སྐབས་སུ་བབ་པའི་དོན་གནད་འགའ།

 

 

༡། དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ།

 

          “མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།ཞེས་གསུངས་པ་ལྟར། བོད་ཀྱི་ཆེས་ཚད་མཐོའི་རང་དབང་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་དགོས་འདུན་རྩོད་ལེན་མཁན་གྱི་རང་ཕྱོགས་ཀྱི་ལམ་དང༌། ད་ལྟར་ཆོལ་གསུམ་བོད་རིགས་ཚང་མ་ཞིང་ཆེན་མང་པོར་ཁ་གཏོར་ནས་རང་སྐྱོང་གི་མིང་རེ་བཏགས་ནས་ཡོད་པ་འདི་ལས་གཞན་བོད་ལ་ཐོབ་ཐང་གང་ཡང་མེད་པར་འཛིན་པའི་རྒྱ་གཞུང་གི་ལམ་འདི་གཉིས་ད་ལྟའི་འཛམ་གླིང་གི་གནས་བབ་གཞིར་བཞག་ནས་བལྟས་ན་མཐོ་དམའི་བར་ཁྱད་ཤིན་ཏུ་ཆེ་ཞིང༌། ཚད་མཐོ་བ་དེ་ཧ་ཅང་འཐོབ་དཀའ་བ་ཞིག་དང༌། ཚད་དམའ་ཤོས་འདིས་ཆོག་ཤེས་བྱ་ཐབས་མེད་པའི་དངོས་ཡོད་གནས་ཚུལ་གཞིར་བཞག་ནས། ཧ་ཅང་མི་མཐོ་མི་དམའ་བའི་དབུ་མའི་ལམ་སྟེ། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་ཚད་མཐོའི་མི་རིགས་རང་སྐྱོང་ལྗོངས་ཤིག་དགོས་ངེས་པ་དང་སྤྲོད་འོས་པ་ཞིག་ཡིན་པའི་གནས་ལུགས་རྒྱུ་མཚན་ཡང་ཀྲུང་གོའི་རྩ་ཁྲིམས་གཞིར་བཟུང་གིས་བོད་རྒྱ་ཞི་མོལ་གྱི་ལམ་ནས་ཐག་གཅོད་བརྩོན་ལེན་བྱེད་པའི་སྲིད་ཇུསཤིག་ཡིན། དེས་བོད་རྒྱ་གཉིས་ཀྱི་འཕྲལ་གྱི་དཀའ་རྙོག་གཙང་སེལ་ཙམ་མིན་པར་ཕུགས་རྒྱང་རིང་པོར་ཞི་མཐུན་མཉམ་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་ཁབ་འདི་ཉིད་ལྷིང་འཇགས་བརྟན་སྲུང་གིས་ཡར་རྒྱས་གོང་འཕེལ་ཡོང་བ་སོགས་ཕན་རླབས་ཆེ་ཚུལ་རྣམས་འདིར་མ་གླེང་ཡང་བསམ་ཤེས་ཚོས་ཚོད་དཔག་ཐུབ་ངེས།

          དེ་ཡང་ྋགོང་སྋསྐྱབས་མགོན་ཆེན་པོསསྤྱི་ལོ་༡༩༧༤ ཙམ་ནས་གནད་ཡོད་མི་སྣ་ཁག་ལ་བཀའ་བསྡུར་ཐུགས་ཞིབ་ཡང་ཡང་གནང་སྟེ། མཐར་༡༩༧༩ ལོར་ཏིང་ཞའོ་ཕིན་གྱིས་བོད་རང་བཙན་མ་ཡིན་པའི་དོན་དག་གང་ཡིན་ཡང་གྲོས་མོལ་བྱེད་ཆོག་པའི་དགོངས་ཚུལ་གསུངས་པ་དེ་དང་བསྟུན་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་ཞིང༌། ༡༩༩༧ ལོར་སླར་ཡང་དམངས་གཙོའི་ལམ་ནས་ཐག་གཅོད་གཙང་མ་གནང་ཞིང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་མང་ཤོས་ཀྱང་འདི་ལ་བརྟེན་ནས་འབྱུང་བཞིན་ཡོད།

