་རྡ་རམ་ས་ལའི་བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་དང་པོའི་མཛད་སྒོ་བསྐྱངས། གསུམ་བཅུའི་དུས་དྲན་ཐེངས་དང་པོའི་གསུང་འཕྲིན་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེའི་ནང་ལ་གོང་དུ་དྲངས་པའི་གསུམ་བཅུའི་དུས་དྲན་གྱི་བྱུང་རྐྱེན་གསལ་བོ་གནད་བསྡུས་སུ་བཀོད་ཐོག ཞི་རྒོལ་ལ་དྲག་གནོན་བྱས་ཚུལ་དང་ང་ཚོས་མུ་མཐུད་དེ་ཞི་བའི་སྒོ་ནས་བདེན་པའི་འཐབ་རྩོད་གནང་དགོས་ཚུལ་སོགས་ལམ་སྟོན་བཀའ་སློབ་བསྩལ་འདུག་པ་འདི་ལྟར།

"ས་ཁྱོན་དང༌། མི་འབོར། དྲག་ཆས་ཀྱི་སྟོབས་ཤུགས་བཅས་ཀྱི་མཐུན་རྐྱེན་འཛོམས་པའི་རྒྱ་དམར་གྱི་དྲག་པོའི་སྲིད་དབང་གདུག་རྩུབ་ཅན་དེ་འདྲའི་མདུན་སར་རྡོ་གྲི་ཙམ་ལ་ལག་ཆར་རེ་བའི་བོད་མི་ཉམ་ཆུང་གྲངས་ཉུང་དེ་རྣམས་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བ་ལྟར་ཞི་བའི་རྒོལ་གླེང་དེ་ལྟ་བུ་བྱས་པ་ནི་ཚོད་དཔག་གི་གནས་ཚད་ལས་ཆེས་ཆེར་བརྒལ་བའི་བོད་མིའི་སྙིང་སྟོབས་ཕུལ་དུ་བྱུང་བའི་རྟགས་མཚན་ཞིག་འགོག་མེད་དུ་བསྟན་པ་མ་ཟད། མི་རིགས་འདྲ་མཉམ་དང༌། རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་པའི་འཛམ་གླིང་གི་ལོ་རྒྱུས་ནང་ལའང་གཙོ་ཆེ་བའི་གཟི་བརྗིད་ཅན་གྱི་ལེའུ་ཞིག་གསར་གཏོད་བྱས་པ་དང༌། དེ་དང་དུས་མཚུངས་སུ་འཛམ་གླིང་མི་མང་གི་མདུན་སར་རྒྱ་དམར་གྱི་བྱ་སྤྱོད་ལ་ངོ་སྤྲོད་དང༌། མཛུབ་སྟོན་བྱས་ཏེ་རྒྱ་དམར་ལོག་སྲིད་ཀྱི་ལམ་ཞུགས་རྣམས་བློ་ལྡན་འཛམ་གླིང་མི་མང་གི་གྲལ་ཁྲོད་ནས་རྒྱང་རིང་དུ་བུད་དེ་རང་གདོང་བསྟན་མི་ནུསཔར་སྨྲ་བཅད་ངོ་གནོང་གིས་སྡོད་དགོས་པ་ཞིག་བཟོས་པ་རེད།    

