རྣམ་རྟོག་དགྲར་ལངས། གྲིབ་ནག་འདྲེར་མཐོང༌།

 

གཅིག རང་བཙན་དང་འབྲེལ་བའི་རྣམ་རྟོག

 

          བོད་རང་བཙན་གྱི་ཆེས་མཐོའི་ཐོབ་ཐང་རྩོད་མཁན་རྣམས་ནི་རྒྱ་ནག་གཞུང་ཉིད་ཆེས་སྙིང་ན་བར་བྱེད་པའི་དགྲ་ཟླ་ཡིན་པ་ལས། ང་ཚོ་བོད་མི་ཚོའི་སྙིང་ན་དགོས་སའི་དགྲ་བོ་ཞིག་ག་ལ་ཡིན་མོད། དགྲར་འཛིན་གྱི་རྣམ་རྟོག་ཅན་ཡང་མི་ཉུང་བ་ཞིག་གི་སྣང་ངོར་འདྲེ་འམ་ཅི་ཞིག་གི་སྣང་བ་འཆར་གྱིན་ཡོད་པ་འདྲ།

          ངོ་མ་ཁོང་ཚོར་ཡང་ཐུགས་ཁག་མེད་དེ། སྤྱིར་དེང་སང་གི་རྒྱལ་སྤྱིའི་གནས་བབ་ཡོངས་སུ་མི་མཐོང་ཞིང༌། སྒོས་སུ་བོད་ནང་ལ་གོམ་པ་དངོས་སུ་སྤོས་མ་མྱོང་མཁན་དང༌། ཐ་ན་ལོ་རྒྱུས་ཀྱི་འཕོ་འགྱུར་ཅི་ཡང་ཡོང་སྲིད་ལ་ཡོང་ཆོག་པའི་དངོས་ཡོད་གནས་ཚུལ་ལ་ལྟ་འདོད་མེད་པ་དག་གི་མིག་རྣ་ཁ་གསུམ་ཡོན་པོར་འཁྱོག་སྟེ་གཡག་ཞར་བས་རྩྭ་ཟའི་ངང་ཚུལ་ལས་མ་འདས་ཤིང༌། གཞན་ཡང་གནས་ལུགས་དང་སྣང་ཚུལ་དེ་དག་རབ་རིབ་ཅིག་མཐོང་ན་ཡང༌། རང་བཙན་གྱི་ལྟ་བ་དེ་མ་ཤི་བར་འགྱུར་བ་གཏོང་འདོད་མེད་པའམ་གཏོང་མི་ཤེས་པ། བཏང་ན་ངོ་ཚར་བརྩི་མཁན་གྱི་སྲིད་དོན་པའི་མིང་གྲགས་གཉེར་མཁན་འགའ་ཞིག་ནི་སུ་ཞིག་གི་དགྲ་གྲོགས་ལ་འགྱུར་མིན་ཡང་ངེས་པ་མེད་པར་བར་མ་དོ་ཞིག་ན་རློམ་སེམས་ཀྱིས་འགྱིངས་པར་བྱེད་དོ།

          མདོར་ན། མིའི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་འདིའི་གཞི་རྩའི་བདེ་སྐྱིད་ལ་སེམས་རྣལ་དུ་ཕབ་ནས་བསམ་གཞིགས་གཏོང་མ་མྱོང་མཁན་དང༌། གཏོང་མི་ཤེས་མཁན། གཏོང་མི་ཕོད་པར་གནས་ལུགས་བརྩིས་མེད་ཀྱིས་ལྐུགས་པ་ཨུ་ཚུགས་དང་རང་ལྟ་མཆོག་འཛིན་དང་མཁྲེགས་འཛིན་བྱེད་པའི་རྣམ་པ་འདི་དག་གིས་ཕན་འབྲས་ཤིག་ཐོན་དཀའ་འོ།

 

གཉིས། དབུ་མའི་ལམ་དང་འབྲེལ་བའི་རྣམ་རྟོག

 

