༄༅། །མི་ཀློག་ཀ་མེད་ཀྱི་ཕུལ་བྱུང་བོད་མི་གསར་བརྗེ་བ་ཕུན་ཚོགས་དབང་རྒྱལ་གྱི་མཛད་རྗེས།

 

 

          བོད་ཀྱི་དུས་བབ་གསར་ཁང་གིས་འབོད་སྐུལ་གནང་བ་ལྟར་གྱི་བསྐྱར་ཞིབ་ངོ་མ་ཞིག་བྱེད་ཁོམ་མ་བྱུང་མོད། <<བོད་མི་གསར་བརྗེ་བ་ཞིག>>ཅེས་པ་ཐེངས་གཅིག་བཀླགས་པའི་འཆར་རྟོག་རགས་པ་ཙམ་ཞིག་ཀློག་པ་པོ་རྣམས་ལ་འབུལ་འདོད་བྱུང༌།

          བདག་གིས་དེབ་འདིའི་ནང་དུ་བོད་མི་གསར་བརྗེ་བ་ཞིག་གི་དངོས་མྱོང་ཆབ་སྲིད་འཚོ་བའི་བརྒྱུད་རིམ་སྤྱི་དང༌། ལྷག་པར་ཐུན་མོང་མ་ཡིན་པའི་གུང་ཁྲན་རིང་ལུགས་པའི་གསར་བརྗེའི་བསམ་བློ་དང་སྤྱོད་ལམ་རྣལ་མ་ཞིག་འབུར་དུ་ཐོན་པས་ངའི་མིག་ལམ་དུ་དོན་ངོ་མའི་དམར་ཞིང་མཁས་པའི་བོད་མི་ཏང་ཡོན་ཞིག་གི་རང་གཟུགས་གསོན་ཉམས་དོད་པ་ཞིག་སྣང་བར་བྱས་པ་དང་ལྷན་དུ་དེ་སྔའི་གཟི་བརྗིད་ཆེ་བར་བསྔགས་པའི་རྒྱ་ནག་གི་གུང་ཁྲན་ཏང་ཡོན་མང་པོ་ཞིག་གི་བརྗིད་ཉམས་བག་ལ་ཞ་བར་གྱུར། ཐ་ན་མའོ་ཙེ་ཏུང་དང་ཏིང་ཞོའོ་ཕིང་སོགས་མར་ལེ་རིང་ལུགས་པའི་སྲས་ཀྱི་ཐུ་བོར་རློམ་པ་པོ་དག་ཀྱང་ཁོང་གི་མདུན་དུ་གདོང་འབག་གྱོན་པའི་གསར་བརྗེ་བ་ཙམ་གྱི་ཚོར་སྣང་བྱུང༌། དེ་ནི་མའོ་སོགས་ཀྱིས་མར་ལེའི་དགོངས་པ་ཇི་བཞིན་མ་རྟོགས་པ་ག་ལ་ཡིན་མོད་ཆབ་སྲིད་ཀྱི་རྒྱ་རིགས་ཆེན་མོའི་ཁེ་ཕན་སོགསདགོས་དབང་ཞིག་གིས་ལོག་འགྲེལ་གྱིས་༡༩༥༧།༨།༤ ཉིན་མི་རིགས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག ཀྲོའུ་ཨེན་ལའེ་ཡིས། <རང་རྒྱལ་གྱི་མི་རིགས་སྲིད་ཇུས་སྐོར་གྱི་གནད་དོན་ཁ་ཤས>ཞེས་པའི་གཏམ་བཤད་སོགས་ལས་གསལ་རྟོགས་ཐུབ།གཞི་རྩའིམི་རིགས་ཁག་གི་བདག་དབང་འདྲ་མཉམསྟེ། མི་རིགས་ཀྱི་རང་སྲིད་རང་སྐྱོང་དང༌། ཐ་ན་རང་བཙན་སྤྱི་མཐུན་རྒྱལ་ཁབ་ཀྱང་འཛུགས་ཆོག་པའི་ལེ་ཉིན་གྱི་མི་རིགས་རང་ཐག་རང་གཅོད་གཙང་མའི་དགོངས་དོན་ལ་སྔ་ཕྱི་བར་གསུམ་དུ་ཁས་ལེན་གཏན་ནས་མ་བྱས་པར། ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཚམ་ཚུལ་བརྒྱུད་སྒྲོག་གིས་ཉ་ཉུངས་མཉམ་བསྲེས་ཀྱིས་གྲངས་ཉུང་མི་རིགས་ཁག་ལ་ཆབ་སྲིད་ཀྱི་མགོ་སྐོར་དང་དྲག་ཤུགས་ཟུང་སྦྲེལ་གྱིས་དབང་སྒྱུར་བྱས་པས་གསར་བརྗེའི་གཙོ་འཛིན་གྱི་རྒྱ་དཔོན་དེ་དག་གུང་ཁྲན་ཏང་ཡོན་ཞིག་ལ་ལྡན་དགོས་པའི་མ་མཐའི་ཚད་གཞི་ལས་ལྷུང་ཡོད།

