༄༅། །སྦྱོང་བརྡར་མཐའ་འཁྱོངས་བྱས་ན་

འབྲས་བུ་སྨིན།

 

          བཀའ་ཤག་གསར་བས་འཛིན་སྐྱོང་སྔ་མ་དག་གི་མཛད་ཕྱོགས་འགའ་རེ་ནོར་བའམ་འགའ་རེ་ཚད་ལྡན་མིན་པ། འགའ་རེ་ཆ་ཚང་མིན་པ་སོགས་ཀྱི་དགོངས་ཚུལ་ཐོག་ནས་དཔལ་འབྱོར་ལམ་ལུགས་དང་ཤེས་ཡོན་སྲིད་བྱུས་གཉིས་ལ་འཕོ་འགྱུར་ཆེན་པོ་ཞིག་གི་སྦྱོང་བརྡར་གསར་བ་ཞིག་སྤྲོད་ཀྱིན་ཡོད། དེ་བས་བཀའ་བློན་ཟུར་བ་རྣམ་པའི་ཐུགས་ལ་ཅུང་མ་བབ་པ་ཞིག་ཀྱང་བྱུང་ཡོད་ཚོད། གང་ལྟར་མང་པོ་ཞིག་གིས་བཀའ་ཤག་གསར་བའི་སྲིད་ཇུས་འདི་ལུགས་སྲོལ་གསར་རྙིང་གང་ཞིག་དང་མཐུན་མིན་གྱི་ལྟ་ཚུལ་ཐོག་ནས་རྩོད་པ་རྒྱག་པ་ལས་ཕྱག་ལས་གནང་སྟངས་དེས་དོན་དངོས་ཀྱི་འགྱུར་བ་གང་ཞིག་དང་ཕན་གནོད་གང་དག་འབྱུང་གིན་ཡོད་ཚུལ་གླེང་མཁན་ཉུང༌། དེ་ནི་ད་དུང་དུས་ཀྱིས་མ་སྨིན་པས་ཀྱང་ཡིན་ངེས། ང་ཚོས་རང་གི་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ནུས་པ་མེད་པས། ལྐོག་ཟ་རུལ་སུངས་ཁ་ཤས་རེ་བྱུང་དང་འབྱུང་བཞིན་པ་དེ་དག་གི་གསང་ལམ་འགོག་ཐུབ་པ་ཙམ་ཡང་བྱས་རྗེས་ཤིག་ཡིན། དེས་དཔལ་འབྱོར་ཡར་རྒྱས་ལ་ཐད་ཀར་ཕན་པ་ཞིག་མིན་ན་ཡང་མི་མངོན་པའི་བཤུ་གཞོག་ལམ་ལུགས་དེ་གཞི་རྐང་ཚུགས་མི་འཇུག་པའི་སྔོན་འགོག་གི་ཕན་ནུས་དེ་ཙམ་ཡང་སྤྱི་ཚོགས་ཤིག་ལ་མཚོན་ན་དགེ་མཚན་ཆེ་བར་མཐོང༌།

