མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པའི་བྱུང་བ་བརྗོད་པ།

གླེང་གཞི།


བཙན་བྱོལ་སྤྱི་ཚོགས་སུ་གནས་ཡོད་པའི་བོད་མི་དམངས་ཀྱིས་བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་ཐབས་སུ་ལམ་ཁ་གང་འདེམས་དང་སྐད་འབོད་ངོ་རྒོལ་བྱེད་རྒྱུ་ནི་ང་ཚོར་མཚོན་ན་མེད་ཐབས་མེད་པ་ཞིག་དང༌། བཙན་བྱོལ་གྱི་གནས་བབ་དང་མཐུན་པའི་གདམ་ག་དང་ལས་འགུལ་སྤེལ་ཐབས་ཡག་ཤོས་ཤིག་རེད། འོན་ཀྱང༌། བོད་ནང་ལོགས་སུ་གནས་ཡོད་པའི་རྒྱ་ཆེའི་བོད་མི་དམངས་ལ་མཚོན་ན། འདི་ལྟ་བུའི་སྐད་འབོད་ཙམ་གྱིས་ཀྱང་ཐད་ཀར་གཅེས་སྲོག་དང་ཉིན་རེའི་འཚོ་བ་ལ་འཇིགས་ཉེན་བཟོས་དང་བཟོ་བཞིན་པའི་སྐབས་འདིར། ང་ཚོས་ལས་འགུལ་གང་སྤེལ་སྐབས་སུ་ཐོག་མར་དགོངས་པ་བཞེས་དགོས་པ་ཞིག་ནི། ང་ཚོ་ཕྱི་སྡོད་བོད་མིས་ལས་འགུལ་གང་སྤེལ་ལ་བོད་ནང་མི་དམངས་ཀྱིས་དོ་སྣང་ནན་མོར་གནང་གི་ཡོད་སྟབས། ཐད་ཀར་དུ་བོད་ནང་ལོགས་སུ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ཅེས་བརྗོད་ན་མ་འགྲིག་པ་མེད། དེའི་ཆ་ནས་ང་ཚོས་ལས་འགུལ་གང་སྤེལ་སྐབས་ངེས་པར་དུ་བོད་ནང་མི་དམངས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་གཏོང་མི་དགོས་པ་ཞིག་དང་རྒྱུ་འབྱོར་གྱི་གྱོང་གུད་ཆེན་པོ་མི་ཐེབས་པར་རང་རིགས་ལ་སྨན་པའི་དགེ་ཕན་གང་ཆེར་ཡོང་ཐབས་ཤིག་གི་ལམ་ཁ་ཞིག་འཚོལ་སྒྲུབ་བྱེད་གལ་ཆེའོ། དེ་གང་ཡིན་ཞེ་ན། ང་ཚོས་བོད་ནང་མི་དམངས་ཀྱིས་ལས་འགུལ་གང་སྤེལ་ལ་ཕྱིར་བལྟ་ཞིག་བྱས་ན། ལོ་རབས་༥༠ ཡས་མས་ནས་ཁམས་དང་ཨ་མདོ་ཕྱོགས་ནས་རྒྱ་དམར་གྱིས་དྲག་པོའི་བཙན་འཛུལ་ལ་དྲག་པོས་ཁ་གཏད་བྱས་པ་དེ་དང༌། དེ་ནས་༥༩ ལོའི་ལྷ་སའི་ངོ་རྒོལ་ཆེན་པོ་དང༌། དེ་ནས་༨༧། ༨༨། ༨༩ ལོའི་གསུམ་ནང་བྱུང་བའི་ལྷ་སའི་ཞི་བའི་ངོ་རྒོལ་ནས་༢༠༠༨ ལོའི་ཟླ་༣ པ་ནས་ལྷ་ས་གཙོས་པའི་བོད་ཆོལ་གསུམ་གང་སར་སྤེལ་བའི་གཞི་རྒྱ་ཆེ་བའི་ཞི་རྒོལ་སྐད་འབོད་སོགས་ནས་ང་ཚོས་མཐོང་ཐུབ་པ་ཞིག་ནི། ལས་འགུལ་གཅིག་ནས་ལས་འགུལ་རྗེས་མ་བྱུང་བའི་བར་དུ་ཧ་ལམ་མི་རབས་གཅིག་གི་དུས་ཚོད་འགོར་ཡོད། དུས་ཚོད་དེ་འདྲ་ཞིག་འགོར་དགོས་པ་ནི། ལས་འགུལ་རེ་རེའི་ཁྲོད་ནས་བོད་མི་རིགས་ཀྱི་མི་རིགས་འདུ་ཤེས་ཟབ་པའི་རྩེ་ཕུལ་མི་སྣ་ལྷག་བསམ་དང་སྙིང་སྟོབས་ཟུང་ལྡན་གྱི་འགོ་ཁྲིད་བྱེད་མཁན་དང་ལས་འགུལ་ཁྲོད་དངོས་ཞུགས་གནང་བའི་དཔའ་བོ་དཔའ་མོ་མང་བོར་མ་ཉེས་ཁ་གཡོགས་ཀྱི་ཁྲག་དྲི་བྲོ་བའི་བཙན་གནོན་འོག་གཅེས་སྲོག་ཤོར་ཡོད་པ་དང་བཙོན་བཅུག་སྡུག་སྦྱོང་ཚད་མེད་མྱངས་པར་བརྟེན། ང་ཚོའི་མི་རིགས་ལ་གོད་ཆག་ཆེན་པོ་ཐེབས་ཡོད། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་ཐད་ནས་གནོད་སྐྱོན་ཚད་མེད་ཐེབས་ཡོད་པ་ཀུན་གྱིས་མཐོང་གསལ་རེད། སེར་མོ་བས་འགོ་ཁྲིད་ཅིང་མི་དམངས་དཀྱུས་མ་མང་བོས་རྗེས་འབྲངས་ཏེ་རྒྱ་གཞུང་ལ་ཞི་རྒོལ་བྱེད་པའི་མགོ་མཇུག་བར་གསུམ་དུ་རྒྱ་གཞུང་གི་ལས་ཁུངས་ཁག་གི་བོད་རིགས་ལས་བྱེད་དང་ཤེས་ཡོན་པས་ལས་འགུལ་ཁྲོད་མཉམ་ཞུགས་བྱས་མེད་ལ། ཞི་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཀྱིས་རྩོམ་ཡིག་འབྲི་མཁན་ཡང་རེ་ཟུང་རེད། ཡིན་ནའང་ལས་བྱེད་དེ་དག་དང་ཤེས་ཡོན་པ་དེ་ཚོར་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་མེད་ཅེས་སུ་ཞིག་གིས་བརྗོད་ནུས། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་བརྗོད་ན། རྒྱ་དམར་གྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡོངས་སུ་རྡོག་རོལ་བཏང་བའི་ད་ལྟའི་གཅིག་སྡུད་བཙན་དབང་ལམ་ལུགས་འོག་ནས། ཞི་བའི་སྐད་འབོད་དང་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བ་ལ་བརྟེན་ནས་གཅེས་སྲོག་ཤོར་བ་དང༌། ཡང་ན་བཙོན་འཇུག་ཐེབས་པ། ཡང་ན་ལས་ཁུངས་ནས་ཕྱིར་འབུད་བཏང་བ་གང་ཡིན་ཡང༌། ཐད་ཀར་མི་ཞིག་གི་ཚེ་སྲོག་དང་མི་ཚེའི་མདུན་ལམ། ཉིན་རེའི་འཚོ་བ་ལ་གྱོང་གུད་ཚད་མེད་ཐེབས་ཀྱིན་ཡོད་ལ། ཐ་ན་ཞི་བའི་སྐད་འབོད་དང་ཁྲོམ་སྐོར་ལས་འགུལ་ཞིག་ནང་མཉམ་ཞུགས་དང་འབྲེལ་བ་ཅུང་ཙམ་ཆགས་པ་ཙམ་གྱིས་ཀྱང༌། རྒྱ་དམར་གྱིས་མནར་གཅོད་ཚད་མེད་གཏོང་རྒྱུར་གདོང་ལེན་བྱེད་དགོས། དེ་ལྟ་བུའི་གནས་སྟངས་འོག