བདེན་པ་བཅུ།

 

          ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་དང་གསུང་འཕྲིན་ཁ གསལ་དང། གྲོས་ཚོགས་ཀྱིས་བགྲོ་གླེང་སྦྱང་བཤད། མི་མང་གི་ཚོགས་ཆེན་དང་བཅས་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་ཟབ་ཅིང་རྒྱས་པ། ཕྱི་གསལ་ནང་གསལ་། དོ་ཁུར་གཟབ་ནན་གྱི་བརྒྱུད་རིམ་ཆ་ཚང་ཞིག་ཡོད་བཞིན་དུའང་གློ་བུར་བའི་འགྱུར་བ་དང་མ་བརྟགས་པའི་སྒྱུར་བཅོས་སོགས་སུ་སྨྲ་བའི་ཐག་ཉེ་རིང་ཀུན་ནས་ཧ་གོ་ལ་མ་གོ་བའི་ཚུལ་དུ་ཚོར་སྣང་གི་དཔྱད་བརྗོད་སྤེལ་ཁུལ་བྱེད་པ་འདི་རིགས་ཀྱིས་མ་མཐར་ཡང་བདེན་པ་འདི་བཅུ་ཡིད་ལ་ངེས་པར་གྱིས།

          གཅིག དེ་སྔ་ཞིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་གཏམ་བཤད་དང་ཡིག་ཆ་མང་པོའི་ནང་ལ་བསླེབས་ཟིན་ཞིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ངོས་ནས་དེ་ཉིད་བཅའ་ཁྲིམས་སུ་གཏན་ལ་འབེབས་པའི་རྒྱབ་གཉེར་ཞུས་པ་བདེན།

          གཉིས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག'བཙན་བྱོལ་བོད་གཞུང'ཟེར་བའི་མཚན་བྱང་རང་འཇགས་འཇོག་རྒྱུར་མང་མོས་བྱུང་བ་བདེན།

          གསུམ། གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་བསམ་འཆར་སྙན་ཞུ་ཕུལ་མ་ཐག་ཚོགས་ཞུགས་པ་ཡོངས་ལ་སྤྱིར་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་དང་བྱེ་བྲག་ཏུ་བོད་གཞུང་ཟེར་བར་ཡང་མིང་སྒྱུར་གནང་གལ་ཆེ་ཚུལ་སྐོར་ལ་བཀའ་སློབ་ཞིབ་པར་ཕེབས་པའང་བདེན།

          བཞི། སྐབས་དེར༸གོང་ས་མཆོག་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་སྒྱུར་ན་ཅི་འདྲ་འདུག་ཅེས་དགོངས་ཚུལ་གསུངས་པའང་བདེན།

          ལྔ། ཕྱི་ཉིན་གྲོས་ཚོགས་ལ་བསྩལ་པའི་བཀའ་ལན་ནང་བཙན་བྱོལ་སྒྲིག་འཛུགས་ཞེས་བཀོད་འདུག་པ་དང། ཚོགས་གཙོ་མཆོག་གིས་ཁ་སང་གསུངས་པ་དང་དེ་རིང་གི་དེ་མི་འདྲ་བས་ཞལ་པར་ཐོག་ནས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལ་དོགས་སློང་གི་དྲི་བ་ཞིག་གནངས་རྗེས་སླར་ཡང་བོད་མིའི་སྒྲིག་འཛུགས་་སུ་སྒྱུར་དགོས་བཀའ་ལན་བསྩལ་པའང་བདེན།

          དྲུག ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་ནང་ཚོགས་གཙོས་གནང་སྟངས་དེ་མི་འོས་ཚུལ་གསུངས་པ་དང། ཡང་མཐར་ཚོགས་གཙོས་ཡར་བཀའ་འདྲི་ཞུས་པ་དེས་མཚན་བྱང་ཇེ་ལེགས་ལ་སོང་ཚུལ་དང། ཚོགས་གཙོར་སྐྱོན་བརྗོད་ཀྱི་སྐད་ཆེ་དེ་དག་ཕྱིར་འཐེན་བྱས་པར་མ་ཟད་དགོངས་དག་ཀྱང་ཞུས་པ་བདེན།

