༄༅།བཙན་པོའི་སྙིང་སྟོབས་ཀྱིས་བསྒྱིངས་པའི་འཇིགས་མེད་བདེན་པའི་སྐྱེས་བུ

 

བཙན་པོའི་དམག་རྟའི་རྨིག་སྒྲ་འཇགས་ན་ཡང། །དཔའ་བོའི་ང་རོ་ད་དུང་བྲག་ཅར་མཆེད། 

ཞི་བདེའི་ལམ་སྟོན་ཆེན་པོའི་ཕེབས་ཤུལ་དུ། །འཚེ་མེད་བདེན་སྐྱོང་སྐྱེས་བུ་ཕྲེང་ལ་བསྟར།

གངས་ལྗོངས་ཆོས་ལྡན་བོད་མིའི་ལས་སྐལ་ཉམ་ཐག་འདིར་ཞི་བདེས་ཁ་ལོ་སྒྱུར་མཁན་༸རྒྱལ་བ་ཡིད་བཞིན་ནོར་བུའི་ལམ་སྟོན་ཡང་དག་ལ་ངེས་པ་བརྟན་པོ་བརྙེད་ཅིང་ཡིད་ཆེས་དང་རེ་བ། སྙིང་སྟོབས་ཆིག་སྒྲིལ་གྱིས་རྣམ་དཔྱོད་ཀྱི་དཔུང་བ་མཐོ་རུ་བཏེགས་ཏེ་སྐད་གསངས་མཐོན་པོས་བདེན་པ་ངག་ཏུ་གྱེར་མཁན་དང་། ཕན་པ་ལག་ཏུ་བསྟར་མཁན་གྱི་སྐྱེས་བུ་ངོ་གནོང་མི་དགོས་པ་དུ་མ་ཞིག་ལོ་རེ་ནས་ལོ་རེར་ཕྲེང་དུ་སྒྲིག་བཞིན་པ་འདི་ནི་དོན་དངོས་དང་འཚམས་པའི་ང་ཚོའི་ཁེ་ཕན་སྒྲུབ་སྟངས་ཤིག་དང། དོན་དམ་པའི་ང་ཚོའི་རྒྱལ་ཁ་བསུ་སྟངས་དེ་ལོས་ཡིན། 

དཔེར་ན། <<བཙན་ོའི་སྙིང་སྟོབས>> <<ཤར་གངས་རི>> <<ཁྲག་ཡིག>> <<གནམ་ས་གོ་འབྱེད>> སོགས་ཀྱི་རྩོམ་པ་པོ་རྣམ་པ་ནི་རལ་གྲི་དགུང་ལ་ཕྱར་བའི་བཙན་པོའི་རྟ་དམག་ཙམ་ལས་འདས་ཏེ་གསེར་གྱི་སྙུ་གུ་ཐོགས་པའི་སློབ་དཔོན་ཐུ་མིའི་སློབ་བུ་དམ་པ་དག་ཀྱང་ཡིན་ལ། དེ་རིང་གི་གངས་རིའི་ཉི་མ། འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་མཛད་འཕྲོ་དོན་གྱིས་སྐྱོང་བའི་འཚེ་མེད་བདེན་སྐྱོང་དང་རྣམ་དཔྱོད་དཔལ་གྱིས་སྒེག་པའི་དཔའ་མཛངས་གཉིས་ལྡན་གྱི་དམག་དཔུང་གསར་བ་ཡང་ངོ།

འདི་དག་གི་ཁྲོད་ནས་དེ་རིང་སྐབས་སུ་གླེང་དགོས་པ་ཞིག་ནི་དགེ་འདུན་པ་འགར་རྩེ་འཇིགས་མེད་ལགས་ཡིན། ཁོང་གིས་༢༠༠༨ ལོར་སྐབས་དེའི་ཞི་རྒོལ་ཆེན་པོའི་གནས་ཚུལ་གསལ་བར་འཁོད་པའི<<བཙན་པོའི་སྙིང་སྟོབས>>དེབ་དང་པོ་དང་ཉེ་སྔོན་ཡང་དེབ་གཉིས་པ་བཏོན་ཡོད། དེ་བས་འདི་ལོའི་ཕྱི་ཟླ་དང་པོར་ཐེངས་གཉིས་པར་འཛིན་བཟུང་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྨ་ལྷོ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད། 

དེ་ཡང་ཁོང་གིས། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང་ཞེས་པའི་ལེ་ཚན་དུ། ད་ལྟའི་བར་དུ་བོད་ཀྱི་འཚོ་བ་དངོས་མཚོན་པའི་གཞིས་སྡོད་བོད་མིའི་བརྩམས་ཆོས་ཀྱི་རྩོམ་པ་པོའི་ཁྲོད་ན་པེ་ཅིན་སྲིད་གཞུང་གིས་ཁྲིམས་ཆད་བཀག་གཉེར་མ་བྱས་པ་ཕལ་ཆེར་མེད་ཚོད་ཡིན་ཏེ།་་་་་་་་་ ” ཞེཎ་ཆེན་པོའི་ཡིག་འབྲུ་ཁྲི་བདུན་ནས་ད་ལྟའི་བར་གྱི་རྩོམ་པ་པོ་སུམ་ཅུ་ལྷག་ཅིག་མཚམས་སྦྱོར་གནང་ཡོད་ལ། ཁོང་རང་ཉིད་ཀྱང་ལམ་ཁ་དེ་ལས་འགྲོ་ས་མེད་པ་གསལ་བོར་རྟོགས་ཡོད། ད་ལྟ་དེར་དངོས་སུ་བསླེབས་ཡོད།