          དབུ་མའི་ལམ་གྱི་རྒྱབ་ལོགས་སུ་རང་བཙན་ཡོད་པའམ། རང་བཙན་ཡོད་དགོས་པའི་ལྟ་ཚུལ་འཛིན་མཁན་གྱི་རིགས་དང༌། ཡང་དབུ་མའི་ལམ་ནི་རང་བཙན་ལས་ཐོབ་ཐང་ཆུང་བར་མ་ཟད་ཁེ་ཕན་ཡང་ཆུང་བའི་བསམ་ཚུལ་ཡོང་མཁན་དག་ནི་རྣམ་རྟོག་ཕལ་བ་ཅན་གྱི་རིགས་ཏེ་དེ་རིང་སྐབས་སུ་བབས་པའི་བརྗོད་གཞི་མིན།

        འདིར་ངེས་པར་ཤུགས་ཆེན་པོས་གླེང་འདོད་པ་ནི། ང་ཚོ་ཚང་མ་ཧང་སངས་ཤིང་འདྲོགས་དགོས་པའི་གནད་དོན་ཞིག་སྟེ།ྋགོང་ས་མཆོག་གིས་དེ་སྔ་ཡོ་རོབ་གྲོས་ཚོགས་སུ་བསྒྲགས་པའི་དབུ་མའི་ལམ་གྱི་གོ་དོན་དང་ད་ལྟའི་དབུ་མའི་ལམ་གྱི་གོ་དོན་ལ་ཧེ་བག་ཡོད་ཚུལ་དང༌། ལྷག་པར་དབུ་མའི་ལམ་དེ་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཡོང་ཐབས་མེད་པའི་བཀའ་ཟུར་རྣམ་པའི་དགོངས་ཚུལ་དེ་དག་དང་དེ་དག་གི་རྒྱབ་ལྗོངས་ཡ་མཚར་བ་དེ་ཉིད་དོ།

          གནད་དོན་དེ་དག་གི་ཐད་ལ་བསམ་ཞིབ་ཇི་ལྟར་བྱ་དགོས་མིན་ཐད་ལ་ཐོག་མར་ང་ཚོས། ༢༠༠༦ལོའི་གསུམ་བཅུའི་དུས་དྲན་གསུང་འཕྲིན་ནང་ཇི་ལྟར་གསལ་ཚུལ་ལ་ཕྱི་མིག་ཅིག་བལྟས་ན། "་་་ཕྱི་ལོ་༡༩༧༤ ཙམ་ནས་འབྱུང་འགྱུར་རྒྱ་བོད་ཞི་མོལ་གྱི་གོ་སྐབས་ཤིག་ཅིས་ཀྱང་ཡོང་ངེས་ལ་དེ་སྐབས་གྲོས་འཆར་འདོན་རྒྱུར་དབུ་མའི་ལམ་གྱི་རྩ་དོན་གཏན་འཁེལ་བྱས།ཞེས་དང༌། "་་་ངོས་ཀྱི་རེ་འདུན་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པར་རང་བདག་དང༌། རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་དགོས་པ་དེ་