          བདུན། གྲོས་ཚོགས་ནང་བདག་གིས། ༸གོང་ས་མཆོག་གིས་ཞལ་ནས་གསུངས་པ་དང་བཀའ་ལན་ཕེབས་པ་གཉིས་ལ་བསམས་ཏེ། གངས་ལྗོངས་བོད་མིའི་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་མིང་ཆ་ཚང་དང། དེ་བསྡུས་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་༸འོས་ཚུལ་བཤད་ཀྱང་རྒྱབ་རྩ་བྲལ་མཐར་བོད་མིའི་སྒྲིག་འཛུགས་ཞེས་པར་སྤྱི་མོས་གཏན་ལ་ཕབ་པའང་བདེན།

          བརྒྱད། གངས་ལྗོངས་ཞེས་པ་བོད་ཡུལ་དང་། བོད་མི་ཞེས་པ་བོད་ཀྱི་ཡུལ་མི་ཚང་མར་གོ་བས། འདི་གཉིས་གང་གི་ཐོག་ནས་མིང་བཏགས་ཀྱང་དོན་ལ་ཁྱད་པར་ཆེན་པོ་ཞིག་མེད་ལ། སྒྲིག་འཛུགས་ཤིག་ཡིན་ན་གཞུང་ཞིག་མ་ཡིན་པ་ཡིན་མི་དགོས་ལ། ཡང་གཞུང་ཞེས་པ་དེར་ངེས་པར་རྒྱལ་ཁབ་ཀྱི་མཚོན་དོན་ཡོད་པའང་མིན་པ་བཅས་ཀྱང་བདེན།

          དགུ མཐར་མཚན་བྱང་དང་བཅས་པའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞིར་འགྱུར་བ་བཏང་བ་འདི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ལ་གྲོས་ཚོགས་ཀྱིས་བསམ་ཤེས་དང་ངོས་འཛིན་ཐུབ་པའི་ཐག་གཅོད་ཅིག་ཆགས་པའང་བདེན།

          བཅུ། མདོར་ན། དམངས་གཙོའི་ཀ་ཆེན་གསུམ་པོ་སྔར་ལྟར་གནས་ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་དང་ཡང་བྲལ་མེད་པར་དེ་སྔའི་བོད་གཞུང་གི་ངོ་བོ་མ་བརླགས་པའི་ཐོག་སྲ་བརྟན་ཡུན་གནས་ཐུབ་པར་གདེང་ཚོད་ལྡན་པར་གྱུར་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གངས་ལྗོངས་བོད་མིའི་རང་དབང་དམངས་གཙོའི་སྒྲིག་འཛུགས་མཚན་དོན་མཚུངས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་ཡོད་པའང་བདེན་ནོ།

          སླར་སྨྲས་པ།

          ཡར་ལ་ཞུས་པ་བཙན་བྱོལ་བོད་གཞུང་དང། མར་ལ་གནངས་པ་བོད་མིའི་སྒྲིག་འཛུགས་ཡིན། གངས་ལྗོངས་གོ་དོན་བོད་མིས་མ་རྟོགས་མིན། གང་གི་གསུང་ལ་མངོན་པར་བཀུར་བ་སྟེ། ལེགས་ཉེས་འབྲས་བུ་དུས་ཀྱིས་སྟོན་པར་འགྱུར།

          ཁྲིམས་བཟོ་ལྷན་ཚོགས་སྔར་བཞིན་བརྗིད། འཛིན་སྐྱོང་བཀའ་ཤག་སྔར་ལས་མཐོ། ཁྲིམས་ཞིབ་ཁང་ནི་བླ་མེད་གྱུར། ཡིད་བཞིན་ནོར་བུའི་གཟིགས་སྐྱོང་བཅས། དོན་ལྔ་སྣོད་དྲུག་ཚང་བཞིན་དུ། ནང་ཁོག་སྟོངས་པར་སྨྲ་བ་མཚང།

          དོན་རྒྱུས་མངའ་མེད་པའི་འཆར་སྣང་དག ཤ་ཚ་བའི་སྙིང་གཏམ་ཡིན་ན་ཡང། ནང་མཐུན་སྒྲིལ་གཏོར་བའི་རྒྱུར་གྱུར་ན། ཕྱི་དགྲ་ལས་ཐུ་བའི་གནོད་པ་སྟེ། གཏམ་གཟབ་པར་གྱིས་དང་སྤུན་ཟླ་ཚོ།

ཆབ་བྲག་ལྷ་མོ་སྐྱབས་ཀྱིས་༢༠༡༡།༦།༣་ལ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php