༄༅།།དམངས་གཙོ་དོན་གཉེར་གྱི་གཟི་བརྗིད་ཉིན་མོ།

 

          མཛའ་ཞིང་བརྩེ་བའི་སྤུནཟླ་མི་རིགས་རྣམ་པ། དེ་རིང་གི་ཉིན་མོ་འདི་ནི་དམངས་གཙོ་དོན་གཉེར་གྱི་ཀྲུང་གོའི་གཞོན་སྐྱེས་ཧ་ཅང་མངས་པོ་ཞིག་ལ་ཏང་ཀྲུང་དབྱང་གིས་དྲག་པོའི་དམག་དཔུང་གིས་བཙན་གནོན་བྱས་ཏེ། དམངས་གཙོའི་མི་སྣ་མངས་པོ་ཤིག་གི་ཚེ་སྲོག་ཤོར་བའི་ཉིན་མོ་ཞིག་ཡིན་པས། ང་ཚོས་ཚེ་འདས་གཞོན་སྐྱེས་དེ་དག་གི་ཚེ་སྲོག་བློས་བཏང་གི་དམངས་གཙོའི་དགོས་འདུན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་བའི་ཐོག་དྲངས་ཏེ། ཀྲུང་གོའི་དམངས་གཙོ་ཞེས་པའི་གོ་དོན་ལ་བསྐྱར་ཞིབ་ཅིག་བྱེད་དགོས་བྱུང།

          དེ་ཡང་ཀྲུང་གོའི་གསར་བརྗེ་བ་རྒན་རབས་ཆབ་སྲིད་ཚན་རིག་མཁས་ཆེན་སྐུ་ཞབས་ཏུང་པི་ཝུའུ་ཡིས། ཀྲུང་གོའི་དམངས་གཙོ་གསར་བའི་སྐོར་ལ་འདི་འདྲ་ཞིག་གསུངས་མྱོང་སྟེ། འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞིག་རེད། ཅེས་དང༌། མི་སུ་འདྲ་ཞིག་ལ་སྲིད་དབང་སྒེར་འཛིན་བྱེད་དགོས་ཟེར་ན། ལོག་སྤྱོད་གྲལ་རིམ་ལ་སྲིད་དབང་སྒེར་འཛིན་བྱེད་དགོས་པ་དང༌། མི་དམངས་ལ་ངོ་རྒོལ་བྱེད་མཁན་ལོག་སྤྱོད་ཕྱོགས་ཁག་ལ་སྲིད་དབང་སྒེར་འཛིན་བྱེད་དགོས། མི་སུ་འདྲ་ཞིག་ལ་དམངས་གཙོ་ལག་ལེན་བྱེད་དགོས་ཟེར་ན། བཟོ་པ་གྲལ་རིམ་དང༌། ཞིང་པ་གྲལ་རིམ། དམངས་གཙོ་དང་རྒྱལ་གཅེས་མི་སྣ་བཅས་ལ་དམངས་གཙོ་ལག་ལེན་བྱེད་དགོས། ཞེས་གསུངས་པ་བཞིན་ཡིན་ཚེ། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་ལ་སྲིད་དབང་སྒེར་འཛིན་བྱེད་ས་དང་དམངས་གཙོ་བྱེད་ས་གཉིས་མཉམ་བསྲེས་དང་ཐ་ན་གོ་ལྡོག་གིན་ཡོད། དྲུག་བཞིའི་དོན་རྐྱེན་ནི་དེའི་དཔེ་མཚོན་གསལ་ཤོས་དེ་ཡིན། དམངས་གཙོའི་མིང་བཏགས་པའི་སྲིད་གཞུང་ཞིག་གི་འོག་ནས་དམངས་གཙོ་དགོས་པའི་རེ་འདུན་དང་ངོ་རྒོལ་བྱེད་པ་ཡ་མཚན་ཞིག་མ་རེད་དམ། ད་དུང་དེ་འདྲའི་རེ་བསྐུལ་རྔམ་སྟོན་བྱེད་པར་དྲག་གནོན་བྱས་པ་ནི་དེ་བས་ཀྱང་ཡ་མཚན་ཞིག་ཅི་ལ་མིན། དོན་རྐྱེན་འདིས་ཀྲུང་གོའི་དངམས་གཙོ་ཟེར་བ་དེ་དོན་དངོས་སུ་ཅི་འདྲ་ཞིག་ཡིན་མིན་གསལ་པོར་མཚོན་ཡོད་པས། འདི་ལས་ལྷག་པའི་བདེན་དཔང་གཞན་ཞིག་དགོས་དོན་མེད།