ནཡོད་པ་དང༌། བསྒྲུབ་ཐུབ་པ་ཞིག་ཡིན་སྟབས། ཁྲིམས་དང་མཐུན་པ། འོས་ཤིང་འཚམས་པ། རྒྱུ་མཚན་དང་ལྡན་པ། གཞིས་བྱེས་བོད་མིའི་མངོན་འདོད་དང་མཐུན་པ་ཞིག་ཡིན། དེ་འདྲའི་རེ་འདུན་ནི་འདས་པ་ལས་མ་འོངས་པར་གལ་ཆེ་བར་བརྩིས་ཏེ་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་དང༌། མ་འོངས་པའི་ཁེ་ཕན་ལ་གཞི་བཅོལ་ཏེ་བཏོན་པ་ཡིན། འདས་པའི་དུས་རབས་རིང་པོའི་ལོ་རྒྱུས་ནི་ངོ་བོ་དང་འགྲེལ་བརྗོད་བྱེད་ཕྱོགས་གཅིག་གྱུར་ཞིག་མེད་པས། དེའི་ཐོག་ནས་བྱེད་ཐབས་བདེ་བོ་ཞིག་ཡོང་རྒྱུ་ཤིན་ཏུ་དཀའ་བས།ངོས་ནས་ཡང་ནས་ཡང་དུ་འདས་པའི་ལོ་རྒྱུས་ཇི་ལྟར་ཡང་མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ནས་འཚོལ་ཐབས་བྱ་རྒྱུ་ཡིན་ཞེས་ཕྱི་ནང་གང་སར་རྒྱ་ཁྱབ་གསལ་བསྒྲགས་བྱས་དང་བྱེད་བཞིན་པ་ཡིན་སྟབས།རང་ཁྱྀམ་རང་བདག་གི་གནས་བབ་དོན་དམ་པའི་སྒོ་ནས་ལག་བསྟར་ཡོང་ཐབས་ཀྱི་སྐོར་དགོས་འདུན་ག་འདྲ་ཞིག་བཏོན་ཡང་ཁ་བྲལ་གྱི་ཕྱོགས་སུ་མི་འགྲོ་བ་ནི་དོགས་པས་བདེན་དོན་མ་བསྒྲིབ་ན་སུས་ཀྱང་གསལ་རྟོགས་ཐུབ་པ་ཞིག་རེད་་་ཅེས་ཧ་ཅང་ཞལ་གསལ་གནང་ཡོད།

          དེ་བས་ངས་གོང་གསལ་གྱི་གསུང་འཕྲིན་དང་བཀའ་ཟུར་རྣམ་པས་བཀའ་ཤག་ལ་ཕུལ་བའི་དགོངས་ཚུལ་དོན་ཚན་བཅུ་བོ་དེ་དག་དང་འབྲེལ་ནས་གནད་དོན་འདིའི་ཐོག་དྲི་བ་འགའ་འདོན་རྒྱུར།

          ༡། ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་ཞིག་ཡོང་ཐུབ་ཚུལ་དེ་བཀའ་བློན་ཁྲི་པའི་ནོར་འཁྲུལ་གྱི་དགོངས་ཚུལ་ཁོ་ན་ཞིག་ཏུ་འདོད་འོས་སམ།

          ༢། དེ་ནི་བཀའ་བློན་ཁྲི་པས་ྋགོང་ས་མཆོག་ལ་དབུ་བསྐོར་པའམ་གནོན་ཤུགས་སྤྲད་པ་ཞིག་ཏུ་ངོས་འཛིན་ཡོད་དམ། ཡང་ན་ྋགོང་ས་མཆོག་ཀྱང་དབུ་མཐོམས་ནས་ལམ་ནོར་དུ་ཕེབས་པར་ངོས་འཛིན།

          ༣། གལ་ཏེ། ལམ་ནོར་ཞིག་ཏུ་ཕྱིན་པའི་དབང་དུ་བཏང་ཡང་དེའི་འགན་དེ་བཀའ་ཁྲི་ལས་ྋགོང་ས་མཆོག་ལ་མེད་པར་འདོད་ན་དེ་ནི་དྲང་བདེན་ཞིག་ཡིན་ནམ།

          ༤། དེ་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པར་སྙམ་ཡོད་ན་སྐབས་དེ་མ་ཐག་ནས་བསམ་འཆར་མི་འདོན་པར་ད་ལྟ་གཞི་ནས་གླེང་དོན་ཅི།

          ༥། ྋགོང་ས་མཆོག་ལ་བོད་མི་རིགས་ཀྱི་མ་འོངས་རྩ་དོན་ཐག་གཅོད་ཀྱི་སྐུ་དབང་ཡོད་དམ་མེད། སྐུ་དབང་དེ་ཡང་མང་མོས་དམངས་གཙོའི་ལམ་ནས་ཡར་ཕུལ་བ་ཞིག་མ་ཡིན་ནམ།

