ར་སྤུའི་འུར་རྡོ་ར་ཡི་མཇིང་བར་འཁོར།
ཡེ་རྡོར་གྱི་འཁྱོག་བཤད་<”རང་སྲེག་ལམ་སྟོན་ཡི་གེ”——ཏཱ་ལའི་རུ་ཚོགས་ཀྱི་ ཐར་དཀའ་བའི་སྨྱོན་གཤིས།> ཞེས་པར་བདེན་པས་ལན་འདེབས་དྲང་སྲོང་བདེན་མཐུ།


འདིར་ཀློག་པ་པོ་རྣམ་པས་གསལ་རྟོགས་ཕྱིར་ཡེ་རྡོར་གྱི་འཁྱོག་བཤད་རྩོམ་ཡིག་དང་ བདག་གི་མ་ཡིག་གི་དུམ་མཚམས་རེ་རེ་གཤིབ་བསྡུར་གྱིས་གསལ་བཤད་ཅུང་བྱེད་དོ།

 ༡ ༽ འཁྱོག་རྩོམ་ནང་ངའི་རེ་སྐུལ་དེ་ལ། <རང་སྲེག་ལམ་སྟོན་ཡི་གེ> ཞེས་མིང་བཏགས་ཡོད། ངའི་དེ་ལ་དང་ཐོག་ཁ་བྱང་གང་ཡང་མེད་པ། ཁོས་དེ་ལྟར་བཏགས་རྗེས་ངས་གཞི་ནས<བདག་གི་འུ་ཐུག་པའི་རེ་སྐུལ>ཞེས་པའི་ ཁ་བྱང་གསར་བ་འདི་བཏགས་པ་ཡིན། ངའི་རེ་སྐུལ་གཙོ་བོ་ནི་དུམ་བུ་དང་པོ་དང་ཐ་མ་གཉིས་ཡིན་པ་བློ་གཟུ་བོར་གནས་པ་ ཚོས་ཁས་ལེན་ངེས། (འོག་ཏུ་འགོད་དོ།)

 ༢ ༽ འཁྱོག་རྩོམ་ནང། “ལམ་སྟོན་ཡི་གེ”འདིའི་མིང་ཁུར་བ་ལ་ལྷ་མོ་སྐྱབས་ཟེར་གྱི་ཡོད་པ་དང་། མི་འདི་ནི་ཏཱ་ལའི་རུ་ཚོགས་ཀྱི་སྤྱི་འཐུས་སྐབས་གཉིས་ལ་བསྟུད་མར་ལངས་ པའི་“སྤྱི་འཐུས་”ཤིག་ཡིན་པ་དང་། ད་ལྟའང་ཏཱ་ལའི་རུ་ཚོགས་ཀྱི་ཤེས་རིག་སྡེ་ཚན་ན་གལ་གནད་ཆེ་བའི་གོ་གནས་བཟུང་ ཡོད།” ཟེར། ང་ནི་བོད་གངས་ཅན་གྱི་ལུགས་གཉིས་དོན་གྱི་བདག་པོ་༸གོང་ས༸སྐྱབས་མགོན༸རྒྱལ་བ་ རིན་པོས་དབུ་ཁྲིད་པའི་བོད་ཆོལ་ཁ་གསུམ་གྱི་སྐུ་ཚབ་དམངས་གཙོའི་ཀ་བ་གསུམ་ལྡན་ གྱི་བཙན་བྱོལ་གཞུང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་མྱོང་མཁན་ཞིག་ ཡིན། འོན་ཀྱང་༢༠༠༨ལོ་མཇུག་ནས་ཧྥ་རན་སིའི་རྒྱལ་ས་ཕ་རིས་སིའི་ཤར་ཕྱོགས་སྐད་ཡིག་དང་ དཔལ་ཡོན་སློབ་གླིང་ཆེན་པོས་གདན་ཞུ་ལྟར་སྒེར་ངོས་ནས་གན་རྒྱ་བཞག་སྟེ་དེ་གའི་ བོད་ཡིག་ཚན་ཁག་ནང་འཆད་ཁྲིད་བྱེད་ཀྱིན་ཡོད་པ་ཙམ་ལས། བཙན་བྱོལ་བོད་གཞུང་དང་འབྲེལ་བའི་སློབ་གསོའི་བྱ་བའི་འགན་ཁུར་ཅི་ཡང་མེད། མདོར་ན་༢༠༡༡ལོ་ནས་ང་ནི་རང་དབང་གི་རྩོམ་པ་པོའམ་སྤྱིར་བཏང་གི་བོད་དགེ་ཞིག་ལས་ གཞུང་དང་འབྲེལ་བའི་ལས་གནས་ཅན་གྱི་མི་སྣ་ཞིག་མིན། ངས་རེ་སྐུལ་དེ་ུཡང་སྤྱི་ཟུར་ལྟ་བུའི་མཚན་ཐོག་ནས་སྤེལ་མེད་པར་མ་ཟད། གཞུང་འབྲེལ་དུས་དེབ་དང་ཚགས་པར་སོགས་སུ་ཡང་བཀོད་མེད་པར་ང་རང་སྒེར་གྱི་དྲ་ བའི་ཐོག་བཞག གལ་ཏེ་ང་དེ་སྔོན་གཞུང་དང་འབྲེལ་བའི་གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་ངས་ད་ ལྟ་དང་མ་འོངས་པར་ཡང་གང་བཤད་གང་བྲིས་ཚང་མ་གཞུང་འབྲེལ་ཞིག་ཆགས་ཀྱིན་ཡོད་ཟེར་ ན་ཤིན་ཏུ་ནས་ཐལ་བའི་དགོད་གཏམ་ཙམ་མོ།

༣ ༽ འཁྱོག་རྩོམ་ནང། “ ‘ལམ་སྟོན་ཡི་གེ’འདི་ཉིད་སྡེ་ཚན་བཞི་རུ་བགོས་ཡོད་པ་དང་། སྡེ་ཚན་དང་པོ་ནི་བསམ་བློའི་རྒྱུད་སྐུལ་ཡིན་པ་དང་། བཤད་དོན་ལ་རང་ལུས་མེ་བསྲེག་བཏང་མཁན་ཚོ་ནི་“ཞུམ་མེད་ཀྱི་དཔའ་བོ་”ཡིན་པ་དང་། དེ་ནི་“རླབས་ཆེན་དང་གཟི་བརྗིད”ཡིན་ཚུལ་དང་།“དཔའ་བོ་དཔའ་མོ་ཚོས”དུས་རྟག་ཏུ་ ཚེ་སྲོག་བློས་གཏོང་བྱེད་པར་ངན་བསླབ་བྱས”་ཟེར། མ་ཡིག་གི་དུམ་ཚན་ཐོག་མ། “བླ་མ་དཀོན་མཆོག་གིས་མཁྱེན། ད་ནི་མང་དྲགས་སོང། ལས་འབྲས་བདེན་མཐུའི་རྒྱལ་ཁ་ཞིག་འཆར་རྒྱུ་མེད་དམ། ཞུམ་པ་མེད་པའི་དཔའ་རྒོད་རྣམ་པ། ངོ་མ་བཀའ་དྲིན་ཆེ། རླབས་ཆེན་རེད། གཟི་བརྗིད་རེད། ད་མངས་སོང། ཀྱེ་ཀྱེ། མཆོང་ཆོག་ཆོག་གི་དཔའ་བོ་དཔའ་མོ་རྣམ་པ། ད་ནི་མཚམས་འཇོག་རོགས། ༸གོང་ས༸སྐྱབས་མགོན་ཆེན་པོར་གསོན་སྲེག་གི་རྣམ་ཤེས་འབུལ་རྒྱུ་ལས་གསོན་མཇལ་ གྱིས་མི་ལུས་རིན་པོ་ཆེས་བྱ་གཞག་རླབས་ཆེན་གཞན་དག་སྒྲུབ་ན་ལེགས་ཤོས་ཡིན།” གཟིགས་དང། ངས་འདིར་ནན་གྱིས་བཏོན་པའི་རེ་བ་དེ། རང་སྲེག་མཚམས་བཞག་ནས་གསོན་ཐབས་ཀྱིས་བྱས་རྗེས་འཇོག་དགོས་ཞེས་བཤད་མི་འདུག་གམ། འཁྱོག་བཤད་ནང། འདི་དོར་དགོས་དོན་ཅི་ཡིན་ནམ། གལ་ཏེ་འདི་མ་དོར་ཚེ་རང་སྲེག་ལམ་སྟོན་ཞེས་ཉེས་པ་འཛུགས་ས་མི་འགྲོ་བ་ཞིག་ཆགས་ ཡོད། བདེན་པ་ནག་སུབ་དང་དཀྲུག་ཤིང་ཟེར་བ་དེ་འདི་ལྟར་བཟོ་བ་ལོས་ཡིན། གཉིས་ནས། ངས་གདེང་འཇོག་ཚད་མཐོ་བྱས་ཡོད། རྒྱུ་མཚན་ནི་ཁོང་ཅག་གིས་བོད་མི་རིགས་ཀྱི་ཆེད་དུ་རང་གི་དགྲ་རྒྱ་དམར་ལ་ཡང་ འཚེ་བ་མེད་པར་འདི་ལྟར་སྐུ་སྲོག་བློས་གཏོང་གིས་བོད་གཞིས་ལུས་རྒྱ་ཆེའི་མི་ དམངས་ཀྱི་སྡུག་བསྔལ་བདེན་པ་དང་སེམས་གཏིང་གི་སྨོན་འདུན་གསལ་བསྒྲགས་གནང་ཚུལ་ འདི་འདྲ་ལ་རྒྱལ་གཅེས་དཔའ་བོ་དང་གཟི་བརྗིད་རླབས་ཆེན་གྱི་མཚན་སྙན་མི་གསོལ་ན་ སུ་ཞིག་ལ་གསོལ་རྒྱུ། སྤྱོད་ཚུལ་འདིས་དོན་དམ་པར་གུང་ཁྲན་ཏང་ཁ་སྐྱེངས་དགོས་པ་བཟོས་ཡོད།

༤ ༽ སྡེ་ཚན་གཉིས་པ་“མེ་བསྲེག་གྲ་སྒྲིག་”དེས་རང་ལུས་མེ་བསྲེག་གཏོང་མཁན་ཚོས་ཅིས་ ཀྱང་“དུས་ཚོད་ཐད་ནམ་དུས་གལ་ཆེན་འདམ་དགོས་པ་དང་” “ཁོར་ཡུག་ཀྱང་གལ་གནད་ཆེ་སར་འདམ་དགོས་ཚུལ་”དང་། “ཡིག་ཐོག་དང་སྒྲ་འཛིན་ཁོར་ཐག་ནང་ཁ་ཆིམས”བཞག་དགོས་ཚུལ་དང་། “ཡིད་ཆེས་བློ་བཅོལ་འོས་པའི་མི་ཁ་ཤས་ལ་གློག་བརྙན་དང་འདྲ་བརྙན་དཔར་པར་གལ་ ཆེ”ཚུལ་སོགས་བཤད” ཅེས་སོ།  མ་ཡིག་གི་དུམ་བུ་བར་བ་དང་པོ།  “གལ་ཏེ་ད་དུང་ཡང་ཡང་དཔའ་ཁས་ལེན་གྱིས་མེར་མཆོད་ཞི་རྒོལ་འདི་མུ་མཐུད་མི་གནང་ ཀ་མེད་ཡིན་ན། ད་ནི་དམག་བཀོད་ལྟ་བུའི་གྲོས་ཤིག་མི་འདེབས་ཀ་མེད་བྱུང། གྲ་སྒྲིག གཅིག་ནས་དུས་ཚོད་ཀྱི་ཆ་ནས་ཉིན་འཕྲོ་ཉིན་བསྟུད་བྱེད་མི་འོས་བར་མཚམས་འཇོག་ རོགས། གཉིས་ནས་དུས་ཚེས་དེ་ཡང་གནད་འགག་གི་དུས་ཚེས་དང་བསྟུན་དགོས། གསུམ་ནས་ཁོར་ཡུག་དེ་ཡང་གནད་འགག་ཅན་ཡིན་ས།  བཞི་ནས་གཉིས་རེ་གསུམ་རེ་མཉམ་སྲེག་གནང་མི་འོས། ལྔ་ནས་རང་གི་ཞལ་ཆེམས་ཡིག་འཇོག་དང་ཡང་ན་སྒྲ་ཕབ་དགོས། དྲུག་ནས་བློས་ཐུབ་གསང་གྲོགས་རེ་གཉིས་ལ་བཤད་ནས་བརྙན་འཕྲིན་དང་པར་ཡག་པོ་རྒྱག་ ཐུབ་པ་བཅས་ངེས་པར་གལ་ཆེའོ། འཆར་གཞི་དང་ལྡན་པ། གོ་རིམ་ཡོད་པ་ཞིག་ཅི་ནས་ཀྱང་གལ་ཆེ།”

