དམངས་གཙོའི་ཀ་ཆེན་གསུམ་པོས། 

སྤྱི་དོན་གུར་ཁང་འདེགས་དགོས།

 

སུ་དག་རྒྱལ་དབང་བཀའ་བཞིན་སྒྲུབ་ནུས་པ། །དེ་དག་བཀའ་སྤྱིའི་གོ་སར་འོས་པ་ཉིད།

གང་དག་དམངས་གཙོའི་ཁྲིམས་སྲོལ་མི་བརྩི་བ། །དེ་དག་དམངས་ཀྱི་འགོ་བར་ག་ལ་འོས།

 

འོས་འདེམས་ནི་དམངས་གཙོའི་ཁྱད་ཆོས་གལ་ཆེ་ཤོས་དེ་ཡིན། འོས་འཕེན་དེ་མི་དམངས་ཀྱི་ཆེད་དུ་ཡིན། མི་དམངས་ལ་གང་མཁོ་བ་དེ་མི་དམངས་ཀྱིས་འདེམས་ངེས་ཡིན། ཚང་མ་མི་དམངས་ལ་རག་ལས་ཡོད། དེ་བས་མི་དམངས་ནི་གལ་ཆེ་ཤོས་ཡིན། འདིའི་ནང་ན་ཕོ་མོ་དང་རྒན་གཞོན། སྐྱ་སེར་སོགས་ཀྱི་ཁྱད་པར་ཅི་ཡང་མེད་པར་ཚང་མ་གལ་ཆེན་ཡིན།

 

མི་དམངས་ལ་དགོས་ངེས་ཀྱི་ཆ་རྐྱེན་གཅིག་རང་ཡོད་པ་ནི་སྤྱི་སེམས་ཡིན། དམངས་ལ་སྤྱི་སེམས་ཡོད་ན་སྤྱི་མི་ངོ་མ་ཞིག་རག་ངེས་ཡིན། དེ་བས་འདི་ནི་དམངས་གཙོའི་གོ་རྟོགས་ཀྱི་སྙིང་བོ་ཡང་ཡིན་པར་འདོད། གང་ལྟར་དམངས་གཙོའི་སྤྱི་ཚོགས་སུ་མི་དམངས་ཀྱི་དབུ་ཁྲིད་ཅིག་མི་རྙེད་པའི་སེམས་ཁྲལ་ཅི་ལ་བྱ། བཀའ་ཁྲི་དང་སྤྱི་འཐུས་བྱེ་བྲག་པ་ཞིག་ལས་གང་ཞིག་གལ་ཆེ་མིན་སུས་ཀྱང་ཤེས། འོན་ཀྱང་བཀའ་ཁྲི་མི་གཅིག་དང་གྲོས་ཚོགས་ཀྱི་འཐུས་མི་བཞི་བཅུ་ལྷག་གདམ་རྒྱུ་གཉིས་ལས་གང་གལ་ཆེ་མིན་རྩོད་ན་དགོད་བྲོ་བོ་ཞིག་རེད། འཐུས་མི་དེ་མི་དམངས་ཀྱི་སྐུ་ཚབ་དངོས་ཡིན་ལ། གཞུང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དོན་ཆེན་ཐག་གཅོད་ཀྱི་དབང་ཚད་ཆེས་མཐོ་བའི་གྲོས་ཚོགས་ཡིན། "ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་ཁ་ལེགས་པ"ནི་གཏན་ཚིགས་ཤིག་ཡིན། དེ་བས་འཐུས་མིའི་སྤུས་ཚད་འདི་ཉིད་ཤིན་ཏུ་གལ་ཆེ། དེ་ཡང་རེ་གཉིས་ཙམ་མིན་པར་ཅུང་མང་ཙམ་དགོས་པས་རྙེད་སླ་བ་ཞིག་ཀྱང་མིན་པ་ད་བར་གྱི་སྤྱི་འཐུས་རིམ་པར་གཟིགས་ན་རྟོགས་ཐུབ།

བཀའ་ཁྲི་ཡང་གལ་ཆེ་མོད། ད་བར་བཀའ་ཁྲི་མ་རག་པའི་དཀའ་ངལ་བྱུང་མྱོང་མེད། འོན་ཀྱང་བཀའ་ཁྲི་ལས་ཀྱང་བཀའ་ཤག་གལ་ཆེ། ད་བར་གྱི་བཀའ་ཤག་རིམ་པའི་ནང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་འདི་ལས་ལྷག་པའི་མཐུན་ལམ་དང་ལས་དོན་ཚགས་ཚུད་གནང་ཐུབ་མཁན་བྱུང་མེད་སྙམ། གཞུང་གི་འཛིན་སྐྱོང་འདི་བཀའ་བློན་རྣམ་པའི་ནུས་པ་མཉམ་རུབ་ཀྱི་འབྲས་བུ་ཞིག་ཡིན། ཁོང་ཚོའི་ཕྱག་འོག་ན་དྲུང་ཆེ་རྣམ་པས་གཙོས་གཞུང་ཞབས་སྲི་ཞུ་བ་མང་པོ་ཡོད། བཀའ་ཤག་གི་ནུས་པ་གཅིག་ཏུ་སྒྲིལ་ཐུབ་ན་སྲི་ཞུ་བའི་ནུས་པའང་ཕྱོགས་གཅིག་སྒྲིལ་ཐུབ།

