༄༅། །འཛམ་གླིང་གི་བོད།

 

 

          བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་བ་འབྱོར་རྗེས་རིམ་བཞིན་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཏུ་གྱུར་བ་ནས་མུ་མཐུད་འཛམ་གླིང་མི་རིགས་མང་པོས་བླ་མེད་བརྩི་བཀུར་འཐོབ་བཞིན་པའི་ཆེས་རླབས་ཆེན་གྱི་སྤྱི་མི་ཞིག་ཏུ་གྱུར་ཡོད་པ་དང༌།ཁོང་གི་སྐུ་ཡུལ་བོད་འདི་འཛམ་གླིང་གི་ཆུ་བོ་དུ་མའི་འབྱུང་ཁུངས་དང་ཆེས་མཐོ་སྒང་གི་ཡུལ་ལུང་གཙང་མ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་བསམ་པའི་དཔལ་ཡོན་བླ་ལྷག་ཏུ་རྒྱས་སའི་དམ་པའི་ཆོས་ཀྱི་ཞིང་ཞིག་ཡིན་ཞིང༌། འབྱུང་འགྱུར་ཡང་འཛམ་གླིང་ཞི་བདེའི་མིག་དཔེར་བལྟ་སའི་ཞི་བའི་བསྟི་གནས་ཤིག་ཏུ་གནས་ཐབས་བྱ་རྒྱུའི་དམིགས་ཡུལ་རྒྱ་ཆེ་གཏིང་ཟབ་དང་ལྡན་པ་ཞིག་ཡིན་པས། བོད་འདི་མི་རིགས་བྱེ་བྲག་པ་གཅིག་དང་རྒྱལ་ཁབ་བྱེ་བྲག་པ་གཅིག་ལ་བདག་པ་ཙམ་ཞིག་མིན་པར་འཛམ་གླིང་ཧྲིལ་བོར་དབང་འོས་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཆགས་བཞིན་པའི་གནས་བབ་འདི་ལྟའི་སྐབས། བོད་ནང་གི་མི་རབས་གསར་པས་གཙོས་ཁྱོན་ཡོངས་ཀྱི་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཆེན་མོ་རྒྱུན་མར་ཡོང་བཞིན་པ་འདི་དང༌། འདི་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་འཛམ་གླིང་ཞི་བདེ་དང་འབྲེལ་བའི་རླབས་ཆེན་གྱི་ལས་དོན་ཞིག་ལ་གཟི་བརྗིད་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་འབུལ་བཞིན་པར་འདི་ག་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ངོས་འཛིན་དང༌། ཡི་རངས་བསྔགས་བརྗོད། རྒྱབ་སྐྱོར་བཅས་ཡོད་པའི་ཐོག་ནས་གཤམ་གསལ་དོན་ཚན་འགའ་ཞིག་གཞེན་བསྐུལ་ཞུ་གིན་ཡོད།

          ༡། ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཟླ་༣ ཚེས་ ༢༨ ལ། རྒྱ་ཆེའི་རྒྱ་རིགས་སྤུན་ཟླ་རྣམས་པར་བསྒྲགས་པའི་གསུང་བཤད་དེར་ཀྲུང་ཧྭ་མི་རིགས་ཀྱི་སྤུན་ཟླ་ཚང་མས་ཡིད་ཆེས་རྒྱབ་སྐྱོར་ཡོང་བ་ཞུ།

          ༢། ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཟླ་༤ ཚེས་ ༦ ཉིན། གཞིས་བྱེས་བོད་རིགས་ཡོངས་ལ་གནང་བའི་བཀའ་སློབ་དོན་ཚན་བཅུ་གསུམ་པོ་དེར་གཞིས་བྱེས་བོད་མི་ཡོངས་ཀྱིས་སེམས་ལ་བཟུང་ནས་ལག་ལེན་མ་ནོར་བ་དང༌། རྗེས་སུ་འགྱོད་པ་སྐྱེ་མི་དགོས་པ་ཞིག་ཡོང་བའི་རེ་བསྐུལ་ཞུ།

          ༣། ནའོ་སྦེལ་གཟེངས་རྟགས་བཞེས་མཁན་སྐྱེས་ཆེན་ཉེར་དྲུག་གིས་ཀྲུང་དབྱང་ཕུལ་བའི་བོད་དོན་རྒྱབ་སྙན་ཞུའི་སྐོར་ལ་འཛམ་གླིང་མི་རིགས་ཡོངས་ཀྱིས་རྒྱབ་སྐྱོར་མཇུག་གནོན་ཡོང་བ་ཞུ།

          ༤། ཀྲུང་གོའི་ནང་ཁུལ་མཁས་དབང་སུམ་ཅུས་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུ་དོན་ཚན་བཅུ་གཉིས་ལ་ཀྲུང་ཧྭ་མི་རིགས་ཀྱི་སྤུན་ཟླ་ཡོངས་ཀྱིས་རྒྱབ་སྐྱོར་མཇུག་གནོན་ཡོང་བ་ཞུ།

          ༥། རྒྱ་ནག་གི་ཁྲིམས་རྩོད་པ་ཆེན་པོ་བཅོ་བརྒྱད་ཀྱིས་ཁྲིམས་ལུགས་ཐོག་ནས་བོད་ཀྱི་གནད་དོན་སྐོར་རྩད་ཞིབ་ཞུ་གཏུགས་བྱ་རྒྱུའི་ཡང་དག་གི་ཐབས་ལམ་དེར་ཡི་རངས་དང་བཅས་ལས་དོན་ལམ་ལྷོང་ཡོང་བར་མི་རིགས་ཁག་ཚང་མས་རྒྱབ་སྐྱོར་ཡོང་བ་ཞུ།