          ཤེས་ཡོན་ཕྱོགས་ནས་ཀྱང་གཏན་འབེབས་ཆ་ཚང་གི་ལམ་ལུགས་ཁ་ཕྱོགས་ཤིག་མེད་པར་འགྲོ་བ་ལས་ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་ཉིད་ལེགས་པར་འདོད། ང་ཚོས་མི་རིགས་ཤིག་གི་ངོ་བོ་སྲུང་སྐྱོབ་བྱེད་མི་དགོས་པ་དང་མི་བཟང་པོ་ཞིག་གི་ཁོར་ཡུག་སྐྲུན་རྒྱུ་གལ་མི་ཆེ་ན། ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་ལམ་ལོག་ཅིག་ཡིན་ངེས། གལ་ཏེ་དགོས་ན་རང་གི་རིག་གཞུང་གཙོ་བོར་བྱེད་པ་འདི་ཤིན་ཏུ་གལ་ཆེ། གཅིག་བྱས་ན་འདི་ཉིད་ང་ཚོའི་འབྱུང་འགྱུར་གྱི་སྲིད་བྱུས་ཤིག་ཀྱང་ཆགས་སྲིད་པ་རེད། འདི་ཡང་སྦྱོང་བརྡར་ཅིག་རེད། བདག་གི་བསམ་ཚུལ་ལ་སྤྱི་ཚོགས་ཀྱི་ལམ་ལུགས་དང་བྱ་བ་ཚང་མ་སྦྱོང་བརྡར་མི་འདྲ་བ་ཙམ་ལས་ཁ་ཕྱོགས་རྦད་དེ་མི་འདྲ་བ་ཞིག་མེད་སྙམ། འཚོ་བ་ཡར་རྒྱས་སམ་དགའ་སྐྱིད་ཞི་བདེའི་སྤྱི་ཚོགས་ཤིག་ལ་སུས་ཀྱང་སྨོན། སྨོན་པ་དེ་སྦྱོང་བརྡར་སྣ་ཚོགས་ཀྱིས་འཚོལ་སྙེག་བྱེད་དགོས། སྦྱོང་བརྡར་བྱེད་སྟངས་མི་འདྲ་བའི་དབང་གིས་དེ་ལ་བསམ་ཚུལ་ཡང་མི་མཐུན་པ་ཡོང་ཆོག འོན་ཀྱང་གྲུབ་འབྲས་དངོས་དང་ཕན་གནོད་དངོས་ལ་བལྟ་བ་ལས་ལུགས་སྲོལ་དང་མཐུན་མིན། ཡང་ན་དེང་རབས་དང་མཐུན་མིན་ཙམ་གྱིས་ངོ་རྒོལ་བྱེད་པར་སྙིང་བོ་ཅི། གལ་ཏེ་ཕན་འབྲས་ཤིག་སྟོན་དུ་མེད་ན་ལུགས་སྲོལ་གསར་རྙིང་གང་ཞིག་ཡིན་ཡང་མ་འགྲིགས་པ་དང༌། ཕན་འབྲས་ངེས་ཅན་ཞིག་བྱུང་ན་གསར་རྙིང་གི་ལུགས་གང་ཞིག་དང་མི་མཐུན་ནའང་འགྲིགས། ང་ཚོས་སོ་སོའི་ལྟ་ཚུལ་ལམ་རིགས་པའི་གཞུང་ལུགས་གང་ཞིག་ལ་བརྟེན་ནས་ཚོད་དཔག་ཅིག་ཐུབ་པའམ་བྱེད་ཆོག་ཙམ་ལས་ཐག་གཅོད་ཐུབ་པ་གང་ཡང་མེད། མཐའ་མའི་སྡོམ་ཚིག་ནི་ལག་ལེན་དངོས་ཀྱིས་འགོད་རྒྱུ་ཞིག་རེད།

          ང་ཚོའི་འོས་འགན་གཙོ་བོ་དེ་ཆབ་སྲིད་ཀྱི་ཐོབ་ཐང་གང་ཞིག་རྩོད་ལེན་བྱེད་པ་ཡིན་ན། གཞི་རྩའི་ཕན་གནོད་ཀྱང་གཙོ་བོ་འདིའི་ཐོག་ནས་གླེང་དགོས། ད་ལྟའི་བཀའ་ཁྲི་མཆོག་གིས་རྩ་དོན་འདིའི་ཐད་ལའང་ནུས་པ་ཆེན་པོ་འདོན་གྱིན་པ་དང་འབྲས་བུའང་གང་འཚམ་ཐོན་བཞིན་པས་མ་འོས་པ་ཅི་ཡང་མ་མཐོང༌། ད་ལྟའི་ཆར་འོས་གཞི་གཞན་ཞིག་ངེས་པར་དགོས་ཚེ་རྒྱ་རུ་བློ་གྲོས་རྒྱལ་མཚན་མཆོག་ལས་ཨེ་ཡོད་སྙམ།