          ཕུན་དབང་མཆོག་ནི། མན་ཇུས་བཙན་འཛུལ་དང་གོ་མིན་ཏང་གི་དམག་ཤེད་ཅན་གྱིས་ཀུན་ནས་བཙིར་པའི་དམག་འཁྲུག་དང་ཆབ་སྲིད་ཀྱི་ཁོར་ཡུག་འཁྲུག་ཆ་དོད་པོ་ཞིག་གི་ནང་དུ་བྱིས་པའི་འཚར་ལོངས་བྱུང་མ་ཐག དགུང་ལོ་བཅུ་གསུམ་ནས་ནན་ཅིན་དུ་ཅང་ཇེ་ཧྲེའི་ཆབ་སྲིད་སློབ་གྲྭ་ཞིག་ནང་ཆེད་སྦྱོང་གནང་བཞིན་པའི་ཞོར་དུ་གསང་བས་མར་ལེའི་ལྟ་གྲུབ་སློབ་སྦྱོང་གིས་བློ་སྒོ་གསར་དུ་ཕྱེས་ཏེ། ཁོང་དང་ཨ་མདོ་བ་དཀོན་མཆོག་བཀྲ་ཤིས། ལྷ་ས་བ་རྨ་བྱ་དོན་གྲུབ་སོགས་མི་ལྔས་གྲུབ་པའི་བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་ཚོགས་ཆུང་གསར་འཛུགས་གནང་ནས། བོད་རིགས་ཡོངས་རྫོགས་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་རྒྱལ་ཁབ་གསར་བ་ཞིག་ཏུ་འཛུགས་སྐྲུན་བྱ་འཆར་གྱི་རྨི་ལམ་ཐོག་མ་རྨིས་པ་ནས་སྔ་ཕྱི་བར་གསུམ་དུ་ཨུ་རུ་སུའི་དམར་ཤོག་གི་རྒྱབ་སྐྱོར་འཐོབ་སླད་འབད་རྩོལ་ཡོད་དགུ་བཏོན་ཀྱང་ལམ་ལྷོང་མ་བྱུང་བར་ཐ་མར་རྒྱ་ནག་དམར་ཤོག་ནང་ཞུགས་དགོས་བྱུང་ནས། ཐོག་མར་རང་ཡུལ་གྱི་དམག་གོ་མིན་ཏང་གི་ཤེད་ཅན་མཐར་སྐྲོད་དང་དེ་ནསམི་རིགས་ཁག་གི་བདག་དབང་འདྲ་མཉམགཞིར་བཞག་བོད་མི་རིགས་ལ་སྤྱི་ཚོགས་གསར་བའི་བདེ་སྐྱིད་འཚོ་གནས་ཤིག་གང་མྱུར་འཐོབ་རྒྱུར་ཡིད་ཆེས་ཀྱིས་བསླུས་ཏེ་དཀའ་ངལ་གང་མང་ལ་གདོང་ལེན་བྱེད་སྐབས་རྒྱ་ནག་གུང་ཁྲན་ཏང་གིས་ཁོང་ལས་གནས་མི་རིགས་རིང་ལུགས་པའིནག་ཞྭ་གཡོགས་ཏེ་ཆིན་ཁྲེན་བཙོན་ཁང་དུ་མི་ལོ་བཅོ་བརྒྱད་རིང་ཁེར་རྐྱང་དུ་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང༌། ཁོང་གིས་སྐབས་ཤིག་ནས་ངག་བཅད་ཀྱིས་ངོ་རྒོལ་དང་ལྷན་དུ་མར་ལེའི་གསུང་རྩོམ་མང་པོར་སློབ་སྦྱོང་གིས་རྩོད་སྒྲུབ་རིགས་པས་རིག་པའི་ཀློང་བརྡོལ་ནས་ཞིབ་འཇུག་བྱས་འབྲས་སུ། བཙོན་གྲོལ་ཐོབ་རྗེས། བཙོན་གྲོལ་ཐོབ་མ་ཐག་ངག་རྡིབ་རྡིབ་ཕལ་ཆེར་ལྐུགས་པ་ལྟ་བུ་ཆགས་ཡོད <<རྩོད་སྒྲུབ་རིག་པའི་འཚོལ་ཞིབ་གསར་བ>>དང༌། <<ཟླ་བའི་གོ་སའི་སླ་གཟུགས་ཀྱི་རྣམ་བཤད>> <<རང་བྱུང་རྩོད་སྒྲུབ་རིག་པའི་འཚོལ་ཞིབ་བསྐྱར་མ>>བཅས་པའི་ཕུལ་བྱུང་བརྩམས་ཆོས་ཤིག་འཛམ་གླིང་ལ་ལེགས་སྐྱེས་སུ་ཕུལ་ཐུབ་བྱུང་བ་ནི་ངོ་མ་བསམ་ཡུལ་ལས་འདས་པའི་མཛད་པ་ཞིག་ཡིན་ལ། འདི་ཁོ་ནས་ཀྱང་ཁོང་གི་སྙིང་སྟོབས་དང་བློ་གྲོས་ཟླ་མེད་ཀྱི་ཕུལ་བྱུང་ཏང་གཤིས་མཚོན་ཐུབ།