ང་ཚོས་ངེས་པར་དུ་བོད་ནང་ལོགས་ཀྱི་མི་དམངས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། དེ་དང་མཐུན་པའི་སྟབས་བསྟུན་ཐབས་མཁས་ཀྱི་ཐབས་ལམ་གང་མང་འཚོལ་སྒྲུབ་དང་ངོ་སྤྲོད་བྱེད་རྒྱུ་དེའང་ང་ཚོ་བཙན་བྱོལ་གཞུང་དམངས་ཀྱི་གཡོལ་དུ་མེད་པའི་འོས་འགན་དུ་གྱུར་ཡོད་པར་འདོད་ལ། ཞི་རྒོལ་རེ་རེའི་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་དང་མཇུག་བསྡོམས་ཀྱིས། དངོས་ཡོད་ཀྱི་གནས་བབ་ལའང་འདང་ངེས་ཀྱིས་ངོས་འཛིན་དང་ཚོད་འཛིན་བྱེད་རྒྱུར་དེ་ལས་ཀྱང་གལ་ཆེན་ཆགས་ཡོད། ལྷག་པར་དུ་བོད་ནང་གི་ཤེས་ལྡན་མི་སྣ་མང་དག་ཅིག་གིས་ཐད་ཀར་དུ་ཞི་རྒོལ་ཁྲོད་མཉམ་ཞུགས་བྱེད་ཐབས་བྲལ་ཡང༌། རྒྱ་དམར་གྱི་ཁྲིམས་དང་བསྟུན་ཤེས་དང་ཐབས་མཁས་སྒོས་བོད་མི་རིགས་ཀྱི་ལེགས་བྱུང་རྒྱུན་འཛིན་དང་མི་རབས་གསར་བ་གསོ་སྐྱོང་གི་ཁུར་འགན་དང་དུ་བླངས་ཡོད། བོད་མི་རིགས་ཀྱི་དེང་སང་གི་ཕྱི་ནང་གནས་བབ་ཆ་ནས་བརྗོད་ན། བོད་ནང་ལོགས་ཀྱི་མི་དམངས་རྣམས་ཀྱིས་བོད་མི་རིགས་ཀྱི་དམིགས་འདུན་བསྒྲུབ་ཐབས་སུ། སོ་སོའི་གཅེས་སྲོག་ལ་འཇིགས་ཉེན་ཆུང་ཞིང་འཛིན་བཟུང་གི་ཉེན་ཁ་མེད་པ། ཡིན་ན་ཡང་ཉིན་རེར་བཞིན་ལས་དོན་སྒྲུབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་དང་བཅས་པ་མུ་མཐུད་དུ་ཚུལ་མཐུན་གྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལམ་ཁ་གཅིག་འདེམས་དགོས་ཡོད། ཡིན་ན་ཡང་ད་ལྟའི་གནས་སྟངས་ཆ་ནས་རྒྱ་དམར་གྱིས་རྩ་ཁྲིམས་དང་དེ་གཞིར་བྱས་ཏེ་བཟོས་པའི་གྲངས་ཉུང་མི་རིགས་ཞེས་པར་དམིགས་ཏེ་གཏན་འབེབས་བྱས་ཡོད་པའི<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་པ་དེ་དང་ཐབས་མཁས་སྒོས་བསྟུན་ཤེས་བྱེད་རྒྱུ་ཙམ་ལས་གཞན་ལམ་ཁ་གང་ཡང་མེད། ཆབ་སྲིད་ཀྱི་གནས་བབ་ཁོར་ཡུག་གི་ཆ་ནས་འདེམ་ཁ་དེ་ལྟ་བུ་ཞིག་མ་གཏོགས་ལམ་ཁ་གཞན་མེད་སྟབས། རྒྱ་གཞུང་གི་ད་ཡོད་སྲིད་ཇུས་ནང་རང་ཉིད་ལ་ཐོབ་ཐང་གང་ཡོད་པ་དེ་ཐབས་མཁས་བསྟུན་ཤེས་ཀྱིས་བེད་སྤྱོད་དང་རྩོད་ལེན། སྒྱུར་བཅོས་བྱེད་ཐུབ་མིན་དེ་ནི་ཐད་ཀར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་དང་ཆབ་སྲིད་ཀྱི་ཐོབ་དབང་རྩོད་ལེན་བྱེད་ཐུབ་མིན་གྱི་གནད་འགག་ཏུ་གྱུར་ཡོད་པ་མ་ཟད། མ་འོངས་པར་ཁྲིམས་མཐུན་སྒོས་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་ཀྱི་ཁ་ཕྱོགས་དང་བྱེད་ཐབས་ཀྱི་སྔོན་འགྲོ་ལྟ་བུ་ཡང་ཆགས་ཡོད། སྔོན་འགྲོ་དེ་ལྟ་བུར་གོམས་པ་ཡིན་ན། ད་གཟོད་བོད་ནང་ལོགས་ཀྱི་མི་དམངས་རྣམས་ཁྲིམས་མཐུན་གྱི་རང་ཉིད་ཀྱི་ཐོབ་དབང་རྩོད་ལེན་བྱེད་ཕྱོགས་ལ་གོམས་གཤིས་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ངེས་ལ། རྒྱ་དམར་ལའང་ཐད་ཀར་དུ་མངོན་གསལ་དོད་པས་དྲག་གནོན་བྱེད་རྐྱང་དང་ཉུང་མཐར་ཁྲིམས་ཐོག་ནས་ཁ་གཡར་ས་དང་ལག་འཆིང་ས་ཞིག་མེད་པར་འདོད། རྒྱ་དམར་གཏུམ་སྤྱོད་སྒྲིག་འཛུགས་ཀྱི་འོག་ལ་གནས་པའི་བོད་རིགས་མི་དམངས་ལ་མཚོན་ན། ཁྲིམས་མཐུན་གྱིས་འཐབ་རྩོད་བྱེད་པ་དེའང༌། རྒྱ་དམར་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་ཀྱི་མེད་པ་དང་དངོས་སུ་ལག་བསྟར་བྱེད་ཀྱིན་མེད་སྟབས། བསམ་ཡིད་ལས་འདས་པའི་དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་པ་བརྗོད་ག་ལ་དགོས། འོན་ཀྱང༌། དུས་རབས་ཀྱི་འགྱུར་ལྡོག་དང་མཉམ་དུ་རྒྱ་དམར་གྱི་སྤྱི་ཚོགས་གང་སར་ཡང་འགྱུར་བ་ཐེབས་བཞིན་ཡོད་ན། བོད་ནང་མི་དམངས་ཀྱིས་རྒྱ་དམར་སྤྱི་ཚོགས་ཀྱི་འགྱུར་བབ་དང་བསྟུན་ནས་ད་ཡོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པར་འཁོད་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྒྱུན་འཛིན་དང་གོང་སྤེལ་གྱིས་ཐོབ་དབང་དང༌། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་རྣམས་རྒྱུས་མངའ་ཡོད་པ་མ་ཟད། དེ་དང་བསྟུན་ཤེས་ཀྱིས་སྒོ་ནས་རང་ཉིད་ལ་ཡོད་པའི་ཁྲིམས་མཐུན་ཐོབ་དབང་ཇི་ཡོད་རྩོད་ལེན་བྱེད་རྒྱུ་ནས་འགོ་རྩོམ་ཐུབ་ན། ཕྱི་ནང་གི་མི་དམངས་ཀྱི་དམིགས་འདུན་གཞི་གཅིག་ཏུ་སྒྲིལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ཤིག་ཡིན་ལ་དེང་སང་བོད་མི་རིགས་ཀྱི་རྒྱལ་སྤྱིའི་གནས་སྟངས་དང་བོད་ཕྱི་ནང་གི་གནས་བབ་ཆ་ནས་ཀྱང་དགེ་མཚན་ཆེན་པོར་ཡོད་པར་སྣང༌། ཀུན་སློང་དེ་འདྲ་ཞིག་ལ་གཞི་བཅོལ་ཏེ་བརྗོད་ན། བོད་ནང་མི་དམངས་ལ<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་པའི་བྱུང་རྐྱེན་རྒྱབ་ལྗོངས་དང་བཅས་པར་ངོ་སྤྲོད་བྱེད་གལ་ཆེ་བ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནས་ཀྱང་རྒྱུས་ལོན་བྱེད་གལ་ཆེ་བར་འདོད།  ཡིན་ན་ཡང། ང་ཚོས་རྒྱ་ནག་དམར་ཤོག་གིས<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་པ་དེ་གཏན་འབེབས་མ་བྱས་སྔོན་གྱི་མི་རིགས་སྲིད་ཇུས་འཛིན་སྟངས་ཐད་ནས་བརྗོད་ན། ཕྱི་ལོ་༡༩༤༩ ཡར་སྔོན་དུ་མི་རིགས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང༌། ༤༩ ལོ་མཇུག་ནས་བཟུང༌། མི་རིགས་སྲིད་ཇུས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ། དེ་སྔ་རང་ཐག་རང་གཅོད་ཀྱི་གནས་བབ་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་གྱུར་ཡོད། འཕོ་འགྱུར་དེ་དག་གི་ཁྲོད་ནས་ང་ཚོས་ཐོག་མར་སྲོལ་རྒྱུན་གྱི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་སུ་མི་རིགས་རང་ཐག་རང་གཅོད་ལ་འགྲེལ་བརྗོད་བྱེད་སྟངས་ནས་དེང་སང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རང་ཐག་རང་གཅོད་ལ་འགྲེལ་བརྗོད་བྱེད་སྟངས་བར་གྱི་རྒྱུད་རིམ་དང་ཁྱད་པར་གང་ཡོད་ཤེས་ཐུབ་པ་མ་ཟད། མི་རིགས་རང་ཐག་རང་གཅོད་ནས་ང་ཚོས་ནམ་རྒྱུན་རྗོད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་འགྱུར་དགོས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཀྱང་ངེས་པར་དུ་རྟོགས་ཐུབ།
དང་པོ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་བརྗོད་པ།
མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཞག་གིས་གཏན་འབེབས་བྱས་པ་ཞིག་ཡིན་ལ། དེ་གཉིས་ཀྱི་འབྲེལ་བའི་ཆ་ནས་བརྗོད་ན། “རྩ་ཁྲིམས”ཞེས་པ་དེ་ནི་མ་ཁྲིམས་དང༌། “བཅའ་ཁྲིམས”ཞེས་པ་དེ་ནི་རྩ་ཁྲིམས་དེའི་ཁྱབ་ཁོངས་ཀྱི་བུ་ཁྲིམས་ལྟ་བུ་ཡིན། “མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས”ཞེས་པ་འདི་ཕྱི་ལོ་༡༩༨༤ ལོའི་ཟླ་༥ ཚེས་༣༡ ཉིན་རྒྱ་དམར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་པའི་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་སྟེ། ༡༩༨༤ ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང་ ༡༣ པའི་ཐོག་ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱས་པར་བརྗོད་འདུག་ལ། དེ་ལ་གླེང་གཞི་དང་ཞར་བྱུང་རྩིས་པའི་ལེའུ་བདུན་ཅན། ནང་གསེས་དོན་ཚན་༦༧ བཅས་ཀྱིས་གྲུབ་འདུག བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་༡༦ སོང་བའི་རྗེས། ཕྱི་ལོ་༢༠༠༠ ལོའི་ཟླ༡༠ ཚེས་༢༣ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག <<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དག་བཅོས་བྱ་རྒྱུའི་གྲོས་གཞི་༼མ་ཟིན་༽སྐོར་གྱི་གསལ་བཤད>>ཅེས་པ་དེ་གཞི་བྱས་ཏེ། ཕྱི་ལོ་༢༠༠༡ ལོའི་ཟླ་༢ ཚེས་༢༨ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་ཞེས་པའི་ཐོག་བཞག་པའི<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན>ལྟར་བཅའ་ཁྲིམས་དེ་ཉིད་ལ་བཟོ་བཅོས་བརྒྱབ་ཡོད་ལ་དེ་ལ་གླེང་གཞི་གཅིག་དང་ཞར་བྱུང་བཅས་ལེའུ་ཁག་བདུན་ཅན། ནང་གསེས་དོན་ཚན་༧༤ བཅས་ཡོད། རྗེས་མཐུད་ལག་བསྟར་བྱེད་ཕྱོགས་ཐད་ནས་ཕྱི་ལོ་༢༠༠༥ ཟླ་༥ ཚེས་༣༡ ཉིན་ཞིབ་ཕྲའི་ཁྲིམས་ཡིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཐད་ཀྱི་ཆོད་དོན་ཁ་ཤས>ཞེས་པ་ཞིག་གཏན་འབེབས་ཀྱིས་དངོས་སུ་ལག་ལེན་བསྟར་བྱེད་མུས་ཡིན་པར་བརྗོད།  ད་ལྟ་ང་ཚོས་གླེང་བཞིན་པའི་བཅའ་ཁྲིམས་ཞེས་པ་ནི་མཐའ་མའི་གཏན་འབེབས་དེ་ཉིད་རེད། དོན་དངོས་ཐོག་བརྗོད་ན། བཅའ་ཁྲིམས་དེ་ཉིད་ཀྱིས་གྲངས་ཉུང་མི་རིགས་ཀྱི་འདོད་བློ་ཁེངས་ཐུབ་མེད་པ་མ་ཟད། རྒྱ་དམར་རང་ངོས་ནས་ཀྱང་བཅའ་ཁྲིམས་དེ་ཉིད་ཀྱིས་མི་རིགས་གནད་དོན་གཙང་སེལ་ཐུབ་ཀྱིན་མེད་པ་གསལ་རྟོགས་བྱུང་ཡོད། དེས་སྟབས་ཀྱིས་དམར་བོའི་ཏང་གི་ཁེ་དབང་དང་རྒྱ་མི་རིགས་ཆེན་པོའི་རིང་ལུགས་གཉིས་གཞི་གཅིག་ཏུ་བསྲེས་ཏེ་བསྟར་བཞིན་པའི་སྲིད་ཇུས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡང་ཕྱོགས་གཅིག་ནས་རྒྱ་རིགས་མི་དམངས་ཀྱི་མི་རིགས་རིང་ལུགས་ཀྱི་ལར་ཞེན་བེད་སྤྱོད་དང་བསླུ་བྲིད་བཏང་དང་གཏོང་མུས་དང་ཕྱོགས་གཞན་ཞིག་ནས་གྲངས་ཉུང་མི་རིགས་ཞེས་བརྗོད་པའི་མི་རིགས་གཞན་ཐམས་ཅད་རྒྱ་རིགས་སུ་བསྒྱུར་རྒྱུའི་ཇུས་ངན་བཏིང་ཡོད་པའང་ང་ཚོས་མིག་མཐོང་ལག་ཟིན་ཆགས་ཡོད། གནད་དོན་དེ་ལས་ང་ཚོས་གསལ་རྟོགས་བྱེད་ཐུབ་པ་ཞིག་ནི་རྩ་ཁྲིམས་ཞེས་པ་དེ་ནི་རྒྱ་དམར་ཏང་གི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་དང་ཁ་གཡར་ས་ཡག་ཤོས་ཆགས་ཡོད་པ་ལས། རྩ་བའི་ཆ་ནས་སྲིད་ཇུས་ལ་བསྒྱུར་བཅོས་གཏོང་མི་སྲིད་ལ་ཅུང་ཙམ་བཏང་སྲིད་ཀྱང་ཚིག་གི་ངོ་གདོང་བརྗེ་རྒྱུ་ཙམ་ལས་དོན་གྱི་ལག་ལེན་འཁེལ་ཐབས་མེད་ལ་འཁེལ་འདོད་ཀྱང་མེད་པ་ངེས་གཏན་རེད།  ལྷག་པར་དུ་མི་རིགས་ཀྱི་རང་ཐག་རང་གཅོད་ནས་མི་རིགས་རང་སྐྱོང་གི་ཐོབ་དབང་ཡང་མ་སྤྲད་པར་མི་རིགས་ས་ཁོངས་རང་སྐྱོང་ཞེས་བོད་མི་རིགས་ལ་མཚོན་ན་གདོད་མ་ནས་གནས་བཅའ་སའི་ས་ཁོངས་དེར་ཆབ་སྲིད་ཀྱི་དགོས་དབང་གིས་མི་རིགས་བཅུ་གྲངས་ཤིག་ཁག་བགོས་བྱས་ཏེ་ཤུགས་ནས་བོད་མི་རིགས་གཅིག་པོ་མ་ཡིན་པར་གཞན་མི་རིགས་མང་བོ་ཞིག་གནས་བཅའ་སར་ཡིན་པ་དང་བོད་མི་རིགས་གཅིག་པོར ་བདག་གིར་མེད་པའི་འགྲེལ་བརྗོད་སྣ་ཚོགས་ཤིག་རྒྱག་གིན་ཡོད་པའང་གསལ་བོ་རེད། དེས་སྟབས་ངས་འདིར་<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་པ་དེ་ཉིད་ཀྱི་གཞི་བཅོལ་སའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་དང་བྱུང་རྐྱེན། དམིགས་ཡུལ་དང་རང་བཞིན་སོགས་ལ་དངོས་འཛིན་དང་འགྲེལ་བརྗོད་བྱེད་ཐུབ་ན་གོང་བརྗོད་གནད་དོན་གྱི་རྒྱུད་རིམ་གསལ་བོར་ཞིག་བརྟག་ཐུབ་པའི་རེ་བ་བཅངས་ཏེ་དེའི་ཕྱོགས་ལ་འབད་བརྩོན་བྱེད་རྒྱུ་ལས་བཅའ་ཁྲིམས་དེ་ཉིད་ལ་རེ་ཞིག་དབྱེ་ཞིབ་བྱེད་གལ་མ་མཐོང༌།  དམར་ཤོག་གི་རྒྱལ་ཁབ་སྲོལ་འབྱེད་མཁན་པོ་ལེ་ཉིན་གྱིས་དམར་ཤོག་ལྟ་བ་ལ་དྲག་ཆས་ཀྱིས་རྒྱབ་དཔུང་བྱས་ནས་ཕྱི་ལོ་༡༩༡༨ ལོར་ཟླ་༡༠ གསར་བརྗེ་ཞེས་པའི་ལས་འགུལ་དེ་ལམ་ལྷོང་བྱུང་སྟེ། ཨུ་རུ་སུ་དམར་བོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་ཐོག་མ་བཙུགས་པ་ནས་བཟུང༌། དམར་བོའི་ལྟ་བ་དང་དཔུང་སྟོབས་རྒྱ་བསྐྱེད་བྱེད་པའི་ཤུགས་རྐྱེན་འོག་རྒྱ་དམར་གུང་ཁྲན་ཏང་དམར་ཤོག་ཚོགས་པ་དེའང་དེ་ལྟ་བུའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འོག་གསར་འཛུགས་དང་འཚར་ལོངས་བྱུང་བ་ཞིག་རེད། ལྷག་པར་དུ་རྒྱ་དམར་གྱིས་མི་རིགས་ཐོག་ལྟ་བ་འཁྱེར་ཕྱོགས་ཀྱི་ཆ་ནས་བརྗོད་ཀྱང༌། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་ཐོག་བཟུང་བའི་ལྟ་བ་ལ་གཞི་བཅོལ་ཏེ་གཏན་འབེབས་བྱས་པ་ཡིན་ཞེས་རྒྱ་དམར་རང་ཉིད་ཀྱིས་བརྗོད་དོན་ལྟར།  ༡། ཐོག་མར་དམར་ཤོག་པ་དེ་ཚོའི་མི་རིགས་ཐོག་ཟིན་པའི་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང་ཐོག་མའི་ལྟ་བ་སོགས་དཔེ་མཚོན་དུ་འཁོད་པ་གཤམ་གསལ་བཞིན། བཅའ་ཁྲིམས་དེ་ཉིད་ཀྱི་གླེང་གཞིའི་འགོ་ན་ཁ་གསལ་པོས། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཐུན་མོང་ནས་གསར་དུ་གཏོད་ཀྱང་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཡིན་ཞིང༌། མི་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན”ཞེས་འཁོད་ཡོད་པ་གཞིར་བཞག་གིས་ཐོག་ནས་ང་ཚོས་གསལ་བོར་མཐོང་ཐུབ་པ་ཞིག་ནི་ཏང་དང་རྒྱལ་ཁབ་གཉིས་ཀྱི་མིང་དོན་གོ་ལྡོག་བྱས་ཡོད་པ་མཐོང་ཐུབ་པ་མ་ཟད། ཏང་ཞེས་པའི་དམར་ཤོག་ཚོགས་པ་དེ་རྒྱལ་ཁབ་ཀྱི་གོང་དུ་བུད་དེ་རྩ་ཁྲིམས་རྡོག་རོལ་བྱས་ཡོད་པའི་ཡ་ང་བའི་རྣམ་པ་དེའང་མཐོང་ཐུབ། མ་གཞི་ནས་ཏང་ཞེས་པའི་ཚོགས་པ་ཞིག་གིས་དམག་ཤེད་ལ་བརྟེན་ཏེ་རྒྱལ་ཁབ་བདག་འཛིན་དང༌། མཐའ་གཅིག་ཏུ་དམར་ཤོག་ཏང་གི་བཙན་དབང་དང་སྤྱི་ཚོགས་སྒྲིག་འཛུགས་འོག་གནས་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཞིག་ལ་མཚོན་ན། རྒྱལ་ཁབ་དེར་ཏང་ཞེས་པའི་དམར་ཤོག་ཚོགས་པ་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་ཐུབ་བྱེད་རྒྱུ་ལས་རྒྱ་མི་རིགས་རང་ཉིད་ཀྱི་ཁེ་ཕན་དང་འདོད་བློ་ཁེངས་པའི་རྩ་ཁྲིམས་ཤིག་ཀྱང་ཡོང་ཐབས་མེད་ན། གྲངས་ཉུང་མི་རིགས་ཞེས་པའི་ཁེ་ཕན་སྲུང་སྐྱོབ་དང་འདོད་བློ་ཁེངས་པ་ཞིག་ཡོང་ཐབས་མེད་པ་མངོན་སུམ་ཚད་མས་གྲུབ་ཡོད།  ལྷག་པར་དུ་བཅའ་ཁྲིམས་སུ་མར་ཁེ་སི་ལེ་ཉིན་རིང་ལུགས་ཞེས་མར་ཁེ་སི་དང་ལེ་ཉིན་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད་ཀྱང༌། དོན་དངོས་ཐོག་མར་ཁེ་སི་དང་ལེ་ཉིན་གཉིས་ཀྱིས་མི་རིགས་སྲིད་ཇུས་འཛིན་སྟངས་ཐོག་དབྱེ་བ་ཆེན་པོ་ཡོད། མར་ཁེ་སི་དང་ཨིན་ཀེ་སི་གཉིས་ལ་མཚོན་ན་སྤྱི་ཚོགས་ཀྱི་རྣམ་པའི་ཐོག་ནས་བརྗོད་ན། མ་རྩ་རིང་ལུགས་དར་སྤེལ་བྱེད་བཞིན་པའི་ཐོག་མའི་དུས་རིམ་དང་མི་རིགས་རྒྱལ་ཁབ་འབོར་ཆེན་གྲུབ་བཞིན་པའི་དུས་རབས་ཁྲོད་ནས་འཚར་ལོངས་བྱུང་ཡོད་སྟབས། ཁོང་གཉིས་ཀྱིས་མཐའ་གཅིག་ཏུ་མི་རིགས་འདྲ་མཉམ་དང་མི་རིགས་རང་བཙན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། མི་རིགས་བཙན་གནོན་དང་ལྷག་པར་དུ་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་བཙན་གནོན་བྱེད་རྒྱུར་དགག་པ་ནན་མོ་བརྒྱབ་ཡོད། ཨིན་ཀེ་སིས་ལེགས་བཤད་དུ“མི་རིགས་སུ་ཡིན་ཡང༌། མི་རིགས་གཞན་ལ་བཙན་གནོན་བྱེད་ཀྱིན་ཡོད་དུས། མི་རིགས་དེ་རང་དབང་གི་མི་རིགས་ཤིག་ཏུ་འགྱུར་མི་སྲིད”ཅེས་གསུངས་ཡོད།  ལེ་ཉིན་དང་སི་ཏཱ་ལེན་གཉིས་ལ་མཚོན་ནའང་མི་རིགས་ཤིག་ལ་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པ་ངོས་ལེན་བྱས་ཏེ་མི་རིགས་དེ་མི་རིགས་གཞན་དང་མཉམ་སྦྲེལ་དང་ཡང་ན་རང་བཙན་བྱེད་དབང་ཡོད་པ་ཁས་ལེན་གྱིས། ཨུ་རུ་སུའི་རྒྱལ་ཁབ་རྩ་ཁྲིམས་སུའང་གསལ་བོར་འཁོད་ཡོད། ཡིན་ན་ཡང༌། མི་རིགས་མང་བོ་མཉམ་སྦྲེལ་གྱིས་རྒྱལ་ཕྲན་མཉམ་སྦྲེལ་གྱི་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་སྐབས་སུ། ཏང་ཞེས་པའི་དམར་ཤོག་གཅིག་སྡུད་ལམ་ལུགས་ཀྱི་དྲག་པོའི་དབང་ཤེད་སྤྱད་དེ་དམར་བོའི་ལྟ་བ་དང་གསར་བརྗེ་ཕྱོགས་མཐར་བསྐྱེད་དེ། ཁོ་ཚོའི་དམིགས་འདུན་དང་མི་མཐུན་པའི་ནུས་སྟོབས་ཅི་ཡོད་གདུག་རྩུབ་ཀྱི་ལས་འགུལ་སྣ་ཚོགས་ལ་བརྟེན་ནས་ཚར་གཅོད་བྱས་ཡོད་པ་མ་གཏོགས། སྐབས་དེར་མི་རིགས་སུ་དང་གང་ལ་ཡང་རང་དབང་གི་ལམ་ག་ཞིག་སྤྲད་མེད།  