 

༢། ཐེངས་འདིའི་བོད་ཀྱི་ངོ་རྒོལ་ཆེན་པོའི་རང་བཞིན།

 

          ཞི་རྒོལ་ཆེན་པོ་འདི་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་དྲག་པོའི་ངོ་རྒོལ་ལ་སྒྱུར་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་རྒྱལ་སྤྱིའི་ཐོག་ནས་དེ་ལ་ངོས་འཛིན་དང་རྒྱབ་སྐྱོར་ཐོབ་མེད་ལ། ངོ་རྒོལ་གནང་མཁན་བོད་རྒྱ་ཆེའི་མི་དམངས་ཀྱིས་དེ་བས་ཀྱང་ཁས་ལེན་ཐབས་མེད་པ་ཞིག་རེད། གལ་ཏེ། ཁྱོད་ཀྱིས་མེ་བསྲེགས་དང་ཤི་རྨས་འགའ་རེ་བྱུང་བ་དེ་དྲག་པོའི་རྣམ་པ་ཙམ་ཡང་མ་རེད་དམ་ཟེར་ན། ངས་བལྟས་ན་རེད། འོན་ཀྱང་དེ་ཙམ་གྱིས་བོད་ཁྱོན་ཡོངས་ཀྱི་ངོ་རྒོལ་འདི་དྲག་པོའི་རང་བཞིན་ཅན་ཡིན་པར་སྒྲུབ་ཐབས་མེད།

གལ་ཏེ། མི་བརྒྱ་ཐམ་པའི་ནང་ལ་གྲི་འཁྱེར་མཁན་རེ་གཉིས་དང༌། སྟོང་ཐམ་པའི་ནང་ནས་མི་གསོད་མཁན་རེ་གཉིས་རེ་བྱུང་ན། རྒྱུ་མཚན་དེས་མི་བརྒྱ་སྟོང་དེ་དག་གིས་མཚོན་ཆ་ཁྱེར་འདུག མི་གསོད་ཀྱིན་འདུག་ཅེས་བཤད་ན་དེ་གནས་ལུགས་ཤིག་ཡིན་མིན་སུས་ཀྱང་ཤེས།

          ཐེངས་འདིའི་བོད་ཆོལ་གསུམ་གྱི་མཉམ་ལངས་ངོ་རྒོལ་ཆེན་མོ་འདིར་ཐོག་མའི་དམིགས་ཡུལ་ལ་དྲག་འཐབ་མེད་པར་མ་ཟད་དངོས་སུ་དྲག་མཚོན་སྤྱད་པའི་དམར་འཛིང་གི་རྣམ་པ་གཏན་ནས་མེད་ལ། ས་ཁུལ་གང་མང་ལ་ཆེད་དུ་གྲ་སྒྲིག་ཡོད་པའི་ཞི་རྒོལ་གྱི་རྣམ་པ་མངོན་གསལ་ཅན་བྱུང་ཡོད། དེ་བས་ཞི་བ་ཁོ་ནའི་ངོ་རྒོལ་ཞིག་ལས་མ་འདས་ཀྱང༌། ད་དུང་མུ་མཐུད་དེ་གནས་ཚུལ་ཅི་འདྲར་འགྱུར་མིན་ནི་རྒྱ་གཞུང་གིས་དྲག་གནོན་མཚམས་འཇོག་གིས་ཞི་མོལ་དངོས་སུ་བྱེད་མིན་ཁོ་ན་ལ་རག་ལས་ཡོད།

 

༣། བོད་མིས་དྲག་པོའི་ངོ་རྒོལ་བྱེད་མིན།

 