ད་དུང་དེ་དང་ལྷན་དུ་ཁོང་གིས་མུ་མཐུད་དེ་བོད་སོགས་གྲངས་ཉུང་མི་རིགས་ཁག་གི་ལས་སྐལ་ལ་ཐུགས་ཁུར་ཆེ་བཞེས་ཀྱིས། མི་རིགས་ཁག་གི་ཆབ་སྲིད། དཔལ་འབྱོར། རིག་གནས་ཐད་ཀྱི་རང་སྐྱོང་རང་བདག་གི་དབང་ཆར་ཁས་ལེན་བརྩི་བཀུར་དགོས་པའི་མར་ལེའི་དགོངས་དོན་དྲི་མ་མེད་པ་ལག་བསྟར་ཡོང་སླད་ཀྲུང་གོའི་རྩ་ཁྲིམས་གསར་བཅོས་ནང་ལ་གཞུང་ལུགས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ཁག་གི་རང་སྐྱོང་བདག་དབང་ཆ་ཚང་དགོས་པ་སོགས་ཀྱི་དགོངས་འཆར་རིན་ཐང་བྲལ་བ་བཏོན་ནས་སླར་ཡང་ཀྲུང་དབྱང་དང་འགལ་ཟླའི་ཉེན་ཁར་ལྷུང༌། དེ་རྗེས་ཧུའུ་ཡོ་པང་དང༌། ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐོ་ལའང་བོད་དོན་ཐད་ྋགོང་ས་མཆོག་གི་ལམ་དབུ་མ་ལྟར་གྱི་ཐག་གཅོད་གནང་རྒྱུ་ནི་མར་ལེའི་དགོངས་དོན་དང་མཐུན་ལ་རྩ་ཁྲིམས་དང་མ་འགལ་བའི་བོད་མི་དམངས་ཀྱི་མངོན་འདོད་ངོ་མ་ཡིན་ཚུལ་གྱི་དགོངས་འཆར་ཤུགས་ཆེན་འདོན་བཞིན་པ་འདིས་ཀྲུང་དབྱང་གི་སྙིང་ན་གིན་ཡོད་པ་ཐག་གིས་ཆོད། ང་ཚོས་ཁོང་གི་མཁས་མཛངས་ལྡན་པའི་དྲང་བདེན་འཐབ་རྩོད་འདི་ལ་ཡི་རང་ཞུ་འོས་ལ། ལྷག་པར་བོད་ནང་གི་རྣམ་དཔྱོད་ཅན་ཚོས་ཁོང་གི་རྗེས་སུ་འབྲངས་ཏེ་བོད་དོན་གླེང་རྒྱུ་ནི་ཧ་ཅང་གལ་ཆེ་ལ་ངེས་པར་སྒྲུབ་དགོས་པའི་དུས་ལ་བབ་པའི་འགན་འཁྲི་ཞིག་ཀྱང་ཡིན་ནོ།

