༄༅།།བཙན་བྱོལ་བོད་མིའི་དམངས་གཙོ་སྤེལ་རིམ་རགས་ཙམ་གླེང་བ།

 

    ཕྱི་ཟླ་དགུ་བའི་ཚེས་གཉིས། ཉིན་མོ་འདི་ནི་ང་ཚོ་བཙན་བྱོལ་དུ་སླེབས་པའི་ཆེས་ཐོག་མའི་གཟི་བརྗིད་ཀྱི་ཉིན་མོ་ཞིག་ཡིན་ལ་ཆེས་མཐའ་མ་བར་དུ་རྒྱུན་སྐྱོང་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན། རྒྱུ་མཚན་ཉིན་མོ་འདི་ཁོ་ན་ཡོད་ན་གཞི་ནས་དམངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཡོད་པ་ཡིན་ལ་རང་དབང་ཞེས་པའི་དར་ཆ་ཡང་སྒྲེང་ཆོག་ཆོག་ཡིན། ལྷག་པར་དུ་ཡང་བསམ་བློ་དང་གསར་གཏོད་ཀྱི་རང་དབང་ལ་སྐྱོད་ཐུབ།
    ༡༩༥༩་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་བོད་ཟླ་༡༢་ཚེས་༧། (ཕྱི་ལོ་༡༩༦༠ཟླ་༢ ནང་) གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་ལུགས་གཉིས་གཙོ་བདག་༸རྒྱལ་བ་ཡིད་བཞིན་ནོར་བུར་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་ཕུལ་དུས། ༸གོང་ས་མཆོག་གིས། ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་གཞུང་ཞིག་གསར་འཛུགས་ཡོང་བར་ཐོག་མར་མི་དམངས་འཐུས་མིའི་ཚོགས་འདུ་ཞིག་དགོས་པ་དང། དེ་ཡང་གནས་སྐབས་རིང་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ཇི་བཞིན་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་བདམས་པ་རྣམ་པས། ༡༩༦༠ ཟླ་༩ ཚེས་༢ ཉིན་དམ་འབུལ་ཞུས་ཏེ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཐོག་མ་དབུ་བརྙེས།
    དེ་མཚུངས་དེ་སྔའི་གཞུང་གི་སྲི་ཞུའི་ལས་བྱེད་ཕ་ཤུལ་བུ་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་ལེགས་བཅོས་ཀྱིས། ལས་ཁུངས་ཆེ་ཁག་ལྔ་དང་ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་འགན་འཛིན། དྲུང་ཆེ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་འོས་བསྡུ་གནང་བ་ལྟར་མི་གྲངས་ཉི་ཤུ་རྩ་དགུ་གཞུང་ཞབས་སུ་བསྐོས།
·      དེ་དུས་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་ཚོགས་འདུའི་འགོ་འདོམས་སྤྱི་འཐུས་རེས་མོས་ཀྱིས་བྱེད་པ་གཏན་ལ་ཕབ།
    ༡༩༦༡།༡༠།༡༠་ལ་༸གོང་ས་མཆོག་གི་རྩ་ཁྲིམས་གསར་བའི་ཟིན་བྲིས་རིན་པོ་ཆེ་ཡོངས་ཁྱབ་འགྲེམས་སྤེལ་བསྐྱངས་ཏེ། སྤྱི་འཐུས་དང་། གཞུང་ཞབས་ལས་བྱེད། བོད་མི་འདུས་སྡོད་ཡོངས་ནས་འཐུས་མི་ཆེད་གཉེར་བཅས་ཚང་འཛོམས་ཐོག རྩ་ཁྲིམས་ཟིན་བྲིས་སུ། “ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་པ་བྱུང་ན་རྩ་ཁྲིམས་དང་། ཚོགས་འདུའི་འགྲོ་ལུགས་དང་མཐུན་པར་ཐག་གཅོད་བྱེད་རྒྱུ” ཞེས་པ་དེར་ཚང་མས་ངོས་ལེན་གནང་ཐུབ་མེད།
    ༡༩༦༣།༣།༡༠་ཉིན། མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཡོངས་ཀྱབ་གསལ་བསྒྲགས་བསྐྱངས་པ་དང་འབྲེལ། “དེ་རིང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོ་ཞིག་བྱེད་པ་ལ་དམངས་གཙོ་ཞེས་པའི་གོ་ དོན་ལེགས་པར་ཤེས་དགོས། དཔེར་ན། དམངས་ཞེས་པ་རིགས་རུས་དང། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་དམངས་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང་། གྲ་མ་འགྲིག་པ་མ་གཏོགས་ཡོང་རྒྱུ་མེད་”ཅེས་དམངས་གཙོའི་གོ་རྟོགས་སད་དགོས་པའི་སྐུལ་ལྕག་གནང་ཡོད།