          བོད་མི་བརྒྱ་ཆའི་བརྒྱ་ཐམ་པ་ཚང་མ་ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མོས་མཐུན་ཡོད་མཁན་མིན་ལ། དམིགས་ཡུལ་གྱི་ཆ་ནས་བོད་རང་བཙན་ཡིན་པར་མ་ཟད་ཐབས་ལམ་ཀྱི་ཆ་ནས་ཀྱང་དྲག་པོའི་རྣམ་འགྱུར་རེ་སྟོན་དགོས་པའི་བསམ་ཚུལ་གནའ་ནས་ད་བར་ཡོད་ཡོད་པ་ཡོངས་གྲགས་རེད། རྒྱུ་མཚན་དེའི་ཕྱིར་གོ་སྐབས་འདི་འདྲའི་སྐབས་ལ་ཆེད་དུ་དྲག་པོའི་སྦྱོར་བ་རྩོམ་མཁན་ཡོང་སྲིད་པ་ཞིག་རེད་ལ། གཉིས་ནས་རྔམ་སྟོན་ཞི་རྒོལ་སྐབས་སུ་དྲག་ཆས་དམག་དཔུང་གིས་གདུག་རྩུབ་ཀྱིས་དྲག་གནོན་བྱས་པས་བཟོད་སྒོམ་མི་ཐུབ་པར་ཡ་ལན་སློག་མཁན་ཡོང་ངེས་པ་ཞིག་རེད། དེ་བས་ཐེངས་འདིའི་ཞི་རྒོལ་ཆེན་མོའི་ཁྲོད་དུ་བྱུང་བའི་དྲག་པོའི་རྣམ་པ་ཙམ་རེ་ཡོད་པའང་གཙོ་བོ་དེར་བརྟེན་ནས་བྱུང་བ་ཚང་མས་ཤེས་ཀྱིན་ཡོད་པར་མ་ཟད། དེ་ལ་ཐུགས་ཁག་མེད་པའི་བསམ་ཤེས་ཀྱང་བྱེད་ཀྱིན་ཡོད།

          རྒྱ་གཞུང་གིས་ཕྱོགས་གཅིག་ནས་བསམ་བཞིན་དུ་ད་ལྟའི་ཞི་རྒོལ་གྱི་རྣམ་པ་འདི་བདེན་རྫུན་མཉམ་བསྲེས་ཀྱིས་འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་དང༌། དེ་ཡང་གཙོ་བོ་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ཚུལ་སྒྲོ་འདོགས་ཀྱིས་རྒྱ་བོད་མི་རིགས་དབར་ལ་འགལ་ཟླ་ཆེད་བཟོས་ཀྱིས་ནུས་པའང་གང་འཚམ་ཐོན་གྱིན་པ་དང༌། གཉིས་ནས་ད་ལྟ་ཞི་རྒོལ་མཚམས་བཞག་པའི་ས་ཁུལ་མང་པོར་དྲག་ཆས་ཉེན་རྟོག་པས་མངོན་ལྐོག་ཅི་རིགས་ནས་བོད་མི་མང་པོ་འཛིན་བཟུང་དང་གཅར་རྡུང༌། བཙོན་འཇུག་བྱེད་ཀྱིན་པ་འདིས་བསམ་བཞིན་དུ་བོད་མི་ཚོའི་འཁོན་སེམས་ཆེར་སྐྱེད་ཀྱིན་ཡོད། དེ་བས་འདི་དག་གིས་རྐྱེན་བྱས། བོད་མི་ཚོ་འུ་ཐུག་ནས་དྲག་པོའི་ངོ་ལོག་ཆེན་པོ་ཡང་བྱེད་སྲིད་པ་ཞིག་རེད། བདག་གིས<རི་སྤྱང་གི་སྒོ་ཟོག>ཅེས་པའི་རྩོམ་བཞིན་པའི་སྒྲུང་རིང་ནང་སྟག་རྒོད་ཚོགས་པ་དང་རྒྱ་དམག་བར་དམག་འཐབ་བྱས་ཚུལ་སྐོར་རྟོག་བཟོ་བྱས་པའང་རྒྱུ་མཚན་འདི་འདྲས་གནས་ཚུལ་དེ་རིགས་ཡོང་སྲིད་པའི་ཚོད་དཔག་བྱས་པ་ཞིག་ཡིན། ད་ལྟ་ད་དུང་བདག་གི་ཚོད་དཔག་གི་ཚད་གཞིར་སླེབས་མེད་མོད། རྒྱ་གཞུང་གི་གདུག་རྩུབ་འདི་དག་གང་མྱུར་མཚམས་མ་བཞག་ན་བདག་གི་ཚོད་དཔག་ལས་ཀྱང་བརྒལ་བའི་ཉེན་ཁ་འབྱུང་སྲིད།