          སྤུན་ཟླ་མི་རིགས་ཚོ། ཀྲུང་གོར་དོན་དངོས་ཀྱི་དམངས་གཙོ་ཚད་མཐོ་ཞིག་དགོས་རྒྱུ་ནི་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་གམ་མི་དམངས་དུང་ཕྱུར་བཅུ་གཅིག་ལྷག་གི་ཁེ་ཕན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པས། འདི་འདྲའི་ཆེད་དུ་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བའི་མི་སྣ་དེ་དག་དམངས་གཙོའི་མི་སྣ་མིན་པ་དང༌། རྒྱལ་གཅེས་མི་སྣ་མིན་ན། འོ་ན་སུ་ཞིག་རྒྱལ་གཅེས་པ་དང་དམངས་གཙོ་པ་ཡིན་ནམ།

          དེ་བས་དེ་རིང་གི་ཉིན་མོ་འདི་ནི་ཕྱོགས་གཅིག་ནས་དམངས་གཙོ་དོན་གཉེར་གྱི་གཟི་བརྗིད་ཅན་གྱི་ཉི་མ་ཞིག་ཡིན་པར་མ་ཟད་དེའི་མཚུངས་སུ་འདི་ནི་དམངས་གཙོ་དང་དམངས་གཙོ་དོན་གཉེར་མཁན་ཚོར་རྡུང་རྡེག་དང་དྲག་གནོན་བྱས་པའི་ཧ་ཅང་བློ་ཕམ་དང་མུན་ནག་གི་ཉིན་མོ་ཞིག་ཀྱང་རེད།

          སྤུན་ཟླ་མི་རིགས་ཚོ། ང་ཚོས་ཉིན་མོ་འདི་ལ་འདི་ལྟར་དུས་དྲན་བྱེད་པ་ཡང་གཅིག་ནས་དམངས་གཙོ་དང་དམངས་གཙོའི་མི་སྣ་དེ་དག་ལ་རྒྱབ་སྐྱོར་དང༌། གཉིས་ནས་དམངས་གཙོ་དང་དམངས་གཙོའི་མི་སྣ་ལ་སྲིད་དབང་སྒེར་གཅོད་བྱེད་པའི་ཏང་ཀྲུང་དབྱང་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་ཞིག་ཡིན། རྣམ་འགྱུར་འདིས་ད་དུང་རེ་བ་གཞན་ཞིག་འདོན་གྱིན་པ་ནི་ཀྲུང་གོར་དོན་དངོས་ཀྱི་དམངས་གཙོ་དགོས་པ་དང་ཀྲུང་གོའི་མི་རིགས་ཁག་ཚང་མས་གདུང་སེམས་མཉམ་སྐྱེད་དང་རྡོག་རྩ་ཆིག་སྒྲིལ་གྱིས་ཅིས་ཀྱང་དམངས་གཙོ་བརྩོན་ལེན་བྱེད་དགོས་པ་དེ་ཡིན།

          ལྷག་པར་དུ་ད་ལོའི་ལོ་འདི་ཀྲུང་གོར་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་འཚོགས་རྒྱུ་ཡིན་པས་ང་ཚོས་རྒྱལ་ཁབ་ཕྱི་ནང་ཚང་མ་ལ་རེ་བསྐུལ་དང་ལྷན་དུ་ཞི་བའི་ངོ་རྒོལ་རིགས་ཀྱི་ལས་འགུལ་རྣམ་མང་སྤེལ་ཏེ་དུས་ཚོད་འདི་དམ་འཛིན་དང་བེད་སྤྱོད་ལེགས་པོ་ཞིག་བྱེད་དགོས།