དེ་ལྟར་ཞི་རྒོལ་ལས་འགུལ་ཉག་གཅིག་བྱས་དང་བྱེད་སེམས་ཀྱང༌། བོད་མི་མང་གི་རེ་བསམ་དོན་ཐོག་ཏུ་མ་འཁེལ་བར་བརྩེ་མེད་ཀླ་ཀློའི་དཔུང་ཚོགས་ཀྱིས་རྒྱུ་མཚན་ལྡན་པའི་ཞི་བའི་རྒོལ་གླེང་ལ་ཉན་བློ་ཙམ་ཡང་མ་བྱས་པར་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་ཀྱིས་དྲག་གནོན་མི་བཟད་ལག་ཏུ་བླངས་ནས་སྔོ་ནག་དུ་བའི་སྤྲིན་ཕུང་དཀྲིགས་ཏེ་འུར་སྒྲ་དང༌། མེ་འོད་ཀྱི་གློགས་ཞགས་འཁྱུག་པའི་མདེལ་མཚོན་གྱི་ཆར་པའི་འོག་ཏུ་རྒྱུན་དུ་ཡ་རབས་དམ་པའི་ཚུལ་ལུགས་སུ་སྤྱོད་ཅིང༌། རང་རེའི་སྙིང་ནས་མཛའ་བརྩེས་འགྲོགས་པའི་ཤ་ཁྲག་གཅིག་གྱུར་གྱི་ཕ་མ་བུ་ཕྲུག གཅེན་གཅུང་ཕོ་མོ། ཕུ་ཞང་སྲིང་མོ་སོགས་རྒན་བྱིས་ཁྲི་ཕྲག་བརྒལ་བའི་གཅེས་ལུས་དུམ་བུ་བརྒྱ་ཕྲག་ཏུ་འཐོར་ཏེ་གཅེས་པའི་རང་སྲོག་དོར་བ་མ་ཟད། ད་དུང་རྒྱ་ཆེའི་བོད་མི་མང་རྣམས་གདུག་རྩུབ་ཅན་གྱི་བཙན་དབང་མནར་གཅོད་དྲག་པོའི་འོག་གནས་མུས་ཀྱི་བོད་མིའི་ཁྲག་གི་བབས་རྒྱུན་ད་དུང་ཡང་ཆད་མེད་ཅིང༌། དེ་ལྟ་ནའང་དྲག་པོའི་བསམ་སྦྱོར་ངན་པ་ཇི་ཙམ་འཕེལ་བ་དེ་ཙམ་དུ་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང༌། སྙིང་སྟོབས་ཀྱང་ཕན་ཚུན་འགྲན་པ་བཞིན་ཇེ་ཆེ་ཇེ་ཟབ་ཏུ་འགྲོ་དང་འགྲོ་མུས་རེད། 

དེས་ན་ང་ཚོས་སངས་རྒྱས་ཀྱི་བསྟན་པ་དང༌། བོད་མི་རིགས་ཀྱི་རང་དབང་བསྐྱར་གསོའི་ཆེད་དུ་ལུས་སྲོག་ཡལ་བར་དོར་བའི་སྤུན་ཟླ་དེ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱིས་དྲིན་ལན་དང༌། དྲང་བདེན་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་གི་མདུན་སར་ཡ་རབས་སྤྱོད་བཟང་གི་མིག་དཔེར་འགྱུར་ངེས་ཀྱི་སྒོ་གསུམ་ནུས་ཤུགས་གང་ཡོད་གཅིག་ཏུ་བསྒྲིལ་ནས་གཞན་དབང་མནར་གཅོད་རྐྱེན་ངན་གྱི་རྒུད་པ་མཐའ་དག་ལེགས་པར་བསལ་ནས་ཆོས་འབྱོར་བདེ་སྐྱིད་རང་དབང་གི་དཔལ་ཡོན་གང་མྱུར་ཐོབ་ཐུབ་པའི་འབད་བརྩོན་སྐད་ཅིག་ཀྱང་མི་གཡེལ་བ་བྱེད་དགོས། དེ་ལྟར་བྱེད་པའི་འགན་འཁུར་གཙོ་བོ་ནི་རང་རེ་ཁྱིམ་མཚེས་རང་དབང་གི་ཡུལ་ཁག་ཏུ་བྲོས་འབྱོར་བོད་མི་རྣམས་ལ་འཁྲི་བ་ཞིག་ཡིན་ངེས་རེད། དེ་ཡང་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྟར་རང་གཞན་འདི་ཕྱི་གཉིས་ཕུང་སྡིག་སྤྱོད་ཀྱི་ལས་ལམ་དུ་མི་འཇུག་པར་ཞི་བདེ་དྲང་བདེན་གྱི་ཐོག་ནས་ཚུལ་དང་མཐུན་པའི་རྩོད་པ་བྱས་ཏེ་རྒྱ་དམར་གྱི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་རྣམས་འཛམ་གླིང་མདུན་སར་གསལ་རྗེན་ཁྲོམ་སྟོན་གྱིས་རང་ཕྱོགས་ཀྱི་བདེན་པའི་དག་སྐྱེལ་ཐོག རང་དབང་དྲང་བདེན་ལ་དགའ་བའི་འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་རང་རེའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་པ་བྱ་དགོས།ཞེས་སློབ་སྟོན་གནང་སྟེ་མི་ལོ་དུ་མར་ཐབས་མཁས་ཐུགས་རྗེས་བསྐྱངས་ཏེ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་སྨིན་ཡོད་པ། ༢༠༡༡་ལོའི་གསུང་འཕྲིན་མཐའ་མའི་ནང་དུ ་ཕྱོགས་སྡོམ་གནང་དོན།