     ༡༩༦༣།༤།༤ ཉིན་བོད་མི་མང་སྤྱི་འཐུས་དང་བཅས་པའི་ལས་བྱེད་རྣམས་ནས་རྩ་ཁྲིམས་ཟིན་བྲིས་ལག་ བསྟར་ཞུ་ཕྱོགས་གྲོས་བསྡུར་གནང་ནས། སྤྱི་འཐུས་ཀྱི་སྒྲིག་འཛུགས་འདིས་སྔ་འཕྲོས་རྒྱལ་ཡོངས་ཚོགས་ཆེན་དང་། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ་དང། འཐུས་མིའི་ཡུན་ཚད་ལོ་གསུམ་རེ་བྱ་རྒྱུ། ཚོགས་འདུ་གལ་ཆེའི་སྐབས་ཕྱོགས་མཐའི་སྡོད་སྒར་ཁག་གི་འཐུས་མི་ཁག་ནས་བསམ་འཆར་ འདོན་རྒྱུ་དང་། འཆར་འཕར་ཚོགས་འདུ་ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་རྣམས་ནས་ལས་དོན་སྙན་སེང་དང་བསམ་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐག་གཅོད་གནང་རྒྱུ་བཅས་ཀྱི་གྲོས་ཆོད་བཞག
·      ༡༩༦༤ ལོར་སྐབས་གཉིས་པའི་སྤྱི་འཐུས་ནས་ཚོགས་གཙོ་བགྲེས་གཞོན་གཉིས་འདེམས་བསྐོ་གནང་སྲོལ་བཙུགས་པ་མ་ཟད། ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་དང་། རྩ་ཁྲིམས་དགོངས་དོན་ལྟར། ༸གོང་ས་མཆོག་གིས་རྩོམ་རིག་དང་ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་བསྐོ་འཇོག་ གནང།
      སྤྱི་ལྷན་ནས་སྙན་སེང་ཕུལ་བ་ལྟར། ༡༩༦༤།་༢།༨ ནས་བཟུང་། བོད་མིའི་སྡོད་སྒར་ཆེ་ཁ་རྣམས་སུ་ས་ཁུལ་རང་ཁོངས་ཀྱིས་བདམས་པའི་སྒར་འཐུས་གསུམ་རེ་དོན་གཅོད་ལས་རོགས་སུ་བསྐོ་བཞག་དང་དེའི་སྒྲིག་གཞི་གཏན་ལ་ཕབ།
·      ༡༩༦༥ ལོར་ལས་བྱེད་ཁོངས་སུ་ཛ་ཐའི་ཟེར་བ་སོགས་གཞུང་རྙིང་པའི་གོ་མིང་ཅི་ཡོད་ཕྱིར་བསྡུ་གནང།
    ༡༩༦༦།༥།༣ ཉིན་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ཟུར་དུ་བཙུགས། (སྤྱི་འཐུས་རྣམས་དེ་སྔོན་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་ཕྱག་ལས་གནང་གི་ཡོད།)
·      ཚོགས་གཙོ་བགྲེས་གཞོན་གཉིས་ལ་བཀའ་བློན་དང་། སྤྱི་འཐུས་རྣམ་པར་བཀའ་བློན་ལས་རོགས་དང་འདྲ་བའི་མཚན་གནས་གནང།
·    ༡༩༦༩ ལོ་ནས་གཞིས་འགོ་བདེ་དོན་དང་། ས་ཁུལ་སོ་སོའི་མི་འཐུས་བཅས་ཀྱང་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུ་གཏན་ལ་ཕབ།
·      ༡༩༧༣།༨།༢༥ ལ་གཞུང་ཞབས་སྲི་ཞུ་བའི་སྒྲིག་གཞི་གསལ་བསྒྲགས་བསྐྱངས།
     ༡༩༧༤།༡༡།༢༡ ཉིན་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གཏན་འབེབས་གསལ་བསྒྲགས་གནང་། བུད་མེད་སྤྱི་འཐུས་ལ་དམིགས་བསལ་གྲངས་བཅད་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་ཆོག་པ་བཟོས།
     ༡༩༧༥ ལྷན་ཁང་ཁག་གི་ལོ་འཁོར་དངུལ་རྩིས་ཁག་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་གནང་རྒྱུར་ཐུགས་གཏན་འཁེལ་གྱིས་དངུལ་རྩིས་སྒྲིག་གཞི་ཡང་གཏན་འབེབས་གནང་།
     ༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་༦ པའི་ཐོག ཕྱི་ཟླ་༩ ཚེས་༢ ཉིན་དམངས་གཙོའི་དུས་ཆེན་བརྩི་སྲུང་གིས་གཞུང་འབྲེལ་གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་།
·      ༡༩༧༧།༡༠།༥ ནས་བཟུང་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས་གསར་བསྐོ་བསྐྱངས།
    ༡༩༧༩།༧།༢༣ ཉིན་བཀའ་བློན་རྣམ་པའི་དུས་ཡུན་ལོ་ལྔར་གཏན་འབེབས་མཛད།
      ༡༩༨༡ ལོ་ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལ་བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ཆེན་ཞེས་སྒྲིག་གཞི་གཏན་འབེབས་ཀྱིས་ལོ་གཉིས་རེ་ནས་ཚོགས་ཆེན་ཐེངས་རེ་གནང་རྒྱུར་ཐག་བཅད།
     ༡༩༨༢།༡།༥ ལ་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་སྲི་ཞུ་ཚོགས་ཆེན། ལོ་འཁོར་དངུལ་རྩིས་ཚོགས་འདུ་སོགས་གཞི་རྒྱ་ཆེ་བའི་འཆར་འཕར་ཚོགས་འདུ་ཚང་མ་ སྤྱི་འཐུས་ཚོགས་གཙོ་གཉིས་ནས་འགན་འཁུར་གཙོ་སྐྱོང་གནང་རྒྱུར་ཐག་བཅད།
     ༡༩༨༤ ལོར་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ།
    ༡༩༩༠།༥ ནང་བཙན་བྱོལ་བོད་མིའི་མི་འཐུས་༣༦༩ ཙམ་འདུས་པའི་དམིགས་བསལ་ཚོགས་ཆེན་བསྡུས་ཏེ། བར་བརྒལ་བཀའ་བློན་འོས་འདེམས་དང་སྤྱི་འཐུས་གྲངས་ཚད་སྤར་ཆ་གནང་རྒྱུ་སོགས་ཀྱི་གྲོས་ཆོད་བཞག
    ལོ་དེར་༸གོང་ས་མཆོག་གིས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་བསྐྱངས་ཤིང། ཆོལ་ཁ་གསུམ་སོ་སོར་སྤྱི་འཐུས་བཅུ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པར་སྤྱི་འཐུས་གཉིས་རེ། ཐད་བསྐོས་སྤྱི་འཐུས་གཅིག་ནས་གསུམ། བྱང་ཨ་རི་ནས་དང་ཡུ་རོབ་ནས་སྤྱི་འཐུས་རེ་རེ་བཅས་༤༦ ལ་སྤར།
    ༸གོང་ས་མཆོག་གིས་སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་བ་ཚོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱེད་ཐུབ་དགོས་པའི་བཀའ་གནང་བ་ལྟར། ༡༩༩༡ ཟླ་༦ ཚེས་༡༤ ཉིན་གཏན་འབེབས་དང་། ཟླ་༦ ཚེས་༢༨ ཉིན་ཆོག་མཆན་གསལ་བསྒྲགས་བསྐྱངས།     དུས་དེ་ནས་བཟུང་སྤྱི་འཐུས་འོས་འདེམས་བྱུང་བ་རྣམས་ལ་བཀའ་འཁྲོལ་ཕྱག་རྟགས་གནང་སྲོལ་ཡོད་པ་དེ་དག་ཀྱང་མཚམས་བཞག
     ༡༩༩༡ ལོ་ནས་༢༠༠༡ བར།  ༸གོང་ས་མཆོག་གིས་་བཀའ་བློན་འོས་དམིགས་མིང་འདོན་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་གསང་བའི་འོས་འཕེན་མང་རིམ་རྩེ་བཏོག་གིས་གྲངས་བདུན་ནམ་བརྒྱད་འདེམས་བསྐོ་བྱེད་སྲོལ་བཏོད།
     ད་དུང་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་བཅས་རང་དབང་ལྡན་པའི་ལས་ཁུངས་གསུམ་བཅའ་ཁྲིམས་དགོངས་དོན་ལྟར་གསར་འཛུགས་དང་ལེགས་བཅོས་གནང།
      ༸གོང་ས་མཆོག་གིས་བཀའ་བློན་ཁྲི་པ་འོས་བསྡུ་གནང་ཕྱོགས་ལ་བསྐྱར་བཅོས་དགོས་ངེས་ཀྱི་བཀའ་སློབ་ལམ་སྟོན་ནན་མོ་ཕེབས་པ་བཞིན། བཙན་བྱོལ་བོད་མི་ཡོངས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་བཀའ་བློན་ཁྲི་པ་བསྐོ་བཞག་དང་། བཀའ་བློན་ཁྲི་པ་དེས་བཀའ་བློན་བདུན་ལས་མ་བརྒལ་བའི་འོས་གཞི་བཏོན་པར་སྤྱི་འཐུས་ཀྱིས་མང་མོས་གཏན་འབེབས་དགོས་པར་བཅའ་ཁྲིམས་སུ་གཏན་ལ་ཕབནས། ༢༠༠༡ ལོར་བཀའ་ཤག་སྐབས་༡༢ པའི་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུ་གནང་ཡོད།