རྒྱ་དམར་ལ་མཚོན་ནའང་དེ་བཞིན་རེད། ཐོག་མར་བོད་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་དག་ལ་རང་ཐག་རང་གཅོད་བྱེད་དབང་ཡོད་པར་ཁས་ལེན་དང་རྒྱབ་སྐྱོར་བྱས་ཏེ། རྗེས་ཕྱོགས་སུ་རང་སྐྱོང་ལ་བསྒྱུར་བའི་རྒྱུད་རིམ་ཁྲོད། གསར་བརྗེ་ཞེས་མིང་སྙན་མོ་ཞིག་བཏགས་ཏེ་ཁྲག་དྲི་བྲོ་བའི་ལས་འགུལ་སྣ་ཚོགས་སྤེལ་ཏེ། གྲངས་ཉུང་མི་རིགས་སུ་འབོད་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྨོངས་དད་དང་རྗེས་ལུས་སུ་ངོས་འཛིན་གྱིས་མི་གསོད་ཁྲག་སྦྱོར་གྱི་ཡ་ང་བའི་སྦྱོར་བ་སྣ་ཚོགས་སྤེལ་ཡོད་པ་རིག་གནས་གསར་བརྗེ་ཆེན་པོའི་གདུག་རྩུབ་ཅན་གྱི་ལས་འགུལ་དེས་དཔེར་མཚོན་བྱེད་ཆོག ཡ་ང་བའི་བྱ་སྤྱོད་དེ་དག་གི་ཁྲོད་ནས་ཕྱོགས་གཅིག་ནས་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཤོར་བའི་མི་རིགས་རང་ཉིད་ལ་ནུས་པ་མེད་པ་མཐོང་ཐུབ་ལ། ཕྱོགས་གཞན་ཞིག་ནས་བལྟས་ན་སྟོབས་ལྡན་མི་རིགས་ཤིག་གིས་རང་ཉིད་ཀྱིས་དྲག་པོའི་དཔུང་སྟོབས་ལ་བརྟེན་ཏེ་མི་རིགས་གཞན་ཞིག་ཇི་ལྟར་ཁྱུར་མིད་བྱས་པའི་རྒྱུད་རིམ་ཡང་གསལ་བོར་མཐོང་ཐུབ། མང་གཙོ་རིག་པའི་གཞུང་ལུགས་སྟེང་ནས་བརྗོད་ན། ཐོག་མར་མི་རིགས་ཞིག་ཡིན་པའི་ཆ་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་བརྗོད་ཀྱིན་ཡོད་ལ། མིའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང༌། གལ་སྲིད་ཕན་ཚུན་བར་ངོས་ལེན་ཡོད་པའི་ཐུན་མོང་གི་རིག་གནས་ཁྱད་ཆོས་དང་རང་ངོས་ནས་ཀྱང་མི་རིགས་གཅིག་ཡིན་པར་འདོད་ཀྱིན་ཡོད་ན། སྔ་མོ་ནས་རང་ཉིད་གནས་བཅའ་སའི་ས་ཁོངས་ཐོག་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། དེ་དང་མཉམ་དུ། མང་མོས་འོས་བསྡུ་ལ་བརྟེན་ཏེ་ས་ཁོངས་དེར་ཆབ་སྲིད་ཀྱི་བདག་དབང་ཡོད་པའི་རང་བཙན་རྒྱལ་ཁབ་འཛུགས་དགོས་མིན་གྱི་ཐོབ་ཐང་ཡང་ཡོད་དགོས་པ་ཞིག་ཡིན་པ་མ་ཟད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཡིག་ཆར་ཡང་གསལ་བོར་འཁོད་ཡོད། ལྷག་པར་དུ་མར་ལེ་དམར་བོའི་མི་རིགས་སྲིད་ཇུས་ཀྱི་གཞུང་ལུགས་ཁྲོད་དུའང་མི་རིགས་བར་གྱི་སྟོབས་ཤུགས་དྲག་ཞན་དང་ས་ཁྱོན་མི་གྲངས་ཀྱི་ཆེ་ཆུང་གི་ཁྱད་པར་གྱིས་ཆ་ནས་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་དུ། མི་རིགས་ལ་མཚོན་ན། གཉའ་གནོན་བྱེད་མཁན་གྱི་མི་རིགས་དང་གཉའ་གཉོན་བྱེད་ཡུལ་གྱི་མི་རིགས་གཉིས་ཀྱི་གྲུབ་ཡོད་བཞིན་གྲལ་རིམ་ལ་མཚོན་ནའང་བཤུ་གཞོག་གྲལ་རིམ་དང་བཤུ་གཞོག་བྱེད་ཡུལ་བཅས་རིགས་གཉིས་སུ་དབྱེ་ཆོག དེ་དག་ལས་ལྟ་བ་དང་ལངས་ཕྱོགས་འཛིན་སྟངས་ཐད་ནས་ངེས་པར་དུ་གཉའ་གཉོན་བྱེད་ཡུལ་གྱི་མི་རིགས་དང་བཤུ་གཞོག་བྱེད་ཡུལ་གྱི་གྲལ་རིམ་གཉིས་ཀྱི་ཕྱོགས་སུ་ལངས་ཏེ་མི་རིགས་ཀྱི་འཐབ་རྩོད་དང་གྲལ་རིམ་གྱི་འཐབ་རྩོད་བྱེད་དགོས་ཞེས་གསལ་སྟོན་གནང་ཡོད། ལྷག་པར་དུ་དམར་ཤོག་བསམ་བློ་བ་ལེ་ཉིན་གྱིས། “སུ་ཞིག་གིས་མི་རིགས་རང་ཐག་རང་གཅོད་ཁས་མི་ལེན་ན། ཁོ་སྤྱི་ཚོགས་རིང་ལུགས་པ་མ་ཡིན་པ་མ་ཟད། མང་གཙོ་རིང་ལུགས་པའང་མ་ཡིན།”ཞེས་དང༌། ཁོང་གིས“མི་རིགས་རང་ཐག་རང་གཅོད་ནི་མ་རྩ་རིང་ལུགས་པའི་མང་གཙོ་རིང་ལུགས་པར་ཆ་བཞག་ན། དེའི་རྩ་དོན་མཐོ་ཤོས་ཡིན་ནའང༌། སྤྱི་ཚོགས་རིང་ལུགས་པའི་དམར་ཤོག་ཚོགས་པའི་མི་ལ་ཆ་བཞག་ན། ངེས་པར་དུ་སྒྲུབ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དེ་ཡིན”ཞེས་དང༌། དེ་མིན་ཁོང་གིས<<མི་རིགས་རང་ཐག་རང་གཅོད་སྐོར་གླེང་བ>>ཞེས་པའི་གསུང་རྩོམ་སོགས་སུ་བརྗོད་པ་ལྟར། དམར་ཤོག་ཚོགས་མི་དང་སྤྱི་ཚོགས་རིང་ལུགས་པ་ཁོ་ཚོ་ནི་རྒྱལ་སྤྱི་རིང་ལུགས་པ་ཡིན་པ་ལས། མི་རིགས་རིང་ལུགས་པ་མིན། འོན་ཀྱང་མི་རིགས་རིང་ལུགས་ལ་མི་རིགས་ཆེན་པོའི་མི་རིགས་རིང་ལུགས་དང༌། མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་བཅས་དབྱེ་བ་གཉིས་སུ་ཕྱེ་དགོས། མི་རིགས་ཆེན་པོའི་མི་རིགས་རིང་ལུགས་ནི་ཕར་རྒོལ་རང་བཞིན་ཅན་དང༌། བྲན་གཡོག་རང་བཞིན་ཅན་ཡིན་པའི་རྐྱེན་གྱིས། དེ་ནི་དྲང་བདེན་མིན་པའི་རང་བཞིན་དུ་གྱུར་ཡོད། མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་ནི་དོན་དངོས་ཐོག་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་སྔོན་འགོག་གི་རང་བཞིན་ཅན་ཡིན་སྟབས། དེ་ལ་དྲང་བདེན་གྱི་རང་བཞིན་ལྡན་པ་ཡིན། དེར་བརྟེན། དམར་ཤོག་ཚོགས་མི་དང་སྤྱི་ཚོགས་རིང་ལུགས་པ་རྣམས་མི་རིགས་ཀྱི་གནད་དོན་ཐོག་ངེས་པར་དུ་མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་ཀྱི་རྒྱབ་རྩར་ལངས་དགོས་པ་ལས། དེ་ལས་ལྡོག་སྟེ་མི་རིགས་ཆེན་པོའི་མི་རིགས་རིང་ལུགས་ཀྱི་ཕྱོགས་སུ་ལངས་མི་རུང༌། ཁྱད་པར་འདི་འབྱེད་རྒྱུ་ནི། མར་ཁེ་སི་རིང་ལུགས་དེ་མི་རིགས་ཀྱི་གནད་དོན་ཐོག་ཡང་དག་པ་ཡིན་མིན་གྱི་རྩ་བའི་གནད་དོན་ཞིག་ཡིན་པར་བརྗོད་ཡོད། དེ་ལྟ་བུའི་དམར་བོའི་གཞུང་ལུགས་ལ་ཁུངས་གཏུགས་ན། རྒྱ་དམར་གྱིས་ད་ལྟ་བསྟར་བཞིན་པའི་ལམ་ལུགས་དེ་ནི་ཁོ་ཚོས་བརྗོད་པ་བཞིན་ཀྲུང་གོའི་ཁྱད་ཆོས་ཡོངས་སུ་ལྡན་པའི་ལམ་ལུགས་ཞིག་དང༌། ཡང་ན་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་སུ་འབོད་པའི་བོད་མི་རིགས་དང་བཅས་པར་གཉའ་གནོན་བྱེད་པའི་ལག་ཆ་དང་མི་སེར་སྤེལ་བྱེད་ཀྱི་སྲིད་ཇུས་ཤིག་ཡིན་པ་ངེས་གཏན་ལས། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་སྲིད་ཇུས་ཀྱི་ལྟ་བ་ལས་རིང་དུ་བརྒལ་ཡོད་པ་གསལ་བོར་མཐོང་ཐུབ་ལ་རྒྱ་ནག་དམར་ཤོག་རང་ཉིད་ཀྱི་ཚོགས་ཆེན་གྲོས་ཆོད་དང་མའོ་ཙེ་ཏུང་གི་གཏམ་བཤད་སྣ་ཚོགས་བཅས་དང་བསྡུར་ནའང་ནང་འགལ་ཆེན་པོ་ཡོད་པ་གསལ་བོར་རྟོགས་ཐུབ། དེས་ན། ད་ལྟ་ང་ཚོས་རྒྱ་ནག་དམར་ཤོག་གི་གྲངས་ཉུང་མི་རིགས་ཀྱི་ཆེད་དུ་བཞག་ཟིན་པའི་ཚོགས་ཐོག་གྲོས་ཆོད་སྣ་ཚོགས་དང་རྒྱ་དམར་དབུ་ཁྲིད་རྣམས་ཀྱིས་ཆབ་སྲིད་ཐོག་ནས་བསླུ་བྲིད་བྱས་ཡོད་པའི་གཏམ་བརྗོད་སྣ་ཚོགས་ལ་བལྟ་ཞིབ་ཅིག་བྱེད།  མའོ་ཙེ་ཏུང་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་སྲོལ་འབྱེད་མཁན་ཡིན་པའི་ཆ་ནས་༤༩ལོར་ཡར་སྔོན་དུ་ཕྱི་མགྲོན་དང་མཇལ་འཕྲད་བྱེད་སྐབས་མི་རིགས་རང་ཐག་རང་གཅོད་ལ་ངོས་ལེན་ཡོད་པའི་ལྟ་བ་དེ་བསྐྱར་བསྒྲགས་ཡང་བསྒྲགས་བྱས་ཡོད། ལྷག་པར་དུ་ཕྱི་ལོ་༡༩༤༥ ལོར་བརྩམས་པའི<མཉམ་སྦྲེལ་སྲིད་གཞུང་གླེང་བ>ཞེས་པའི་སྙན་ཐོའི་ནང་“བོད་ནས་མི་རིགས་རང་ཐག་རང་གཅོད་ལག་ལེན་བྱེད་དགོས་པ་ཞིག་རེད”ཅེས་གསལ་བརྗོད་གནང་ཡོད་ལ་ལྷག་པར་དུ་རང་སྐྱོང་ཞེས་པའི་མིང་ཚིག་དེར་མའོ་ཙེ་ཏུང་གིས“མི་རིགས་སོ་སོས་རང་ཉིད་ཀྱི་ལས་དོན་བྱ་གཞག་ལ་མི་རིགས་རང་ཉིད་ཀྱིས་བདག་སྐྱོང་བྱེད་དབང་ཡོད་པ”ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད།  རྒྱ་དམར་གྱིས་རང་ཐག་རང་གཅོད་ཅེས་པའི་མིང་ཚིག་དེ་དངོས་སུ་རང་སྐྱོང་ཞེས་པའི་ཚིག་ཏུ་བསྒྱུར་ཏེ་བེད་སྤྱོད་བྱེད་དུས་ནི་ཕྱི་ལོ་༡༩༤༦ ཟླ་༣ ཡིན་འདུག