བོད་རྒྱ་མི་རིགས་གཉིས་ནི་སྲིད་པ་ཆགས་ནས་བཟུང་ཁྱིམ་མཚེས་སུ་གནས་པའི་སྤུན་ཟླ་ལྟ་བུའི་མཆེད་གྲོགས་ཀྱི་མི་རིགས་ཤིག་ཡིན་པས། ཆབ་སྲིད་དབང་འཛིན་པ་རྣམས་ཀྱི་བྱ་སྤྱོད་དབང་གིས་མི་རིགས་གཉིས་དབར་འཁོན་འཛིན་དང་སྡང་ཟུག་བྱུང་ན་གཏན་ནས་མི་འོས་པར་མ་ཟད། ལྷག་པར་ཕན་ཚུན་འཚེ་བའི་བྱ་བ་ཕྲ་མོ་ཙམ་བྱུང་ན་རང་གཞན་གཉིས་ཕུང་ཡོང་རྒྱུ་ལས་མ་འདས་པས། བོད་རིགས་ཡོངས་ནས་རྒྱ་རིགས་ཀྱིས་མཚོན་མི་རིགས་ཚང་མར་མཛའ་མཐུན་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་བོད་མིའི་ཐུན་མིན་བྱམས་བརྩེ་ཡ་རབས་ཀྱི་བཟང་སྤྱོད་མ་ཉམས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ། ཕྱི་སྡོད་བོད་རྒྱའི་མི་རིགས་དབར་སྔར་ལྷག་འབྲེལ་ལམ་གོང་མཐོར་གཏོང་ཆེད་དམིགས་བསལ་འབད་རྩོལ་བྱས་དང་བྱེད་བཞིན་ཡོད་པར་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། གཞིས་སྡོད་བོད་རིགས་རྣམས་ཀྱིས་ཀྱང་དེ་མཚུངས་ཀྱི་འབད་འབུངས་བྱེད་དགོས།” ཞེས་དང་།

"མི་ལོ་དྲུག་ཅུ་བརྒལ་བའི་རིང་རང་དབང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པར་མ་ཟད། གཞོན་སྐྱེས་མི་རབས་གསར་པ་གནའ་བོའི་རང་དབང་བོད་ཀྱི་གནས་བབ་རྒྱུས་མངའ་མེད་པ་ཚོས་ཀྱང་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་བྱེད་བཞིན་ཡོད་པ་ནི་ངོ་མཚར་བསྔགས་འོས་ཀྱི་གནས་དང༌། བོད་མི་རིགས་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་བྱས་རྗེས་བཅས་ཡིན་པས་ལེགས་སོའི་དབུགས་དབྱུང་ཡོད།ཅེས་གསུངས་ཡོད།

 

བདུན།༽ གསུམ་བཅུའི་དུས་དྲན་གྱི་མེ་ལྕེ་བོད་ནས་རྒྱལ་སྤྱིར་མཆེད་པ།

 

ཀ༽སྤྱི་ལོ་༡༩༨༧ལོའི་ཟླ་༡༠ཚེས་༡  ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ་དེར་རྒྱལ་ས་ལྷ་སར་བོད་པའི་གཞོན་སྐྱེས་ཁག་ཅིག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས།

ཁ༽ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བས། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ།

ག༽ ༢༠༠༨་ལོ་བོད་ནང་ལ་གསུམ་བཅུའི་དུས་དྲན་དང་འབྲེལ་སྔ་ན་མེད་པའི་ཞི་རྒོལ་ཆེན་པོ་ཞིག་བྱུང་ཡོད།དེ་ཡང་ཚེ་རིང་འོད་ཟེར་ལགས་ཀྱི་༢༠༠༨་ལོའི་ཞི་རྒོལ་ཟིན་ཐོ <<གངས་སེང་གི་ངར་སྒྲ>>ལས།   