          གཞན་ཡང༌། དེབ་འདི་རྩོམ་པ་པོས་ཕུན་དབང་སྐུ་ངོ་མར་བཀའ་འདྲི་ཞུས་པའི་ལོ་རྒྱུས་དེབ་ཅིག་ཡིན་པས་འབྲི་ཐབས་ཐད་ནས་ཀྱང་མི་སྣ་དང་པོའི་རྒྱས་བཤད་ཐབས་ལམ་སྤྱད་པས་ཧ་ཅང་འཚམ་ལ། གོ་རིམ་དང་གནད་དོན་ཆེ་ཆུང་གི་རྒྱས་བསྡུས། བར་འཇུག་སོགས་ཀྱང་ལེགས་པ། ནང་དོན་ཡང་རྒྱ་ཆེ་ལ་གཏིང་ཟབ་པ་བཅས་མདོར་ན། མ་ཀློག་ཀ་མེད་ཀྱི་དངོས་འབྲིའི་རྩོམ་ཡིག་ཕུལ་དུ་བྱུང་བ་ཞིག་རེད་ཅེས་བརྗོད་ཐུབ་བོ། དེ་ཡང་བོད་འགྱུར་འདི་ལ་མཚོན་ན་སྒྱུར་པ་པོ་བདག་གི་མཛའ་གྲོགས་ཆུང་ཚེ་རིང་གི་ངག་རྩལ་གྱིས་ཀྱང་ཡིན་པར་ཐེ་ཚོམ་མི་དགོས་ཏེ། སྔོན་ཆད<<རྟོགས་བརྗོད་དཔག་བསམ་འཁྲི་ཤིང>>དེ་སྙན་དངགས་ཀྱི་རྒྱལ་པོར་གྱུར་ཚུལ་ཡང་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་མཁྱེན་རབ་ལ་རག་ལས་པ་བཞིན་ནོ།

          མཐར་བདག་གིས་གོ་སྐབས་འདི་བཟུང་ནས་རྩོམ་པ་པོ་རྣམ་པ་དང་སྒྱུར་པ་པོ། མཐུན་འགྱུར་གནང་མཁན་བོད་ཀྱི་དུས་བབ་གསར་ཁང་དང་བཅས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་དང་མཉམ་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དེབ་འདི་ངེས་པར་ཀློག་དགོས་པ་ཙམ་དུ་མ་ཟད་བགྲོ་གླེང་ཡང་བྱ་འོས་པའི་བསྐུལ་མ་དང་བཅས། ༢༠༠༦།༡༠།༡༧།ལའོ། །<<བོད་ཀྱི་དུས་བབ>>ནང་བཀོད།

          རྒྱལ་གཅེས་དཔའ་བོའི་ལ་རྒྱས་ལང་ཚོ་རྨས། །མུན་ནག་བཙོན་དུ་ཤེས་རབ་སྣང་བ་སྦར།

          མར་ལེའི་དར་དམར་མི་ཚེའི་རྒྱན་དུ་ཕྱར། །རྒྱ་བོད་ཀུན་གྱི་དགྲར་གྱུར་དམ་པ་ཁྱོད། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php