ད་དུང་གལ་ཆེ་བ་གཞན་ཞིག་ཡོད་པ་ནི་ཁྲིམས་ཞིབ་ཁང་ཡིན། ཁྲིམས་ཞིབ་ཁང་ལ་ཁྲིམས་དཔོན་ཚད་ལྡན་ཞིག་ད་དུང་རག་མེད། གྲོས་ཚོགས་མེད་ན་ཁྲིམས་བཟོ་བ་མེད། ཁྲིམས་ཞིབ་ཁང་མེད་ན་ཁྲིམས་འགལ་ཡིན་མིན་གྱི་རྩོད་ཉོག་སེལ་ཐབས་མེད། བཀའ་ཤག་མེད་ན་ཁྲིམས་ལུགས་ལྟར་གྱི་གཞུང་གི་འཛིན་སྐྱོང་མེད། དེ་བས་འདི་གསུམ་པོ་ནི་གཅིག་ཀྱང་མེད་དུ་མི་རུང་བའི་དམངས་གཙོའི་ཀ་ཆེན་གསུམ་པོ་ཡིན། དེ་ལ་གལ་ཆེ་ཆུང་གི་དབྱེ་བ་འབྱེད་རྒྱུ་མེད།

འོན་ཀྱང་ད་ལྟའི་ང་ཚོའི་གནས་བབ་ལ་མཚོན་ན་ཆེས་གལ་ཆེ་ཤོས་དེ་སྤྱི་འཐུས་ཀྱི་འོས་འདེམས་རེད་སྙམ། ཁྲིམས་ཞིབ་པ་དང་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཆོས་དེ་བཅའ་ཁྲིམས་ནང་གཏན་ལ་ཕབ་ཡོད། དེ་དག་གི་རྒྱབ་རྟེན་དུ་བསོད་ནམས་དང་དབང་ཐང་ཟེར་བ་ཞིག་ཀྱང་མེད་ན་དཀའ། ཚང་མར་མཁྱེན་ཡོན་དང་སྙིང་སྟོབས། འཇོན་ཐང་། དྲང་ཚུགས་བཅས་ལྡན་དགོས་པ་ནི་གལ་ཆེ་བ་བཤད་ཅི་ལ་དགོས། དེ་དག་ལས་ཀྱང་གལ་ཆེ་ཤོས་ཤིག་ནི་༸གོང་ས་མཆོག་གི་བཀའ་དགོངས་དང་གྲོས་ཚོགས་ཀྱི་ལམ་སྟོན་ཇི་བཞིན་ལག་ལེན་ཐུབ་མཁན་ཞིག་ཅིས་ཀྱང་གལ་ཆེ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནི་འོས་འདེམས་ཀྱི་བརྒྱ་ཆ་ཆེས་མཐོ་ཤོས་ཤིག་ཆགས་ཡོད་མོད། ཁོང་ལའང་མ་དགའ་ཕྱོགས་ལྷུང་གིས་ཁ་གཏད་གཅོག་མཁན་མི་ཉུང་བ་བྱུང་ཡོད། རང་གི་ཆོལ་ཁོངས་ནས་བྱུང་ཡོད་ལ། མཐོ་རིམ་མི་སྣའི་ནང་དུའང་བྱུང་ཡོད། འོན་ཀྱང་ཁོང་གི་དབུ་ན་༸གོང་ས་མཆོག་གི་ཕྱག་དབང་དང་ཞབས་ན་རྒྱ་ཆེའི་མི་དམངས་ཀྱི་བཀུར་བཟོ་ཡོད་ཐོག རང་ཉིད་ཀྱི་མཁྱེན་ཡོན་དང་བློ་སྤོབས། འཇོན་ཐང་མངོན་སྟངས་ཁྱད་པར་བ་ཡོད། ད་དུང་སྐུ་བསོད་དང་དབང་ཐང་ཡང་ཆེ་བར་མངོན། དེ་བས་འདི་ལྟར་གཞན་ལས་ཁྱད་པར་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་རེད།

