རིག་གཞུང་ལ་བཙན་འཛུལ་བྱེད་པ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཡིན།
རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་སྔ་ ཕྱི་བར་གསུམ་ལ་བོད་གངས་ཅན་གྱི་ས་ཁུལ་སོ་སོར་མངོན་ཤུགས་བརྒྱུད་གསུམ་གྱི་ཐབས་ ཚུལ་སྣ་ཚོགས་ཀྱིས་བོད་མི་རིགས་ཀྱི་མི་རིགས་འདུ་ཤེས་ཉམས་དམས་སུ་བཏང་ནས་རིམ་ བཞིན་མི་རིགས་ཀྱི་ངོ་བོ་མེད་པར་གཏོང་རྩིས་བྱས་དང་བྱེད་ཀྱིན་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་མི་རབས་གསར་བའི་མི་རིགས་ཀྱི་འདུ་ཤེས་དེ་སྔར་ལས་ ཤུགས་ཆེ་རུ་གྱུར་བར་མ་ཟད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཕོད་པའི་སྙིང་སྟོབས་ གསར་བ་ཞིག་རྒྱས་ཡོད། ཉིས་སྟོང་བརྒྱད་ནས་ལར་ཞེན་དང་སྙིང་སྟོབས་འདི་བླ་ལྷག་གིས་མངོན་འགྱུར་བྱུང་ ཞིང་རྣམ་དཔྱོད་དང་དཔའ་ངར་ལྡན་པའི་ཤེས་ཡོན་པ་མི་ཉུང་བ་ཞིག་གིས་གཅིག་རྗེས་ གཉིས་མཐུད་ཀྱིས་སྙུག་རྩེ་གནད་དོན་འདིར་གཏད་ཐུབ་པ་ནི་རྒྱལ་ཁ་གསར་བ་ཞིག་ཡིན།
ཉེ་ཆར་བོད་མདོ་སྨད་ཀྱི་ས་ཁུལ་མང་པོ་ ཞིག་ལ་བོད་ཀྱི་སྐད་ཡིག་སློབ་ཚན་ཙམ་ལས་ལོ་རྒྱུས་ཀྱིས་གཙོས་རིག་གཞུང་གཞན་དག་ འཆད་གླེང་འབྲི་གསུམ་མི་ཆོག་པའི་བཙན་བཀའ་ཞིག་འབེབས་བཞིན་པ་ནི་མངོན་སུམ་འཛེམ་ མེད་ཀྱིས་མི་རིགས་ཀྱི་རིག་གཞུང་ལ་བཙན་གནོན་བྱས་པའི་ཐབས་ཟད་འུ་ཐུག་གི་བྱེད་ ཐབས་དེ་ཡིན། མི་རིགས་ཀྱི་རིག་གཞུང་བཙན་གནོན་དང་ཞོར་དུ་རྒྱའི་སྐད་ཡིག་དང་ལོ་རྒྱུས་སོགས་ ཤུགས་ཆེ་གཏོང་བཞིན་པས་བཙན་འཛུལ་གྱི་རྣམ་པ་ཡང་མངོན་གསལ་དུ་གྱུར།
དྲག་པོ་དམག་གི་བཙན་འཛུལ་གྱིས་བོད་ མི་རིགས་རྩ་མེད་གཏོང་མ་ཐུབ་པ་དང། ཞི་བ་ལྐོག་གཡོའི་སྲིད་ཇུས་ཅི་རིགས་ཀྱིས་ཀྱང་མགོ་སྐོར་གཏོང་མ་ཐུབ་པའི་གནས་ སྐབས་འདིར་མངོན་སུམ་དུ་ཞི་དྲག་གཉིས་ཀྱི་བཙན་འཛུལ་ཤུགས་ཆེར་གཏོང་བཞིན་པ་ འདིས། མི་རིགས་འདྲ་མཉམ་དང་དམངས་གཙོ་ཟེར་བ་དག་དོན་གྱིས་སྟོང་བའི་ཁ་གཡང་ཙམ་ཡིན་པ་ དངོས་སུ་ར་སྤྲོད་ཀྱིན་པ་རེད།
འོན་ཀྱང་བཙན་འཛུལ་གྱི་མེ་ལྕེ་འདིས་ བོད་མི་རིགས་ཀྱི་འཁོན་སེམས་དང་ལར་ཞེན་གྱི་མེ་རུ་འབར་གས་ཀྱིས་བཙན་འཛུལ་པ་རང་ ཉིད་བསྲེག་རྐྱེན་དུ་འགྱུར་ངེས། ང་ཚོས་མུ་མཐུད་དེ་གནས་ལུགས་དང་ཁྲིམས་མཐུན་གྱི་ཞི་བའི་ངོ་རྒོལ་གྱི་ཆུ་ལོག་ ཕྱོགས་ཡོངས་ནས་རྟོལ་དགོས།
མི་རིགས་ལ་རང་དབང་འདྲ་མཉམ་གྱི་ཐོབ་ཐང་མེད་ལ་མི་དམངས་ལ་དམངས་གཙོ་མེད་པའི་ཏང་སྲིད་འདིའི་ཚེ་སྲོག་མྱུར་དུ་འཆད་ངེས། འཆད་དགོས། འཆད་པར་ཤོག།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནས།
༢༠༡༠།༡༠།༢