          གནས་ཚུལ་གཞན་ཞིག་ནི་ད་ལོར་བོད་ཁམས་ཡོངས་སུ་སྔར་དང་མི་འདྲ་བའི་ངོ་རྒོལ་ཤུགས་ཆེན་ཞིག་བྱུང་བ་རེད། ང་ཚོའི་གསུམ་བཅུ་དང་པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་གཉིས་ལ་མི་འདྲ་ས་མངས་པོ་ཡོད་ན་ཡང་གཉིས་ཀའི་ཐུན་མོང་གི་རྒྱུ་རྐྱེན་ཆེ་ཤོས་གཅིག་ཡོད་པ་ནི། ཀྲུང་གོར་དོན་དངོས་ཀྱི་དམངས་གཙོ་མེད་པ་དེ་ཡིན། གལ་ཏེ་དམངས་གཙོ་ངོ་མ་ཞིག་ཡོད་ན་རྒྱ་དམར་གྱིས་ཀྲུང་གོ་རྒྱལ་ཁབ་བཙུགས་པ་དང་བོད་བཙན་བཟུང་བྱས་ནས་ལོ་དྲུག་ཅུ་ཉེ་བའི་སྐབས་འདི་འདྲར་ད་དུང་ཡང་འདི་འདྲའི་ངོ་རྒོལ་ཞིག་ཡོང་དོན་མེད་པ་རེད།

          མདོར་ན། ཏང་ཀྲུང་དབྱང་གིས། རླབས་ཆེན་གྱི་སློབ་སྟོན་པ་ལེ་ཉིན་གྱི་མི་རིགས་རང་ཐག་རང་གཅོད་ཀྱིདགོངས་པ་ཁས་མི་ལེན་པར་མ་ཟད། གཞི་རྩའི་དམངས་གཙོའི་ཁེ་དབང་ལའང་སྲིད་དབང་སྒེར་གཅོད་བྱེད་ཀྱིན་པ་འདི་དག་གིས་ཀྲུང་གོའི་གུང་ཁྲན་ཏང་ནི་ཡང་སྙིང་མཚོན་བྱེད་ཅི་འདྲ་ཞིག་ཡིན་པ་བསྟན་ཡོད་པས། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་ཟེར་བ་ཡང་ཚིག་སྐམ་པོ་ཞིག་ལས་ཅི།

          རྒྱ་རིགས་སྤུན་ཟླ་རྣམ་པ། ངས་སྐབས་འདི་དང་བསྟུན་ནས་བཤད་འདོད་པ་གཅིག་ནི། བོད་མི་རིགས་ཀྱི་ངོ་རྒལ་འདི་ནི་རྒྱ་དམར་གྱིས་བོད་ལ་དྲག་པོས་དམག་དཔུང་གིས་བཙན་འཛུལ་བྱེད་འགོ་ཚུགས་པའི་༡༩༥༠ ལོ་ནས་ད་བར་མཚམས་ཆད་མ་མྱོང་བའི་ངོ་རྒོལ་འཐབ་རྩོད་ཅིག་ལས་རྒྱ་མི་རིགས་ལ་དམིགས་ནས་འཐབ་རྩོད་བྱེད་པ་ཞིག་རྩ་བ་ནས་མིན་པས། མི་མང་གི་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐབས་སུ་མི་ཉུང་ཤས་རེས་བཙན་གནོན་གྱི་འཁོན་སེམས་དེ་མངོན་སྟངས་ལ་ཅུང་ཟད་ཐལ་ཆ་རིགས་སོང་བར་གནད་དོན་ཆེན་པོ་ཞིག་ཏུ་བསམ་མི་རུང་བ་དང༌། ལྷག་པར་ཀྲུང་གོའི་གཞུང་ཕྱོགས་ནས་མི་རིགས་དང་ཆོས་ལུགས་ཕན་ཚུན་བར་གྱི་འགལ་བ་དང་གནད་དོན་སོགས་སུ་འཆལ་སྒྲོག་བྱེད་ཀྱིན་པར་མགོ་མ་འཐོམས་པར་བོད་དང་ཤིན་ཅང་གིས་ཅིའི་ཕྱིར་འཐབ་རྩོད་རྒྱུན་མར་བྱེད་ཀྱིན་པའི་གནད་དོན་ངོ་མར་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་དང་ངོས་འཛིན་མ་ནོར་བ་ཡོང་བའི་རེ་བ་ཞུ་གིན་ཡོད། གལ་ཏེ་གནད་དོན་འདིའི་ངོ་བོ་གཞན་དུ་བསྒྱུར་ན་དེ་ནི་སུ་ལའང་ཁེ་ཕན་མེད་པའི་ནོར་འཁྲུལ་གྱི་བྱས་ཉེས་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།

          མཐར་མི་རིགས་མཐུན་སྒྲིལ་དང་དམངས་གཙོ་རྒྱལ་གྱུར་ཅིག།

༢༠༠༨།༦།༤།ལ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php