ཁོང་གིས་དེབ་གཉིས་པ་འདི་རྩོམ་དགོས་དོན་ཐད་ལ། གླེང་བརྗོད་དུ། 

ཉེ་བའི་ལོ་འགའི་ནང་དུ་བོད་ཁམས་སུ་སྔ་ཕྱིར་བོད་མི་དགུ་བཅུ་ལྷག་གིས་རང་ལུས་མེ་རུ་སྒྲོན་ནས་ཞི་རྒོལ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་པའི་དྲི་བ་འདི་དུས་རྒྱུན་ང་ལ་འདྲི་མཁན་ཧ་ཅང་མང་ལ། གཞན་ཡང༌།ངས་ས་བྱི་ལོའི་ལོ་མཇུག་ཏུ་བཙན་པོའི་སྙིང་སྟོབས་དེབ་དང་བོ་རྩོམ་སྒྲིག་བྱས་ཏེ་པར་སྐྲུན་བྱས་རྗེས་ས་གནས་ཉེན་རྟོག་པས་ང་ལ་ཁྱེད་ཀྱིས་དེབ་འདི་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲི་བ་ཞིག་ཡང་དང་བསྐྱར་དུ་དྲིས་མྱོང༌།ད་ཐེངས་བཙན་པོའི་སྙིང་སྟོབས་དེབ་གཉིས་པ་བྲིས་ཏེ་པར་དུ་བསྐྲུན་རྗེས་ཁོ་ཚོས་ཡང་བསྐྱར་དྲི་བ་དེ་ང་ལ་འདྲི་བ་གདོན་མི་ཟ་བས་ངས་ཁོ་ཚོའི་དྲི་བ་དེར་དྲིས་ལན་ཞིག་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པས་ངས་དྲི་བ་འདི་གཉིས་ཀྱི་དྲིས་ལན་དཀྱིལ་གཅིག་ཏུ་བཏབ་སྟེ།དེབ་འདིའི་གླེང་གཞིར་འཇོག་རྒྱུ་ཡིན།འདི་ནི་བདག་གིས་དཔེ་དེབ་འདི་འབྲི་དགོས་པའི་དམིགས་ཡུལ་དང་ཕུགས་བསམ་ཡང་ཡིན་པས་་་་་་་་ ༡༨མདོར་ན་བོད་མི་དམངས་ཀྱི་སྐྱིད་སྡུག་ངག་ཐོག་དང་ཡིག་ཐོག་ནས་སྙན་ཞུ་འབུལ་མཁན།སེམས་ཀྱི་དཀའ་སྡུག་བརྗོད་དེ་ཁྲོམ་སྐོར་གནང་མཁན་ཚང་མར་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ།བོད་ཀྱི་སྨྲ་བརྗོད་རང་དབང་དང༌།འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫུས་བཏང་་་་་ ཞེས་སྐུ་སྲོག་མེར་སྲེག་གིས་གཙོས་བོད་མིའི་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་བདེན་པ་དོན་ཚན་བཅོ་བརྒྱད་བགྲངས་འདུག 

ད་དུང་ངའི་སེམས་གཏམ་དང་པེ་ཅིན་སྲིད་གཞུང༌ཞེས་པའི་ལེ་ཚན་གྱི་དབུར། གཅིག་ང་ལ་གནས་ལུགས་བརྗོད་རྒྱུའི་དབང་ཆའང་མེད་སོང་ན།ངས་མི་ལུས་བླངས་པ་དོན་མེད་ཡིན་པས་ང་མ་ཤི་བར་དུ་གནས་ལུགས་བརྗོད་རྒྱུ་ཡིན།དེའི་ཕྱིར་ངས་བོད་མི་རིགས་ཀྱི་སེམས་ཀྱི་བདེ་སྡུག་ངོ་མ་དེ་གནས་ལུགས་ཀྱི་ལམ་ནས་རང་ནུས་ཅི་ལྕོགས་ཀྱིས་པེ་ཅིན་སྲིད་གཞུང་ལ་བརྗོད་རྒྱུ་ཡིན།ངས་གོང་དུ་བཤད་པ་བཞིན་ང་ཚོའི་བོད་མི་རིགས་ལ་དཀའ་སྡུག་མནར་གཅོད་གཏོང་མཁན་པེ་ཅིན་སྲིད་གཞུང་ཡིན་པ་དེ་བཞིན།དཀའ་སྡུག་འདི་སེལ་མཁན་ཡང་པེ་ཅིན་སྲིད་གཞུང་ཁོ་ན་ཡིན་པས་ངས་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཞེས་སེམས་གཏམ་འབོད་སྐུལ་གྱི་རེ་ཞུ་བྱས་པ་ཡིན།” ཞེས་གསུངས་པ་བཞིན། ཁོང་གིས་བསམ་པ་རྣམ་དག་ཅིག་གིས། སྤོབས་པ་ཆེན་པོ་ཞིག་གིས། རེ་བ་ནན་པོ་ཞིག་གིས་དངོས་ཐོག་བདེན་འཚོལ་གྱིས་བོད་མིའི་གནས་སྟངས་ངོ་མ་ཞིག་སྙན་ཞུ་གནང་བར་ཡང་ཇི་མི་སྙམ་པར་བཙོན་འཇུག་ཁྲིམས་ཐག་བཅད་པ་འདིར་ང་ཚོས་གདུང་སེམས་ཆེན་པོ་དང་བློ་ཕམ་ཆེན་པོས་པེ་ཅིན་སྲིད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་པེན་གྱིས་གཙོས་པའི་བདེན་པའི་རྒྱབ་སྐྱོར་བ་ཚང་མས་བོད་ཀྱི་ཆབ་སྲིད་བཙོན་པ་པོ་རྣམ་པར་རོགས་མགོན་གང་ཐུབ་གནང་རོགས་ཞུ། དེ་བཞིན་སྐུ་ཞབས་ལིའུ་ཞའོ་པོས་གཙོས་རྒྱ་ནག་གི་ཆབ་སྲིད་བཙོན་པ་པོ་ཚང་མ་གློད་གྲོལ་ཡོང་བར་ཀྲུང་གོའི་མི་དམངས་ཚང་མས་བདེན་པའི་རྒྱབ་རྩ་གནང་རོགས་ཞུ།

ཡང། ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང༌ཞེས་པའི་ལེ་ཚན་གྱི་དབུར། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོལ་ལེན་ལ་རྡོག་བརྫུས་གཏན་ནས་མི་གཏོང༌། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐུར་འདེབས་གཏན་ནས་མི་བྱེད། ང་རང་སྨྱུག་ཐོགས་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གནས་ལུགས་ཤུགས་ཀྱིས་སྒྲོག་ངེས།འདི་ནི་ངས་རང་རིགས་སྤུན་ཟླ་ཚོར་རང་སྲོག་གཏའ་མར་བཞག་ནས་དམ་བཅས་པ་ཡིན།” ཞེས་འཁོད་ཡོད། ང་ཚོས་རང་ཉིད་བོད་པ་ཞིག་དང་ལྷག་པར་དུ་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་བདེན་སྐྱོང་གི་རྩ་དོན་ལ་བརྩི་སྲུང་ཅི་ཙམ་བྱས་ཡོད་དམ། ཇི་ལྟར་བྱེད་དགོས་སམ། འུ་ཚོས་བསམ་བློ་ནན་གྱིས་གཏོང་དགོས།

མདོར་ན། རྩོམ་པ་པོ་ཁོང་གིས་བོད་ཀྱི་ད་ལྟའི་སྐུ་སྲོག་མེར་སྲེག་གི་ངོ་རྒོལ་གྱིས་གཙོས་བོད་དང་པེ་ཅིན་སྲིད་གཞུང་བར་གྱི་ཁ་ཐག་རིང་ལ་ཁ་ཞེ་མི་མཚུངས་པ། ཕན་ལས་གནོད་པ་མང་བའི་ཕྱོགས་ཡོངས་ཀྱི་གནས་སྟངས་མང་པོ་ཞིག གོ་བདེ་ལ་ཁ་གསལ་བ། གནད་དོན་ཀུན་འདུས་ཀྱི་ཡིག་འབྲུ་བཞི་ཁྲི་ལྔ་སྟོང་ཙམ་གྱི<<བཙན་པོའི་སྙིང་སྟོབས>>དེབ་གཉིས་པ་འདི་ནི<<ཡིག་འབྲུ་ཁྲི་བདུན>>རྗེས་སུ་རྐང་པ་བཞག་ཚར་བའི་ཁ་ཚ་དགོས་གཏུགས་ཀྱི་སྙན་ཞུ་ལེགས་ཤོས་དེ་རེད་ཅེས་སྨྲ་བར་ཐལ་ལ་འདི་ཉིད་རྒྱ་ཡིག་དང་དབྱིན་ཡིག། ཧྥ་ཡིག་སོགས་སུ་གང་མྱུར་སྒྱུར་བའི་འབད་བརྩོན་ཡང་ང་ཚོ་ཚང་མས་ཞུ་འོས་པའི་རེ་སྐུལ་དང་བཅས།

དྲང་བདེན་རྒྱལ་བར་ཤོག བདེན་སྐྱོང་གི་རྩོམ་པ་པོ་རྣམས་རྒྱལ་གྱུར་ཅིག

 

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནས་གུས་ཕུལ། ༢༠༡༣།༥།༢༥

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php