          གཞན་ཡང་བླ་མས་སྲིད་སྐྱོང་འོས་མིན་ཐད་ལའང་སྔ་མོ་ནས་རྩོད་གཞི་ཞིག་ཡོད། འོས་མི་འོས་གཉི་གའི་དཔེ་མཚོན་དུའང་འདས་པའི་ལོ་རྒྱུས་ཀྱི་དབང་འཛིན་པ་གང་དག་འདྲེན་གྱིན་ཡོད། འདས་པའི་ཉམས་མྱོང་ལེན་པ་བཟང་མོད། དུས་རབས་མི་འདྲ་བའི་དབང་གིས་མཐའ་གཅིག་ཏུ་ཡུལ་དུས་མི་འདྲ་བའི་ཉམས་མྱོང་ཚང་མ་ཚད་མར་ཡང་བྱེད་ག་ལ་རུང། འཛམ་གླིང་གི་འབྱུང་འགྱུར་ཁ་ཕྱོགས་ཡིན་ན་ཡང་འདྲ། ལྷག་པར་ང་ཚོའི་རིག་གནས་དང་བསམ་པའི་དཔལ་ཡོན། འབྱུང་འགྱུར་རེ་སྨོན་གང་གི་ཆ་ནས་བལྟས་ནའང་འཚེ་མེད་ཞི་བའི་ལམ་དུ་ཕྱོགས་རྒྱུ་ལ་འགྱུར་བ་མེད་ན་སྐྱ་བོ་ལས་ཀྱང་སེར་མོ་བའི་དབང་འཛིན་པ་ལྷག་པར་འཚམས། བླ་མས་བསྟན་པ་ཁོ་ན་སྐྱོང་བ་ལས་བསྟན་སྲིད་གཉི་ག་སྐྱོང་ཐུབ་ན་རླབས་ཆེན་ཡིན། བསྟན་པ་སྐྱོང་བ་ཟེར་བ་དེ་ཡང་དོན་ལ་སྐྱེ་བོ་ཚང་མ་འཕྲལ་ཕུགས་ཀྱི་བདེ་བར་འཁོད་པ་དེ་ལས་ཅི། ད་ལྟའི་བཀའ་བློན་རྣམ་པ་སེར་མོའི་ཁོངས་སུ་གཏོགས། བདག་གིས་སྐྱ་སེར་ཟེར་བའི་གོ་དོན་དེ་ན་བཟའ་ཙམ་ལ་ངོས་འཛིན་གྱིན་མེད། དེ་ལ་ཕལ་ཆེར་དཀར་ཕྱོགས་དང་ནག་ཕྱོགས་པ་ཟེར་བའི་དོན་སྙིང་ལྡན་དགོས། གལ་ཏེ་དེ་ལྟའི་ཁྱད་པར་ཡོད་མི་དགོས་ན་སྐྱ་སེར་གཉིས་སུ་ཕྱེ་བར་ཡང་དོན་སྙིང་ཅི། དེ་བས་མཐའ་གཅིག་ཏུ་སེར་མོ་བ་ཁོ་ན་དང༌། ཡང་ན་སྐྱ་བོ་ཁོ་ནས་དབང་འཛིན་དགོས་པའི་བླང་བྱ་བཏོན་ན་མི་འོས་ཏེ། བོད་མི་རིགས་ཀྱིས་ཆེས་ཆེར་དགའ་བསུ་འཐོབ་པའི་གང་ཟག་སུ་ཞིག་ཡིན་ཡང་ཁྱད་པར་མེད་དེ་རྒྱལ་ཁབ་བམ་མི་རིགས་སྐྱོང་ཐུབ་པ་ཞིག་དགོས། ཞི་མི་དཀར་ནག་གང་ཡིན་ཡང་ཙི་ཙི་གསོད་ཐུབ་ན་འགྲིགས་པའི་དཔེ་དེ་འདིར་ཡང་སྦྱར་ན་ཤིན་ཏུ་འཚམས།