    ༢༠༡༡།༣།༡༤ ཉིན་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་དང་འབྲེལ་བའི་བཅའ་ཁྲིམས་ལེགས་བཅོས་དགོས་པའི་གསུང་འཕྲིན་བཟློག་ཏུ་མེད་པ་གྲོས་ཚོགས་སུ་བསྩལ་བ་ལྟར་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ཐོད་བརྒལ་གྱི་འགྱུར་བ་བྱུང་སྟེ། ༸གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་དམངས་གཙོའི་ཀ་བ་གསུམ་པོའི་དབུ་ཁྲིད་རྣམ་པས་ཐུགས་འགན་གཙང་བཞེས་ངང་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་གྱི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པ་༢༠༡༡ ཟླ་ ༥ ཚེས་ ༢༩ ནས་རྩ་འཛིན་བྱས་པ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ལྟར་མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་གསར་བ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་འགན་ཁུར་ནས་ཕྱག་ལས་གནང་བཞིན་པ་འདི་ལགས་སོ།
    འདིར་ཁ་སྣོན་ཞུ་འོས་པ་གཅིག་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡང་༡༩༨༦་ལོར་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་མ་གནང་སྔོན་ལ་ཡང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོངས་ཀྱིས་སྦྱང་བཤད་གནང་བ་དང། ༡༩༩༦ནས་༡༩༩༧བར་ལ་སླར་ཡང་མང་མོས་ཐག་གཅོད་གནང་བཅུག་མཐར་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་གནང་སྟེ་མཇུག་སྐྱོང་གནང་བ་ཞིག་ལས་སྒེར་གཅོད་གནང་ཚུལ་ ཞིག་རྩ་བ་ནས་མེད་པ་དེའོ།

    དེ་ལྟར་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་དམངས་གཙོའི་འཕེལ་རིམ་འདི་མགོ་ནས་མཇུག་བར་དུ་༸གོང་ས་མཆོག་གིས་ཕ་མཛངས་པས་ཕྲུ་གུར་བདག་སྐྱོང་གནང་བ་ལྟར་གོམ་པ་རིམ་བགྲོད་ཀྱིས་མ་ཡོང་ཐབས་མེད་ཀྱི་གནས་བབ་ཅིག་ཆགས་ཡོད་པ་གསལ་རྟོགས་ཐུབ་དགོས་ལ། ཚུལ་འདི་ཁོ་ནས་ཀྱང་ཐབས་མཁས་ཐུགས་རྗེའི་མཛད་པ་སྤྱི་ལ་མོས་གུས་དང་ཡིད་ཆེས་གནང་འོས་པ་ཞིག་ཡིན་ན་ཡང། སྣང་བ་མཐོ་བའི་རང་རློམ་པ་མི་ཉུང་བ་ཞིག་གིས་མི་རིགས་ཀྱི་ཞེན་ཁོག་སྐམ་པོ་ཞིག་གིས་ཡུལ་དུས་གནས་བབ་ལས་བརྒལ་བའི་སྟོང་བཤད་བྱེད་པ་འདི་ཡིད་སྐྱོ་བློ་ཕམ་གྱི་གནས་སོ།།

 

དམངས་གཙོ་དམངས་ལས་མ་བྱུང་ཁྱེད་ལས་བྱུང། །ཁྱེད་ཀྱིས་ཐབས་མཁས་དུ་མས་ཚད་མཐོར་སྤེལ།།
དེ་བས་ཁྱེད་ཀྱི་ལུགས་གཉིས་དམངས་གཙོ་འདི། །མི་རིང་གངས་ཅན་ལྗོངས་སུ་རྒྱལ་གྱུར་ཅིག །


    ཅེས་སྙིང་ཐག་པ་ནས་ཡི་རང་སྨོན་པ་དང་བཅས་གང་གི་ཆབ་འབངས་པ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་༢༠༡༣།༨།༣༠ ལ་མཚམས་སྦྱར་བ་དགེའོ།། །།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php