"ཟླ་༣་ཚེས་༡༠། ཉིན་འདི་ནི་བོད་ཞི་བའི་སྒེར་ལངས་བྱས་ཏེ་ལོ་ཞེ་དགུ་འཁོར་བའི་དུས་དྲན་ཡིན་ལ།   ལོ་རེའི་ཉིན་འདིར་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པས་རྒྱ་དམར་གྱིས་དོགས་ཟོན་ནན་མོ་བྱེད་པའི་ཉིན་ཞིག་ཀྱང་ཆགས་ཡོད།"ཅེས་དང་། ཉིན་དེར་ལྷ་སའི་འབྲས་སྤུངས་དགོན་པའི་གྲྭ་བ་༣༠༠་ལྷག་ཙམ་དང་། སེ་ར་དགོན་པའི་གྲྭ་བ་བཅུ་བཞིས་སྐད་འབོད་གནང་ཚུལ་དང་། ཨ་མདོ་དཔའ་ལུང་དྷི་ཚ་དགོན་པའི་གྲྭ་བ་དྲུག་ཅུ་ལྷག་དང་། མང་ར༷་ཀླུ་ཚང་དགོན་པའི་གྲ༷་བ་༣༠༠ལྷག་གིས་སྐད་འབོད་བྱས་ཚུལ་དང་། བླ་བྲང་དང་དཀར་མཛེས་རྫོང་དུ་བོད་རང་བཙན་གྱི་བསྒྲགས་ཡིག་སྦྱར་ཚུལ་བཅས་བཀོད་དེ། ས་བྱི་ཞི་རྒོལ་ཆེན་མོ་ཡང་ཉིན་དེ་ནས་བྱུང་ཚུལ་བཀོད་ཡོད། ཡང་ཚེ་རིང་འོད་གསལ་ལགས་ཀྱི་<<མེ་ལྕེའི་ནང་གོ་བོད་>>ནང་དུ། "ཕྱི་ལོ་ ༢༠༡༢ ལོའི་ཟླ་ པར་ཕྱི་བལྟས་ཤིག་བྱས་ན། ཕྱི་ཟླ་ པ་དེ་ནི་བོད་ནང་ཆབ་སྲིད་ཐོག་དམ་དྲག་ཆེན་པོ་ཡོད་པའི་ཟླ་བ་ཞིག་ཆགས་ཡོད་པ་རེད། དཔེར་ན། ཟླ་བ་ པའི་ཚེས་པ་ ཉིན་མོར་ཕྱི་ལོ་ ༡༩༨༩ ལོར་ལྷ་སར་བྱུང་བའི་བོད་མིའི་གྱེན་ལངས་ཉིན་མོར་སྲུང་གཙི་ཞུ་བཞིན་པ་དང་། ཉིན་དེར་གཟའ་འཁོར་ཁ་ཤས་རིང་ངོ་རྒོལ་རྔམ་སྟོན་བྱེད་མཁན་གྱི་བོད་མི་ཞི་བའི་འཐབ་རྩོད་པ་རྣམས་ལ་རྒྱ་གཞུང་གི་དྲག་ཆས་ཉེས་རྟོགས་པས་སྔོན་བརྡ་གང་ཡང་མེད་པར་མེ་མདའ་བརྒྱབ་ཡོད། ཕྱི་ཟླ་ པའི་ཚེས་པ་ ༡༠ ཉིན་ནི་བོད་མིའི་གྱེན་ལངས་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་ལྷ་སར་རྒྱ་གཞུང་ལ་ཡར་ལངས་དང་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་དུས་དྲན་ཉིན་མོ་འཁེལ་ཡོད། ཕྱི་ཟླ་ ཚེས་ ༡༤ ཉིན་ནི་ཕྱི་ལོ་ ༢༠༠༨ ལོར་རང་སྲེག་ལས་འགུལ་མགོ་འཛུགས་ཀྱི་དུས་དྲན་ཉིན་མོ་དང་། ཕྱི་ཟླ་ ཚེས་ ༡༦ ཉིན་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་རྔ་པའི་ཞི་རྒོལ་བ་ཚོར་དྲག་གནོན་བྱས་པའི་དུས་དྲན་རེད། དེའི་ཁར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་སྟེ། ཕྱི་ཟླ་ པའི་ཚེས་ ༢༨ ཉིན་ནི་རྒྱ་ནག་གཞུང་གིས་རྟག་ཏུ་འུད་སྒྲོག་བྱེད་བཞིན་པའི་བོད་ཀྱི་ཞིང་བྲན་ལམ་ལུགས་མེད་པར་བཏང་བའི་ཉིན་མོར་གཞུང་འབྲེལ་ངལ་གསོ་དང་བོད་ཞི་བས་བཅིངས་བཀྲོལ་ཞེས་པ་རྗེས་དྲན་བྱ་དགོས་པ་རེད། བོད་མི་ཚོར་མཚོན་ན་ཟླ་བ་ པ་དེ་ནི་ལོ་རྒྱུས་ཐོག་གལ་གནད་ཅན་གྱི་དུས་ཚོད་ཅིག་ཆགས་ཡོད་པ་དང་། སྒོས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཆབ་སྲིད་དམ་དྲག་ཅན་གྱི་ཁོར་ཡུག་སྐྲུན་བཞིན་ཡོད་སྟབས། ཟླ་བ་ པ་ནམ་ཡིན་ལ་བོད་ནང་ངོ་རྒོལ་སྐད་འབོད་གང་བྱུང་ཡང་རྒྱ་ནག་དབང་འཛིན་པ་ཚོར་ཐད་ཀར་འགན་འཁྲི་ཡོད་པ་རེད། མ་གཞི་ཟླ་བ་ པ་ནི་ལོ་ལྟར་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མང་ཤོས་སྤེལ་དུས་ཤིག་ཏུ་འགྱུར་ཡོད་པ་རེད།ཅེས་པ་ནི་རྒྱུ་མཚན་ཡང་དག་པ་ཞིག་རེད།