 

༤། ཞི་བ་དང་དྲག་པོའི་ངོ་རྒོལ་གྱི་དགེ་སྐྱོན།

 

          ང་ཚོར་དྲང་བདེན་གྱི་རྒྱབ་རྩ་བརྟན་པ་འདིའི་ཐོག་འཚེ་མེད་འཐབ་རྩོད་ཐབས་ལམ་བརྒྱུད་ན་ཕྱི་ནས་རྒྱལ་སྤྱིའི་དོན་དམ་གྱི་རྒྱབ་སྐྱོར་ཤུགས་ཆེར་ཡོང་ངེས་པར་མ་ཟད། ནང་ནས་རྒྱ་རིགས་མི་དམངས་ཀྱིས་ཀྱང་ང་ཚོར་བསམ་ཤེས་བྱེད་ཐུབ་པར་འགྱུར། དེ་བས་ང་ཚོར་ཕྱོགས་ཡོངས་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྱུར་ཅིང་འགལ་རྐྱེན་ཉུང་ནས་ཉུང་དུ་གྱུར་ཏེ་ཚེ་སྲོག་གི་འགྲོ་གྲོན་ཆེན་པོ་གཏོང་མི་དགོས་པའི་ཐོག་ནས་བོད་དོན་བདེན་མཐའ་ཡང་གསལ་ངེས་པ་ཞིག་རེད། བོད་འདི་ཞི་བའི་བསྟི་གནས་ཀྱི་དཔེ་མཚོན་བཟང་པོ་ཞིག་ཏུ་བསྒྱུར་ནས་ང་ཚོས་འཛམ་གླིང་ཞི་བདེར་ཡང་མཐུན་རྐྱེན་བསྒྲུབ་ཐུབ།

          གལ་ཏེ་འཚེ་བའི་ལམ་བུར་ཞུགས་ཚེ་འདིའི་ལྡོག་ཕྱོགས་སུ་འགྱུར་ངེས་ཏེ། དམག་རྒྱག་དང་འཇིགས་བསྐུལ་རིང་ལུགས་པ་ནི་དེང་སང་རྒྱལ་སྤྱིའི་ཐོག་ཏུ་ཤིན་ཏུ་ངན་པ་ཞིག་ལ་མཐོང་གིན་ཡོད་པས་ང་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་མཁན་ཉུང་ནས་ཉུང་ངུ་འགྲོ་རྒྱུ་དང༌། རྒྱ་གཞུང་གིས་དྲག་གནོན་ཚབས་ཆེན་གྱིས་བོད་མི་ཁྲི་ཕྲག་མངས་པོའི་ཚེ་སྲོག་ལེན་མི་སྲིད་པ་ཞིག་མིན་པ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དྲག་གནོན་དང་ད་ལྟའི་བོད་ཀྱི་ཞི་རྒོལ་ལ་དྲག་གནོན་ཇི་ལྟར་བྱེད་ཀྱིན་པ་འདིས་ཚོད་དཔག་ཐུབ་པ་ཞིག་རེད། དེ་ལྟར་གྱུར་ན་བོད་མི་རིགས་ཙམ་དུ་མ་ཟད་བོད་ཀྱི་བསྟན་པ་ཆབ་སྲིད་ལའང་གནོད་ཚབས་ཤིན་ཏུ་ཆེ་བས། ང་ཚོས་འཛམ་གླིང་ཞི་བདེར་མཐུན་འགྱུར་གནང་རེ་སོགས་ཀྱང་སྟོང་གཏམ་ཁོ་ནར་འགྱུརབ་བཅས་བོད་མི་སྤྱི་སྒེར་ཚང་མར་ཕྱི་མར་མ་ཟད་ཚེ་འདི་ཙམ་ལའང་སྡུག་བསྔལ་རྒྱུན་མར་འབྱུང་རྐྱེན་ཞིག་ཏུ་འགྱུར་ཉེན་ཆེ།