༥ ༽ སྡེ་ཚན་གསུམ་པ། “རང་བསྲེག་འབོད་སྒྲ”ཡིས་རང་ལུས་མེ་སྲེག་གཏོང་མཁན་ཚོས་ཐུན་མོང་ནས་“བོད་ལ་རང་ དབང་སྤྲོད་དགོས། ཏཱ་ལའི་བླ་མ་བོད་ལ་ལོག་དགོས། ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས”པ་སོགས་ཅིག་གྱུར་གྱི་འབོད་སྐད་ སྒྲོག་དགོས་སྐོར་དང་། འབོད་ཚིག་དེ་དག་ཤོག་ཐོག་དཔར་ནས་གང་སར་བཀྲམ་ནས་ཤུགས་རྐྱེན་རྒྱ་ཆེར་གཏོང་ དགོས་ལུགས་སོགས་བཤད་᪍” ཞེས་སོ།  མ་ཡིག་གི་དུམ་ཚན་བར་བ་གཉིས་པ། “འབོད་སྒྲ། བོད་ལ་རང་དབང་སྤྲོད་དགོས།  ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཆབ་སྲིད་བཙོན་པ་རྣམས་གློད་དགོས། ཟེར་བ་འདི་དག་ལས་གཅིག་གྱུར་ལྟ་བུ་ཆགས་ཡོང་གི་འདུག ད་དུང་གཞན་ཡང།  བོད་ཀྱི་གཙོ་འཛིན་༸རྒྱལ་བ་རིན་པོ་ཆེ་ཡིན། བོད་རྒྱ་ཞི་མོལ་མགྱོགས་པོ་གནང་དགོས། བོད་མི་རིགས་སོགས་གྲངས་ཉུང་མི་རིགས་ཁག་ལ་མིང་དོན་མཚུངས་པའི་མི་རིགས་རང་ སྐྱོང་སྤྲོད་དགོས། ཀྲུང་གོའི་མི་དམངས་ཡོངས་ལ་དམངས་གཙོ་ངོ་མ་དགོས། ཀྲུང་གོའི་རང་དབང་མེད་པའི་མི་དམངས་རྣམས་མཉམ་དུ་ལོངས་ཤོག འཛམ་གླིང་མི་དམངས་ཀྱིས་ང་ཚོའི་བདེན་པའི་རྒྱབ་དཔུང་མཛོད་ཅིག ཟེར་བ་ལྟ་བུའི་འབོད་ཚིག་ཧ་ཅང་གལ་ཆེ། འབོད་ཚིག་འདི་དག་ཤོག་ཐོག་དཔར་ནས་རླུང་རྟ་བཞིན་གཏོར་དགོས། ལ་ལུང་ལ་སྦྱོར་དགོས། ཞི་རྒོལ་གནང་མཁན་ཚོས་མགྲིན་གཅིག་ཏུ་སྒྲོག་དགོས།” གོང་གསལ་མ་ཡིག་གི་དུམ་བུ་བར་བ་གཉིས་ནང་ལ་ངས་ལམ་སྟོན་རགས་ཙམ་དེ་འདྲ་ཞིག་བྱས་ ཡོད། དེའི་རྒྱུ་མཚན་ནི། གཅིག་ནས་རང་སྲེག་མཚམས་འཇོག་རོགས་ཞུས་ན་ཡང། མཚམས་མི་འཆད་པའམ་མི་གཅོད་པའི་རྟགས་མཚན་ཞིག་མཐོང་བས་ཡིན་ལ། ལྷག་པར་དུ་ཡང་ཁོང་ཚོས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དུ་འདི་ལྟར་ བློས་གཏོང་བསམ་གྱིས་མི་ཁྱབ་པ་དེ་གནང་ཐེངས་རེར་ལ་ལའི་སྐུ་པར་ཙམ་ཡང་མི་རག་པ་ དང་ལ་ལའི་སྐད་འབོད་དེ་ཡང་གསལ་བོ་ཞིག་མ་ཐོས་པར་འཕུར་འགྲོ་བ་དེ་ནི་ཆེས་ཆེར་ ཕངས་པ་ཞིག་གོ དེ་བས་ངས། “གལ་ཏེ་ད་དུང་ཡང་ཡང་དཔའ་ཁས་ལེན་གྱིས་མེར་མཆོད་ཞི་རྒོལ་འདི་མུ་མཐུད་མི་གནང་ ཀ་མེད་ཡིན་ན། ད་ནི་དམག་བཀོད་ལྟ་བུའི་གྲོས་ཤིག་མི་འདེབས་ཀ་མེད་བྱུང།” ཞེས་མུ་མཐུད་སྲེག་དགོས་པར་བསྐུལ་བ་མིན་པར་མཚམས་མི་འཇོག་པ་ཚོར་ཤ་ཚ་དང་འུ་ ཐུག་གི་རེ་བའམ་བསམ་འཆར་དེ་འདྲ་ཞིག་འདོན་དགོས་བྱུང་སོང་ལ། འདི་ནི་ང་རང་གཅིག་པུ་ཙམ་མིན་པར་གདུང་སེམས་མཉམ་སྐྱེད་ཀྱི་མི་དུ་མ་ཞིག་ཀྱང་ དེ་ལྟར་ལོས་ཡིན་སྙམ་མོ།

༦ ༽ སྡེ་ཚན་བཞི་པ་“ཞི་རྒོལ་གཞན་དག”དེས་སློབ་གྲྭ་དང་མི་ཚོགས་སྡེབ་ལངས་ཐོག་སྐད་ འབོད་རྒྱག་པ་དང་། གཏམ་བཤད་བྱེད་པ། ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་ཚུལ་སོགས་རེད། “ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་དང་རིགས་གནས་སོགས་གང་གི་ཐད་ནས་ཀྱང་ལས་འགུལ་སྤེལ་པར་གལ་ཆེ་”ཚུལ་ བཤད་ཡོད། མ་ཡིག་གི་དུམ་བུ་ཐ་མ། “ཞི་རྒོལ་གཞན་དག སློབ་གྲྭ་དང་མི་ཚོགས་སྡེབ་ལངས་ཀྱི་ཞི་བའི་སྐད་འབོད་རིགས་ཧ་ཅང་བཟང། གཞན་ཡང་བསང་གསོལ་དང་སྨོན་ལམ་འཚོགས་པ། སྙུང་གནས་སྲུང་བ། བོད་དོན་སྐོར་ལ་བགྲོ་གླེང་ཚོགས་འདུ་སྐོང་བ། གཏམ་བཤད་སྤེལ་བ། མི་རིགས་ཀྱི་རང་དབང་ཐོབ་ཐང་སོགས་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་བ་ལ་སོགས་པའི་ སྲིད་འབྱོར་ཆོས་རིག་གང་ཐད་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེའོ། འདི་དོན་གཅིག་ནས་གཅིག་བརྒྱུད་ཀུན་ལ་སྒྲོག་པར་མཛོད།” ངའི་རེ་བ་ཆེ་ཤོས་སམ་ངའི་ཐབས་ལམ་ངོ་མ་ཞིག་བསྟན་པ་ཞི་རྒོལ་གྱི་རྣམ་གྲངས་དུ་མ་ དགོས་ཚུལ་འདི་ཡིན་ལ། འདི་དག་གནས་ལུགས་དང་རྒྱུ་མཚན་ཡོད་པར་མ་ཟད་ཁྲིམས་མཐུན་ཡང་ཡིན་པའི་འགྲོ་བ་ མིའི་རང་དབང་འཐབ་རྩོད་ཀྱི་ཐོབ་ཐང་དག་ཡིན། དེ་བས་འདི་དོན་བོད་ས་ཡོངས་དང་བོད་མི་ཀུན་ལ་བརྒྱུད་སྒྲོག་དགོས་པའི་རེ་བ་ཡང་ བཏོན་ཡོད། འོན་ཀྱང་འཁྱོག་བཤད་ནང་རང་སྲེག་མཚམས་འཇོག་དང་ཞི་རྒོལ་གཞན་དག་གལ་ཆེ་ཚུལ་གཙོ་ བོར་མི་བརྗོད་པར་རང་སྲེག་ལམ་སྟོན་ཡི་གེ་ཞེས་འུད་ཀྱིས་སྒྲོགས་པ་ནི་སྐྱོན་ འཛུགས་ས་མ་རག་པར་ཆེད་དུ་ཁ་གཞན་ལ་གཡར་བ་ཡིན་པ་གསལ་ལོ།

༧ ༽ “ཉེ་བའི་ཆར། ཏཱ་ལའི་རུ་ཚོགས་ཀྱིས་དྲ་ཐོག་ནས་“རང་བསྲེག་ལམ་སྟོན་ཡི་གེ་”ཞེས་པའི་རྩོམ་ཡིག་ ཅིག་སྤེལ་ཡོད་པ་དང་། ཡོངས་གྲགས་ཐོག་གཞིས་བཞུགས་བོད་པ་རྣམས་ཀྱིས་“འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ རང་བསྲེག་བྱེད་དགོས་པའི་རྒྱུད་སྐུལ་བྱེད་ཀྱིས་ཡོད།” “རང་བསྲེག་ལམ་སྟོན་ཡི་གེ” ཞེས་པའི་རྩོམ་ཡིག་འདིས་མི་སྤྱོད་ལས་འདས་པའི་རང་སྲེག་འཆར་གཞི་དང་གོ་སྒྲིག་ བྱེད་པའི་དུས། རྣམ་གྱུར་འདི་ལྟར་བབ་ལྷོད་དང་། བསམ་བློ་འདི་ལྟར་ཞིབ་ཚགས་ཤིག་རེད། འདི་ནི་ཏཱ་ལའི་རུ་ཚོགས་ཀྱི་དམངས་ཁྲོད་འགུལ་ཤུགས་ནང་དམིགས་བསལ་ལྗིད་ཁོག་ལྡན་ པ་ཞིག་ཀྱང་ཡིན་པས། མགྱོགས་མྱུར་ངང་མི་དམངས་ཀྱིས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར། རྩོམ་ཡིག་འདི་ཉིད་མི་སྒེར་གྱི་མིང་ཐོག་ཏུ་སྟོན་པ་ནི། “བཙན་བྱོལ་གཞུང” གིས་རང་ཉིད་འཛམ་གླིང་མི་དམངས་ཀྱིས་རང་སྲེག་ལས་འགུལ་ལ་འགན་འཁྲི་གཡོག་པར་ གཡོལ་ཐབས་བྱེད་ཐབས་ཙམ་ཡིན།”  རྒྱ་ཆེའི་ཀློག་མཁན་རྣམ་པ། འདི་ནི་འཁྱོག་བཤད་རྩོམ་ཡིག་གི་ཐོག་མར་གླེང་སློང་བའི་ངའི་རྩོམ་ཡིག་ལ་ནག་ འགེལ་གྱི་སྡོམ་ཚིག་དེ་རེད། མི་སྒེར་བ་ཞིག་གི་རེ་སྐུལ་ཉི་ཚེ་བ་ཞིག་ལ་འདི་ལྟར་གཞུང་འབྲེལ་གྱི་ནག་ཞྭ་ཆེན་ པོ་ཞིག་གཡོག་སྟངས་འདི་རྒྱ་ནག་དམར་གཞུང་གི་སྲིད་དོན་པ་ཚོའི་ངན་གོམས་ཤིག་ཡིན་ པར་མ་ཟད། དེ་ནི་ཆེས་འུ་ཐུག་པའི་བསྙོན་འཛུགས་ཤིག་དང། ཆེས་དགོད་བྲོ་བའི་སྐྱོན་བརྗོད་མ་རེད་དམ།  ཡེ་རྡོར་གྱི་འཁྱོག་བཤད་ནི་རྒྱ་དམར་གཞུང་གི་ཧམ་བཤད་ཀྱང་ཡིན་ཏེ། “རྨ་ལྷོ་ཁུལ་གྱི་རང་སྲེག་གི་ལྟག་རྒྱབ”ཅེས་པའི་ཀྲུང་དབྱང་བརྙན་འཕྲིན་ནང་ལ་ འདི་དག་ལུང་འདྲེན་གྱིས་བོད་ནང་གི་རང་སྲེག་འདི་དག་གི་འབྱུང་རྐྱེན་དང་ངན་ སྐུལ་བྱེད་མཁན་བཙན་བྱོལ་གཞུང་ངམ་ཏཱ་ལའི་རུ་ཚོགས་ཡིན་པར་ཧམ་བཤད་ཀྱིས་རིགས་ སོ་སོའི་རྒྱལ་ཡོངས་མི་དམངས་ལ་བསླུ་བྲིད་བཏང་ཡོད། གལ་ཏེ་རང་སྲེག་གི་བརྒྱུད་སྐུལ་རིགས་ཤིག་བྱས་ཡོད་པའི་དབང་དུ་བཏང་ཡང་ནུས་པ་ དེ་ཙམ་ཞིག་ཐོན་མི་སྲིད་དེ། ཚང་མ་སེམས་ཁམས་ཐང་ཐང་མེད་པ་ཞིག་ཡིན་ན་མ་གཏོགས་ཁྱོད་སྲེགས་ཟེར་ན་ལགས་སོ་ཟེར་ མཁན་ཞིག་ག་ལ་ཡོད། བསྙོན་འཛུགས་འདིས་མ་བསམ་ནས་རྒྱ་གཞུང་གིས་གཞིས་ལུས་བོད་མི་དམངས་ཀྱིས་༸རྒྱལ་ བ་ཡིད་བཞིན་ནོར་བུ་དང་ཁོང་གི་གཞུངས་དམངས་ཡུལ་གྱར་བ་དག་ལ་རེ་ལྟོས་དང་གུས་ བརྩི་བླ་མེད་ཅིག་བྱེད་ཀྱིན་པར་ཁས་ལེན་ཤོར་བ་ཡང་མིན་ནམ། བདེན་པས་ཕོངས་ན་འདི་ལྟར་བསྙོན་འཛུགས་པ་ལས་ཐབས་གཞན་མེད་པའི་རང་མཚང་དམར་རྗེན་ དེ་ད་ལྟ་ཉིན་རེ་བཞིན་དུ་ཕྱི་གསལ་ནང་གསལ་ཡིན་ལ། ཧམ་བཤད་དང་འཁྱོག་རྩོམ་འདི་དག་གིས་ང་ལ་རྫུན་གྱི་མཛུབ་མོས་བདེན་པའི་གནམ་མི་ ཁེབས་པའི་གནས་ལུགས་དེ་མངོན་པར་བསྟན་ཞིང་བདེན་པ་ཉིད་རྣམ་པར་རྒྱལ་བར་འགྱུར་ བར་ཡང་ཡིད་ཆེས་ཆེ་རུ་བཏང་སོང་ངོ། དམར་་གཞུང་གིས་རང་སྲེག་འདི་བཙན་བྱོལ་བོད་གཞུང་ནས་བརྒྱུད་སྐུལ་བྱས་ཚུལ་དང། ༢༠༠༨ལོའི་བོད་ས་ཡོངས་ཀྱི་དུས་གཅིག་ཞི་རྒོལ་ཆེན་མོ་ཡང་འདི་ནས་བརྒྱུད་སྐུལ་ ཡིན་ཚུལ་ནས། ༡༩༥༩ལོའི་ལྷ་སའི་མི་དམངས་སྒེར་ལངས་ཆེན་མོ་ཡང་བརྒྱུད་སྐུལ་ཡིན་པ་སོགས། མདོར་ན་རྒྱ་དམར་དཔུང་དམག་གིས་༡༩༥༠་ལོར་བོད་ལ་ཐོག་མར་བཙན་འཛུལ་བྱས་པ་ནས་ད་ ལྟའི་བར་གྱི་བོད་ཆོལ་ཁ་གསུམ་ནས་བྱི་ལོང་ས་འབུར་བཞིན་དུ་མཚམས་མ་ཆད་པར་ཞི་ དྲག་གི་ངོ་རྒོལ་ཆེ་མ་ཆུང་གསུམ་ཅི་རིགས་བྱུང་དང་འབྱུང་བཞིན་པ་ཡོད་ཚད་བོད་ གཞུང་དང་ཕྱི་རྒྱལ་བའི་བརྒྱུད་སྐུལ་ཁོ་ན་ཡིན་ཚུལ་ལ་སྒྲོ་འདོགས་པ་ལས་བོད་མི་ དམངས་རང་སྟེང་ནས་བྱུང་བའི་སེམས་ནད་བཟོད་དཀའ་བ་ཞིག་དང་རེ་སྤོབས་ཆེན་པོ་ཞིག་ གི་དང་བླངས་ངོ་རྒོལ་གྱི་རླབས་རྒྱུན་དྲག་པོ་ཞིག་ཡིན་པ་ངོས་ལེན་གཏན་ནས་མེད་ ཁར་འདི་ལྟར་མངོན་སུམ་འཛེམ་མེད་ཀྱིས་མི་ལོ་དྲུག་ཅུ་ལྷག་ལ་ཧམ་བཤད་མགོ་སྐོར་ གྱི་དྲིལ་བསྒྲགས་ཏེ་ད་ལྟ་གློག་འཕྲུལ་དུས་རབས་སུ་ཡང་མཁྲེགས་འཛིན་རྒྱུན་ འཁྱོངས་ཀྱི་རང་གཤིས་འདོར་གྱིན་མེད་དོ། 

འཁྱོག་ བཤད་ཀྱི་མཇུག་ལ། “རང་ཉིད་གསོན་པོར་སྡོད་པ་ཚོར་མི་གཞན་འཆི་རུ་འཇུག་པའི་དབང་ཆ་མེད། གལ་སྲིད་འཆི་རྒྱུ་ནི་དོན་བཟང་ཞིག་ཏུ་འདོད་ན། ཐོག་མར་ཉིད་འཆི་རུ་རྒྱུགས” ཞེས་ལུའུ་ཞུན་གྱི་གསུང་དུམ་ཞིག་བཀོད་འདུག ངས་ནི། “རང་སྲེག་མཚམས་འཇོག་རོགས། གསོན་པོར་བྱ་བ་ཡག་པོ་ཞིག་སྒྲུབ་རོགས”ཞེས་ཞུ་བ་འཐེན་ཡོད་པས་འདི་ང་ཚོར་བཤད་པ་ ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་རང་རེད། ངས་བསམ་ན་མི་དམངས་ས་ཡ་དུ་མ་རྐྱེན་འདས་སུ་བཏང་ཞིང་ད་དུང་ཡང་གྲངས་ཉུང་མི་ རིགས་ཀྱིས་གཙོས་དམངས་གཙོ་དོན་གཉེར་བ་མང་པོ་འཆི་ལམ་དུ་འདེད་ཀྱིན་པའི་རྒྱ་ དམར་གུང་ཁྲན་ཏང་ལ་འདི་ཉིད་ཤིན་ཏུ་འཚམ་མོ། 

དེ་ ལྟར་ན་དོན་ངོ་མའི་ཐར་དཀའ་བའི་སྨྱོན་གཤིས་ཅན་དེ་སུ་ཡིན་ཧ་ཅང་གསལ་བས། ཡེ་རྡོར་གྱི་རྩོམ་ཡིག་ནང་གི་ཧམ་བཤད་ལྷག་མ་དག་ཀྱང་གཞི་མེད་རྩ་བྲལ་དུ་གོ་ནུས་ པས་འདིར་རེ་རེ་བཞིན་ལན་འདེབས་ཀྱི་ངལ་བ་མ་བརྟེན་ནོ།།

༢༠༡༣།༣།༢༧། གཟའ་ལྷག་པར་ཤར་མར་བྲིས་སོ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php