ང༽ཕྱི་ལོ་ ༢༠༡༣ ཟླ་ ཚེས་ ༡༠ ཉིན་ཡུ་རོབ་བོད་རིགས་མཐུན་ཚོགས་དང་བོད་ཀྱི་དོན་ཁང་སོགས་ཀྱིས་གོ་སྒྲིག་འོག་ཡུ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་ཡུ་རོབ་ཡུལ་གྲུ་ཁག་བཅུ་བདུན་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གྲངས་ ༤༠༠༠ བརྒལ་བ་ལྷན་འཛོམས་ཐོག་སྲུང་བརྩི་ཞུས་ཡོད།

ཅ༽༢༠༡༥་༠༣་ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ཕ་རིས་སིར་ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་དང་ཡུ་རོབ་ཁུལ་མཉམ་འབྲེལ་ཐོག “ཡུ་རོབ་བོད་དང་མཉམ་དུ་ཡོད།” ཅེས་པའི་འབོད་ཚིག་འོག གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་ལས་འགུལ་ཞིག་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་གཙོས། ཧྤ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་སྐུ་ཞབས་(Robert Badinter) སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཧྤ་རན་སི་དང་སྦེལ་ཇམ། སུད་སི་སོགས་ཡུ་རོབ་རྒྱལ་ཁབ་ ༡༥ ཙམ་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཆིག་ཁྲི་ལྷག་འདུ་འཛོམས་བྱུང་།

ཆ༽ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༡༠ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ། སུད་སི་སྐུ་ཚབ་དོན་ཁང་དང་། ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ། ཡུ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་བུད་མེད་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཐུན་མོང་གིས་གོ་སྒྲིག་འོག་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༥༩ དེ། ཡུ་རོབ་བོད་ཀྱི་བདེན་རྒྱབ་ཏུ་ལང་ཡོད། (Europe Stands with Tibet)" ཅེས་པའི་ལས་འགུལ་མི་གྲངས་བཞི་སྟོང་ལྷག་ལྷན་འཛོམས་ཀྱི་གཞི་རྒྱ་ཆེ་བའིལས་འགུལ་ཞིག་སྤེལ།

ཇ༽༢༠༡༩་༠༣་༡༠་ཉིན། སྦེལ་རྗམ་གྱི་རྒྱལ་ས་སྦར་སིལ་དུ། ཡུ་རོབ་ཀྱི་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚང་མ་མཉམ་རུབ་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ་དེ་སྲུང་བརྩིའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་རེད།

 

མདོར་ན། ཐོག་མར་རྒྱ་གར་དང་དེ་ནས་བལ་ཡུལ། དེ་རྗེས་སུད་སི་དང་ཨ་རི། ཁ་ན་ཏ་སོགས་སོགས་ད་ལྟ་བོད་མི་གནས་སྡོད་ཀྱི་རྒྱལ་ཁབ་ཆེ་ཆུང་དུ་མའི་ནང་དུ་མི་མང་ཉུང་ལ་མ་ལྟོས་པར་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་སྙིང་སྟོབས་ཉམས་པ་མེད་པར་གཞིས་བྱེས་མཉམ་འཛོམས་ཀྱི་རེ་བ་སྔར་ལས་ལྷག་པ་ཞིག་ཡོད་པ་ནི་ང་ཚོའི་བོད་དོན་བདེན་མཐའ་སེལ་ཐུབ་པའི་རྒྱལ་ཁའི་རྩ་དོན་ཉག་གཅིག་གོ།  །།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php