          ༦། རྒྱ་གར་གཞུང་གིས། ནེ་རོ་མཆོག་གིས་སྔོན་ཆད་ཡུལ་དུས་གནས་བབ་ལ་གཟིགས་ཏེ་གསུང་དགོས་བྱུང་བའི་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་ལོ་རྒྱུས་འཁྱོག་བརྗོད་དེ་མུ་མཐུད་རྩ་འཛིན་བྱེད་པར་སྙིང་བོ་མེད། དེ་ལས་ནེ་རོས་བོད་ཀྱི་མ་འོངས་པར་དགོངས་བཞེས་ཀྱིས་བོད་ཀྱི་མཐའ་མའི་ཐག་གཅོད་དབང་ཆ་བོད་མི་དམངས་ལ་ཡོད་པར་གསུངས་པ་དེ་ད་ལྟ་དུས་ལ་འབབ་ཀྱིན་པར་རྒྱབ་སྐྱོར་ཞུ་འོས་པར་མ་ཟད། ལྷག་པར་ལམ་དབུ་མ་ནི་ཀྲུང་གོ་ཁ་བྲལ་གཏོང་བ་ཞིག་མིན་པར་དེ་ལས་ལྡོག་ནས་ཀྲུང་ཧྭ་མི་རིགས་ཚང་མ་འཆམ་མཐུན་ལྷིང་འཇགས་ཡོང་བའི་སྲིད་ཇུས་བཟང་པོ་ཞིག་ཡིན་ཚུལ་དང༌། བོད་དོན་ཐག་གཅོད་ལེགས་པོ་ཞིག་འབྱུང་མིན་ནི་རྒྱ་གར་རང་གི་ཁེ་ཕན་ལའང་འབྲེལ་བ་ཆེན་པོ་ཡོད་པ་གསལ་བོ་མཁྱེན་གྱིན་ཡོད་པས། བོད་རྒྱ་ཞི་མོལ་གནང་རྒྱུར་ངེས་པར་རྒྱབ་སྐྱོར་གནང་འོས་པ་ཞིག་ཡིན་པའི་གསལ་འདེབས་རེ་བསྐུལ་ཞུ་གིན་ཡོད།

          ༧། རྒྱལ་སྤྱིའི་རང་དབང་གསར་འགོད་པ་དང༌། ལྷག་པར་རྒྱ་དཀར་ནག་གི་རང་དབང་གསར་འགོད་པ་གང་མང་མང་ཞིག་རྒྱུན་མ་ཆད་པར་བོད་ཁམས་ཡོངས་སུ་སྐོར་སྐྱོད་ཡོང་རོགས་ཞུ།

          ༨། རྒྱལ་སྤྱིའི་པེན་གྱི་མཐུན་ཚོགས་ཡན་ལག་དང་བཅས་པས་བོད་དོན་བདེན་པའི་འཐབ་རྩོད་འདིར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་དང༌། དེ་ཡང་རང་དབང་རྩོམ་པ་པོ་སྐོར་ཅིག་ཆེད་དུ་བོད་ནང་ལ་ལོ་གཅིག་གཉིས་རེར་སྐོར་སྐྱོད་ཀྱིས་བོད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་འཇུག་གིས་བོད་ཀྱི་གནས་བབ་དང་བོད་མི་རིགས་ཀྱི་མངོན་འདོད་དངོས་མཚོན་གྱི་རྩོམ་འབྲི་ཡོང་བ་ཞུ།

          ༩། ཐེངས་འདིའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་དྲག་གནོན་སྐབས་ཅུང་སྟབས་མ་ལེགས་པར་རྒྱ་མི་དཀྱུས་མ་འདས་གྲོངས་དང་རྨས་སྐྱོན། ཚོང་ཁང་སོགས་ལ་གཏོར་སྐྱོན་ཐེབས་པ་བཅས་ལ་ང་ཚོས་གདུང་སེམས་མཉམ་སྐྱེད་དང་ལྷན་བོད་གཞུང་དམངས་གཉིས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གུན་གསབ་རོགས་རམ་གནང་ཐུབ་པའིརེ་བ་ཡོད།

          ༡༠། ད་ལོ་ནི་ཀྲུང་གོར་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་འཚོགས་རྒྱུའི་སྐལ་བཟང་ཞིག་ཡིན་ལ། བོད་ཙམ་མ་ཡིན་པར་ཀྲུང་གོ་ཡོངས་ལ་དམངས་གཙོའི་འགྱུར་འགྲོས་གསར་བ་ཞིག་འོང་བའི་གོ་སྐབས་ལེགས་པོ་ཞིག་ཀྱང་ཡིན། དེ་ཡང་གཙོ་བོ་རྒྱ་རིགས་ཀྱིས་གཙོས་ཀྲུང་གོའི་མི་རིགས་ཁག་ཚང་མས་གོ་སྐབས་འདི་ཇི་ལྟར་དམ་འཛིན་དང་བེད་སྤྱོད་ཐུབ་མིན་ལ་རག་ལས་ཡོད་པའི་ངོས་འཛིན་དང་བཅས་སོ། །

 

པེན བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།

༢༠༠༨།༤།༡༠། ལ་ཡོངས་ཁྱབ་ཏུ་སྤེལ་བ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php