          བདག་གིས་ལོ་ལྔའི་སྔོན་གྱི་བཀའ་ཁྲི་གསར་འདེམས་སྐབས་ཀྱང་གནད་དོན་གཙོ་བོ་ཆབ་སྲིད་ཀྱི་ཐོག་ནས་རྒྱལ་ལོ་དོན་གྲུབ་མཆོག་ལེགས་པའི་བསམ་ཚུལ་བཏོན་ནའང་འགའ་རེས་ཕྱོགས་ཞེན་ཞིག་ཏུ་བསམས་འདུག རྒྱལ་ཁབ་ཅིག་གི་ཛ་དྲག་གལ་ཆེའི་གནད་དོན་སྐབས་སུ་ད་དུང་ཡང་ཕྱོགས་རེས་ཀྱི་ཁུག་མའི་ནང་དུ་འཛུལ་མཁན་ཞིག་ཡོད་ན་མི་དེ་ཁྱི་ཞིག་ལས་མ་འདས། གལ་ཏེ་ང་ཚོའི་དམངས་གཙོ་འདི་ཕྱོགས་ཞེན་ལ་རྒྱའི་དབང་གིས་མང་ཉུང་འཆོར་བའི་ཕྱོགས་རིས་རིང་ལུགས་པ་ཞིག་ཆགས་ན་དེ་ལས་འཇིགས་ཉེན་ཆེ་བ་ཅི་ཞིག་ཡོད། ཆུང་ས་ནས་རང་ཕྱོགས་ཀྱི་ལྟ་བ་འདོར་མ་ཐུབ་ཀྱང་ཆེ་ས་བཀའ་ཁྲི་དང་སྤྱི་འཐུས་འདེམས་སྐབས་སུ་ངེས་པར་ཕྱོགས་རིས་ཀྱི་མིག་ལོང་བ་དེར་སྨན་བཅོས་བྱེད་དགོས།

          ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་པའི་ཐོག་ཉམས་མྱོང་ལྡན་པ། བྱ་བ་ཐག་གཅོད་ཀྱི་སྤོབས་པ་ལྡན་པ། བྱ་བ་སྒྲུབ་སྟངས་ཀྱི་ཐབས་ཚུལ་ལ་མཁས་པ། དངོས་ཐོག་བདེན་འཚོལ་གྱི་བརྟག་དཔྱད་གཏོང་མཁས། མདོར་ན་དཔའ་མཛངས་གཉིས་ལྡན་གྱི་བཀའ་ཁྲི་འདི་ཉིད་ཕྱག་སྟོང་སྤྱན་སྟོང་གི་ཕྱག་གཅིག་དང་སྤྱན་གཅིག་ལྟ་བུར་མཐོང་བས། མ་མཐར་ཡང་ད་དུང་ལོ་ལྔའི་བཀའ་ཁྲིར་བཞུགས་དགོས། དཔལ་འབྱོར་དང་ལྷག་པར་ཤེས་ཡོན་ལམ་ལུགས་གསར་བའི་ཕན་གནོད་དེ་ནི་ལོ་བཅུ་གྲངས་ཤིག་གི་ནང་ནས་མཐོང་ཐུབ་པ་ཞིག་ཀྱང་མིན་པས། འཛིན་སྐྱོང་བཀའ་ཤག་རིམ་པས་ཀྱང་སྦྱོང་བརྡར་འདི་ཉིད་རྒྱུན་འཁྱོངས་ཀྱིས་ལག་ལེན་དངོས་ཀྱིས་མཐའ་འབྲས་གསལ་བར་བྱེད་དགོས། གལ་ཏེ་འཛིན་སྐྱོང་སྐབས་རེ་རེས་སྦྱོང་བརྡར་གསར་བ་རེ་རེ་བྱས་ན་གནོད་པ་ལས་ཕན་འབྲས་ཐོན་མི་སྲིད།།

 

༢༠༠༥།༧།༢༥།

<<བོད་ཀྱི་དུས་བབ>>ནང་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php