          ཞི་དྲག་གི་དགེ་སྐྱོན་ཆེན་པོ་འདི་རིགས་ལ་དགོངས་ནས། ྋགོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ་ང་ཚོར་འཚེ་མེད་ཞི་བའི་ལམ་སྟོན་ཁོ་ན་གནང་བཞིན་པ་མ་ཟད། ཆུ་མ་ཡོང་གོང་གི་རགས་ཀྱི་དཔེ་ལྟར། ཁོང་གི་ལམ་སྟོན་ལ་མ་ཉན་ན་བོད་ཀྱི་ཆབ་སྲིད་ཐུགས་འགན་འཁུར་རྒྱུ་མིན་ཚུལ་གྱི་བཀའ་སློབ་ནན་མོ་ཡང་སྔ་ཕྱིར་གནང་བ་ལགས་པས། ང་ཚོ་བོད་མིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་ཐབས་མཁས་ཐུགས་རྗེའི་ལམ་སྟོན་འདིར་ངེས་པར་བརྩི་སྲུང་ཡོང་བའི་རེ་སྐུལ་སྙིང་ནས་ཞུ།

 

༥། འཚེ་མེད་ཞི་རྒོལ་བྱེད་ཐབས།

 

          བདག་གིས་འདིར་འཚེ་སེམས་སྤངས་པའི་བཟོད་སྒོམ་ཆེན་པོའི་བདེན་པའི་ཨུ་ཚུགས་ལྟ་བུའི་ཆེས་ཚད་མཐོའི་འཚེ་མེད་ཞི་རྒོལ་བྱ་རྒྱུའི་དགོས་འདུན་འདོན་འདོད་མེད། དེ་ནི་ང་ཚོ་མི་དམངས་ཕལ་བ་ཚོས་ཡོང་ཐབས་མེད་པ་ཞིག་རེད། ལྷག་པར་ཤ་འཁོན་དང་ཁྲག་དྲོན་གྱི་ཁྲོད་དུ་གདུག་རྩུབ་ཆེ་བའི་རྒྱ་དམག་དང་གདོང་ཐུག་གིས་ངོ་རྒོལ་བྱེད་པའི་སྐབས་འདི་འདྲར་ང་ཚོར་ཁོང་ཁྲོ་མི་ལངས་པ་ཅི་ལ་སྲིད། འོན་ཀྱང་ཁོག་ལ་མེ་འབར་ཡང་སྣ་ནས་དུ་བ་མི་ཐོན་པ་ཞེས་པའི་དཔེ་ལྟར། ང་ཚོས་མི་གསོད་མེ་རྒྱག་དང་གཏོར་བཅོམ་གྱི་ལས་གཞི་གང་ཡང་མི་རྩོམ་པར། ལག་པ་སྟོང་པའི་ཁུ་ཚུར་ཁོ་ན་གནམ་ལ་བསྒྲེངས་ཏེ་བདེན་པའི་ངར་སྐད་སྒྲོག་པའི་རྔམ་སྟོན་ཁྲོམ་སྐོར་དང༌། “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་གཞི། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།ཅེས་པའི་ྋགོང་ས་མཆོག་གིས་མཛད་པའི་ཐུགས་སྨོན་ཀུན་འདུས་ཀྱི་སྨོན་ཚིག་འདི་ཉིད་དབྱངས་སུ་གྱེར་ཅིང་ཡིད་ལ་སྒོམ་བཞིན་མར་མེ་ཁྲོམ་སྐོར་བྱེད་པ། ལས་མཚམས་འཇོག་པ། ཟས་བཅད་ངོ་རྒོལ། སྦྱར་ཡིག་དང་ཡིག་ཆ་དཔར་འགྲེམས། གཞུང་ཁྲལ་མི་འཇལ་བ། གཞན་ཡང་འདི་ཕྱོགས་ནས་ལམ་སྟོན་གནང་བའི་ཆོས་ཀྱི་རིམ་གྲོ་ཁག་དང༌། ཆོལ་གསུམ་མི་ཚོགས་འདུས་པའི་འཛམ་གླིང་སྤྱི་བསང་ཆེན་པོ་གཏོང་བ། ས་ཆ་སོ་སོའི་ལབ་རྩེ་སྟོད་པ་སོགས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་ངོ་རྒོལ་གྱི་རྣམ་འགྱུར་སྣ་ཚོགས་པ་དག་མི་གཅིག་རེ་ནས། འགའ་རེའམ། ཡང་ན་བརྒྱ་སྟོང་དང་ཁྲི་འབུམ་གྱི་འདུ་འཛོམས་བར་མང་ཉུང་ལ་མ་ལྟོས་པར་སྤེལ་འོས།