ཁོང་གི་ཞབས་གྲས་སུ་སྙན་གྲགས་ཆེ་ཤོས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་བཅས་ལ་བཀའ་ཁྲིའི་འོས་བབ་ཡོད་ལ་ཐོབ་པའི་རེ་བ་ཡང་ཆེ། 

སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་ཆེད་སྦྱང་ཤེས་ཡོན་དང་སྤྱི་བའི་འགན་དབང་ཁུར་ལེན་གྱི་སྙིང་སྟོབས་ལྡན་པ་ནི་ཆ་རྐྱེན་གཙོ་བོ་ཞིག་རེད། ཁོང་གི་ཞབས་སྟེགས་ངོ་མ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ན་ཡོད་པར་འདོད། འོན་ཀྱང་བཙན་བྱོལ་བོད་གཞུང་ལ་ཁྲིམས་དོན་ལས་ཀ་ཉུང་བས་དེར་འཇོན་ཐང་ངོམ་དཀའ་ན་ཐང། དེ་བས་བཀའ་བློན་དང་སྤྱི་འཐུས་གཉིས་སུ་ནུས་པ་འདོན་ཐུབ། འོན་ཀྱང་བཀའ་ཁྲིས་གཞུང་གི་འཛིན་སྐྱོང་སྤྱི་ལ་བཀོད་འདོམས་དང་གྲོས་ཚོགས་ར་བའི་ནང་དུ་ལན་འདེབས་གནང་དགོས་པ་སོགས་ནི་ལས་སླ་བོ་ཞིག་མིན་པས། ཐོག་མར་སྤྱི་འཐུས་ནང་ལ་སྦྱོང་བརྡར་ཅིག་གནང་ནས་བཀའ་བློན་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང།

"གསེར་ས་འོག་ན་ཡོད་ན་འོད་ནམ་མཁའ་ལ་འཕྲོ"ངེས་པར་སུས་ཀྱང་སེམས་ཁྲལ་བྱ་དགོས་མེད། བོད་ནང་ལ་རིག་གནས་སྙིང་སྟོབས་ཀྱི་མི་རབས་གསར་བ་རབས་དང་རིམ་པ་ཞིག་འབྱུང་གིན་ཡོད།

ད་ལྟ་བཙན་བྱོལ་ནང་ལ་སྲིད་དོན་གྱི་མི་རབས་གསར་བ་ཞིག་གླེང་སློང་ཡོང་གིན་འདུག མི་རབས་རྙིང་པ་རིམ་བཞིན་ཚར་འགྲོ་བས་མི་རབས་གསར་བས་མཇུག་སྐྱོང་དགོས་པ་ཆོས་ཉིད་རེད། (སྤྱིར་ན་མི་རབས་གསར་བ་དང་གཞོན་སྐྱེས་གཉིས་ལ་ཁྱད་པར་ཡོད། ད་ལྟ་ཁོ་ཚོས་གླེང་བཞིན་པ་འདི་ད་ལྟའི་གཞོན་སྐྱེས་ཚོར་ཟེར་གྱིན་པ་འདྲ།) གཞོན་སྐྱེས་ཕོ་མོ་དག་གིས་གཞུང་འཛིན་སྐྱོང་བྱ་འདུན་གྱི་བསམ་བློ་དང་སྤོབས་པར་རྗེས་སུ་ཡི་རངས་ལོས་ཞུ། ཡིན་ཡང་མི་རབས་གསར་བར་གོ་སྐབས་སྤྲད་མེད་པའམ་མི་རབས་གསར་བ་ཡར་ལངས་ནས་གོ་གནས་འཕྲོག་དགོས་པ་འདྲ་བོའི་གནས་སྟངས་ཤིག་མེད། རྒྱ་ནག་གཞུང་ལ་མཚོན་ན་རྒས་འཁོགས་མང་པོས་དབང་ཆ་གཡོ་འཛིན་བྱས་པའི་དུས་ཡུན་རིང་ཙམ་བྱུང་མོད། བཙན་བྱོལ་བོད་གཞུང་ནང་ལ་ལམ་ལུགས་འདི་སྔ་ས་ནས་བསྒྱུར་ཚར་ཡོད། དེ་ཡང་དུས་ཀྱི་འགྱུར་རིམ་བཞིན་དུ་གཞུང་ཞབས་དང་སྤྱི་འཐུས། བཀའ་བློན་བཅས་པའི་ནང་དུ་གཞོན་སྐྱེས་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། མི་རབས་གསར་བ་གཞི་ནས་ཡར་ལངས་དགོས་པ་འདྲ་བོ་ཞིག་ངས་མཐོང་གི་མི་འདུག