          ༦། སྐུ་དབང་དེ་ཉིད་ཡོད་པར་ངོས་ལེན་གནང་གིན་ཡོད་ན། ཐོག་མའི་དབུ་མའི་ལམ་གྱི་ཚད་གཞི་ཆུང་བར་བསྒྱུར་པར་མ་ཟད། སྲིད་བྱུས་གཞན་ཞིག་ལ་བསྒྱུར་ཡང་མ་འགྲིགས་པ་ཅི་ཡོད།

          ༧། གལ་ཏེ་སྐུ་དབང་དེ་འདྲ་ཞིག་མེད་པར་འདོད་ན། རྒྱ་གཞུང་གིས་ཏཱ་ལའི་བླ་མར་བོད་དོན་ཐག་གཅོད་ཀྱི་སྐུ་དབང་མེད་པར་བརྗོད་པའི་རྒྱབ་སྐྱོར་བ་ཨང་དང་པོ་ཁྱོད་ཚོ་ཆགས་ཡོད།

          ༨། གཞན་ཡང༌། ྋགོང་ས་མཆོག་གི་བཀའ་རྩོམ་ལས།མཐའ་གཉིས་བྲལ་བ་གཉིས་སྨན་དབུ་མའི་ལམ།ཞེས་པར་བཀའ་ཟུར་རྣམ་པས་འགྲེལ་བརྗོད་ཁ་གསལ་ཞིག་གནང་ཐུབ་བམ། དེ་ཡང་ྋགོང་ས་མཆོག་གི་དགོངས་དོན་མ་རེད་ཟེར་རམ།

          ༩། ད་དུང་དབུ་མའི་ལམ་འདི་ཉིད། "གཞིས་བྱེས་བོད་མིའི་མངོན་འདོད་དང་མཐུན་པ་ཞིག་ཡིན།ཞེས་པའང་ཁས་ལེན་མི་བྱེད་མཁན་གྱི་བྱིས་པ་ཨུ་ཚུགས་ཅན་ཡང་མི་ཉུང་བ་ཞིག་ཡོད་པ་མིན་ནམ།

          མདོར་ན་ཁྱེད་ཅག་གིས་དབུ་མའི་ལམ་འདི་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཡོང་ཐབས་མེད་པའི་རྒྱུ་མཚན་ཡང་དག་གཅིག་ཀྱང་བཤད་མེད་པར། རྣམ་རྟོག་དགྲར་ལངས་ཀྱི་དགོངས་ཚུལ་འགའ་ཞིག་བཏོན་པ་དེ་ནི། གཅིག་ནས་ྋགོང་ས་མཆོག་གི་སྐུ་དབང་ལ་ཚོད་འཛིན་དང༌། གཉིས་ནས་བཀའ་བློན་ཁྲི་པའམ་སྐུ་ཚབ་ཚོགས་པས་ྋགོང་ས་མཆོག་ལ་དབུ་བསྐོར་ཞུས་པའམ། ཡང་ན་གནོན་ཤུགས་སྤྲོད་ཀྱིན་པའི་རྣམ་རྟོག་གི་གྲིབ་ནག་ཆེན་པོ་ཞིག་གིས་མི་དམངས་ལ་འཇིགས་སྣང་སྦྱིན་པའི་ངང་ཚུལ་འདི་འདྲ་ལ་དགྲ་དགའ་གཉེན་སྡུག་ཟེར་བ་ཅིས་མིན་ནམ་སྙམ་པའི་གུས་པའི་ཀུན་རྟོག་འདི་ཡང་རྣམ་རྟོག་དགྲར་ལངས་ཤིག་ཏུ་གྱུར་ཡོད་མེད་གཟུར་གནས་མཁྱེན་ཡངས་རྣམ་པས་བརྟག་དཔྱད་གནང་བར་འཚལ་ལོ།།

          དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་འགུལ་པ་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས། བུ་ཁྱིམ་དབུ་བརྙེས་ཀྱི་དུས་དྲན་དང་ཆབས་ཅིག ༢༠༠༨།༡༠།༢༥།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php