       གཞན་ཡང་སྐབས་འདིར་རྒྱ་ནང་གི་མཁས་པ་ཝང་ལི་ཞུང་སོགས་མི་སུམ་ཅུས་ཀྲུང་དབྱང་ལ་ཕུལ་བའི་སྙན་ཞུ་ལ་སོགས་པར་རྒྱབ་སྐྱོར་གྱི་མིང་རྟགས་ཁྲི་འབུམ་བསྡུས་ནས་ཀྲུང་དབྱང་ལ་འབུལ་དགོས་པར་མ་ཟད་ཀྲུང་ཧྭ་མི་རིགས་ཚང་མས་ཧ་གོ་བ་བཟོ་དགོས། ཀྲུང་གོའི་རྩ་ཁྲིམས་དང་མ་འགལ་བའི་ཐོག་ནས་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་དང་འདོད་འདུན་གླེང་བ། དཔྱད་བརྗོད་སྤེལ་བ། དེ་ཡང་རྒྱ་ཡིག་ཐོག་ནས་རྩོམ་འབྲི་དང་ཡིག་སྒྱུར་གྱིསརྒྱ་ཁྱབ་ཏུ་སྤེལ་བ་སོགས་མདོར་ན་ངོ་རྒོལ་གྱི་རྣམ་པ་ཡོད་ཚད་རྒྱ་གཞུང་ཁོ་ན་ལས་རྒྱ་མི་རིགས་ལ་མིན་ཚུལ་གྱི་བདེན་དཔང་མངོན་མཚོན་ཐུབ་དགོས། དེ་ལྟར་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་གཉིས་སྨན་ནམ་ཀྲུང་ཧྭ་མི་རིགས་ཧྲིལ་པོར་ཕན་པའི་ལས་གཞི་རིགས་མངོན་སུམ་དུ་གནང་རྒྱུར་རང་ཉིད་ལའང་ཡིད་ཆེས་དང་གདེང་སྤོབས་རྙེད་པའི་བསམ་བློ་ཞིག་ངེས་པར་ཡོད་དགོས་སོ།།

 

།བོད་ཀྱི་དགྲ་བོ་རྒྱ་རིགས་སྤུན་ཟླ་མིན།

།ཞི་བའི་རྔམ་སྟོན་འཇིགས་བསྐུལ་རིང་ལུགས་མིན།

།བོད་རྒྱ་ཞི་མོལ་མི་རིགས་ཁ་བྲལ་མིན།

 

།མིན་པ་ཡིན་པར་སྒྲོག་མཁན་རྒྱ་གཞུང་ཉིད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php