གཉིས་ནས་ལོ་གཞོན་པ་དང་ལོ་རྒན་པ་གཉིས་ལ་བཟང་ངན་གྱི་ཁྱད་པར་འབྱེད་དཀའ། བོད་ཀྱི་གཞོན་ནུ་ཚོགས་པའི་ནང་དུ་ལོ་ན་བདུན་ཅུ་བརྒྱད་ཅུ་ཅན་ཡང་ཡོད་པ་མིན་ནམ། ཁོང་ཚོ་གཞོན་སེམས་ཡོད་པས་གཞོན་ལུས་ཅན་དག་དང་དཔུང་བ་སྡེབ་ཐུབ་ཀྱིན་ཡོད་ན། བཀའ་བློན་རྣམ་པའི་སེམས་ཀྱིས་མ་ལྕོགས་པ་ཅི་ཞིག་ཡོད་དམ། དེ་སྔོན་བཀའ་ཁྲི་མཆོག་གིས་ཀྱང་གྲོས་ཚོགས་ར་བའི་ནང་དུ། ལུས་ཀྱིས་འཁུར་དགོས་པ་ཅང་མེད་པས་སེམས་ཀྱིས་མི་ཐེག་པ་ཅང་མེད་ཚུལ་གསལ་བོར་གསུངས་མྱོངས། "གཞོན་པའི་ཤེད་ལས་རྒན་པའི་ཇུས་བཟང་བ"ཡང་ཆོས་ཉིད་ཅིག་ཅི་ལ་མིན།

དེ་སྔོན་ཕྱི་གླིང་བའི་ནང་དུ"མི་རབས་གསར་བ"ཟེར་བའི་ལས་འགུལ་རིགས་བྱུང་བ་དེ་དག་ནི་བསམ་བློ་གསར་རྙིང་དབར་གྱི་འཐབ་རྩོད་ཅིག་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་དུ་དེ་འདྲའི་གནད་དོན་ཅི་ཞིག་ཡོད་དམ། ཡོད་ན་རེ་རེ་བཞིན་བགྲང་ནས་དགག་རྒྱག་དང་ལྷན་དུ་བསམ་བློ་གསར་བརྗེའི་ལས་འགུལ་སྤེལ་དགོས་པ་ལས། ལ་རྒས་ཀྱི་ཉི་མ་ཡིན་པ་ཙམ་ནི་གནས་ལུགས་མི་བཙན་ནོ།

༸གོང་ས་མཆོག་གི་ཕྱག་རོགས་སུ་བཀའ་ཁྲི་གོ་ཆོད་ཅིག་བྱུང་ན་ལོས་བཟང་མོད། གལ་ཏེ་དེ་འདྲ་ཞིག་མ་རག་ཀྱང་ད་ལྟའི་ཆར་དེ་ཙམ་སྐྱོན་མི་ཆེ་སྟེ། ང་ཚོའི་བཀའ་ཁྲི་འདི་རྒྱལ་ཁབ་ཅིག་གི་སྲིད་བློན་ཇི་བཞིན་མིན་པས་སོ། ནམ་ཞིག་༸གོང་ས་མཆོག་མ་བཞུགས་པའི་ཚེ་ན་ད་གཟོད་ཁོང་གི་རྒྱལ་ཚབ་ཀྱི་ཁུར་ཐེག་པའི་བཀའ་ཁྲི་ཞིག་ངེས་པར་མཁོ། དེ་དུས་ཀྱི་བཀའ་ཁྲི་ནི་མི་རབས་རྗེས་མ་གཞན་ཞིག་ཡིན་ངེས་ལ། སྐབས་དེར་ང་ཚོར་ད་ལྟ་ལས་ལྷག་པའི་བཀའ་ཁྲིའི་འོས་བབ་ཅན་ཡོད་པའི་རེ་བ་ཡང་བྱེད་ཆོག

མདོར་ན། ངས་ནི་གཞུང་དམངས་གཉི་གའི་མཉམ་རུབ་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུ་ཅི་བས་ཀྱང་གལ་ཆེ་བར་མཐོང། དེ་བས་བསམ་བློ་དང་ནུས་པ་ཕྱོགས་གཅིག་ལ་སྒྲིལ་རྒྱུར་མི་རེ་རེ་ནས་རང་ཉིད་ལ་ཞུ་དག་ལེགས་པར་བགྱིད་འཚལ་ལོ།།

 

རྒྱལ་བ་བཞུགས་དུས་བཀའ་ཁྲི་མི་གཙོ་སྟེ། །རྒྱལ་བའི་བཀའ་དགོངས་སྒྲུབ་རྒྱུ་གལ་ཆེན་ཡིན།

དམངས་ལ་སྤྱི་སེམས་ལྡན་ན་སྤྱི་མི་རྙེད། །རང་སེམས་ཞུ་དག་གྱིས་དང་སྤུན་ཟླ་ཚོ།

 

༢༠༡༠།༦།༢༤།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php