སྐབས་དེར་ནང་སོག་ཏུ་རང་བཙན་གྱི་སྐད་འགོ་མཐོ་རུ་འགྲོ་བཞིན་པའི་བབ་དང་བསྟུན་ནས་རྒྱ་དམར་དབུས་གཞུང་ནས་ཆེད་དུ་ནང་སོག་ནས་ས་གནས་ས་ཁོངས་རང་སྐྱོང་བྱེད་རྒྱུ་ལས“རང་བཙན་རང་སྐྱོང”བྱེད་རྒྱུ་མིན་ལ་རང་བཙན་དེ་ལས་ཀྱང་མིན་ཞེས་ལམ་སྟོན་ནན་བརྗོད་བྱས་པ་དེ་ནས་བཟུང་གྲངས་ཉུང་མི་རིགས་ཞེས་པའི་ས་གནས་ཀུན་ཏུ་ས་ཁོངས་རང་སྐྱོང་བྱེད་འགོ་བཙུགས་ཏེ། ད་བར་དུ་ཡིག་ངག་གཉིས་ཐོག་ཏུ་སྐད་ཤུགས་ཆེན་པོས་བསྒྲགས་དང་སྒྲོག་བཞིན་པ་དེ་རེད།  དོན་དངོས་ཐོག་རྒྱ་དམར་སྲིད་དབང་གིས་རྒྱལ་ཁབ་ཐོག་མར་ཚུགས་སྐབས་ནས་མི་རིགས་རང་ཐག་རང་གཅོད་ཀྱི་རྒྱལ་ཕྲན་མཉམ་སྦྲེལ་གྱི་རྒྱལ་ཁབ་འཛུགས་རྒྱུའི་ཐོག་མའི་དམ་བཅའ་དོར་ཡོད་པ་མ་ཟད། ཏང་ཞེས་པའི་དམར་ཤོག་ཚོགས་པས་སྤྱི་ཚོགས་ཀྱི་ཕྱོགས་ཐམས་ཅད་ཡོངས་སུ་བདག་འཛིན་དང་མའོ་ཡིས་མི་རིགས་ཀྱི་གནད་དོན་དེ་དོན་དངོས་ཐོག་གྲལ་རིམ་འཐབ་རྩོལ་གྱི་གནད་དོན་རེད་ཅེས་པའི་ལམ་སྟོན་འོག རྒྱ་རིགས་ཆེན་པོའི་ཞེན་ཁོག་གིས་རྒྱུད་ཡོངས་སུ་བརླམས་པའི་རྒྱ་རིགས་དཔོན་པོ་རྐྱང་པས་གཙོ་དབང་འཛིན་པའི་གནས་སྟངས་འོག མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་དེའང་མིང་ཙམ་དུ་གནས་པ་ལས་ལག་ལེན་འཁེལ་མེད་པ་ཀུན་གྱིས་མཐོང་གསལ་རེད།   ཕྱིས་སུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འོག་ཕྱི་ལོ་༡༩༤༩ ཚུན་ཆད་ནས་བརྗོད་སྟངས་ལ་འགྱུར་བ་ཐེབས་ཡོད། ཁོས<མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་པར་སེལ་དགོས>ཞེས་པའི་རྩོམ་ཡིག་ནང་བསྟན་དོན། “དེ་རིང༌། རྒྱ་རིགས་ཆེན་པོ་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་གཉིས་སྤྱི་ཚོགས་རྙིང་པ་ལས་ལྷག་ཡོད་པའི་བསམ་བློ་ཞིག་ཡིན། དེ་གཉིས་ཀ་མི་དམངས་ནང་ཁུལ་གྱི་འགལ་བའི་ཁོངས་སུ་གཏོགས། འོན་ཀྱང་བསམ་བློ་འདི་གཉིས་ངེས་པར་དུ་འགོག་ཐབས་བྱ་དགོས། དེ་ལྟར་མ་བྱས་ན། མི་རིགས་མཐུན་སྒྲིལ་དང༌། རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ལ་གནོད་པ་ཡིན། དེ་དག་ལས་གནད་འགག་ཆེ་ཤོས་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་འགོག་ཐབས་བྱ་རྒྱུ་དེ་ཡིན”ཞེས་བརྗོད་ཡོད། དེ་མིན་ཀྲུང་གོའི་དམར་ཤོག་རྒྱལ་ཁབ་སྲོལ་འབྱེད་མཁན་གྱི་མི་སྣ་བྱེ་བྲག་པ་ལོའུ་ཧྲའོ་ཆི་ཡིས་༡༩༥༤ལོའི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་སྐོར་གྱི་སྙན་ཞུ>ཞེས་པའི་ནང་བརྗོད་དོན། “འདས་པའི་དུས་སུ་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱི་ཤུགས་རྐྱེན་འོག རྒྱ་རིགས་མི་དམངས་དང༌། ཐ་ན་རྒྱ་རིགས་ལས་བྱེད་པའི་ཁྲོད། ད་དུང་རྒྱ་རིགས་ཆེན་པོའི་བསམ་བློ་ཞིག་འདུག དཔེར་ན། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་མཐོང་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་མི་བྱ་བ། གྲངས་ཉུང་མི་རིགས་ལ་རང་ཉིད་ནང་ཁུལ་གྱི་ལས་དོན་བཀོད་འདོམས་བྱ་བའི་ཐོབ་ཐང་ཡོད་པར་ཁས་ལེན་མི་བྱ་བ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་དོན་བྱེད་མུས་ཡིན་ནའང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་བརྩི་འཇོག་མི་བྱ་བ། ཁོང་ཚོ་དང་ལྷན་དུ་བྱ་བ་སྒྲུབ་སྐབས་གྲོས་བསྡུར་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དངོས་ཡོད་ཀྱི་ལས་དོན་ཁྲོད་རང་ཉིད་ཀྱི་ལས་ཀའི་ནུས་རྩལ་གོང་མཐོར་གཏོང་བའི་ནུས་པ་ཡོད་པར་ཡིད་ཆེས་མི་བྱེད་པ་སོགས་ལྟ་བུ། འདི་ལྟ་བུའི་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་བསམ་སྤྱོད་ཀྱིས། མི་རིགས་མཐུན་སྒྲིལ་ལ་གནོད་གཞིར་འགྲོ་བ་དང༌། རང་རེའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱབ་འགལ་དུ་གྱུར་ཡོད་པར་གདོན་མི་ཟ། དེར་བརྟེན། རྒྱ་རིགས་མི་དམངས་དང་རྒྱ་རིགས་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་བསམ་བློ་འགོག་ཐབས་ལ་དོ་སྣང་ངེས་པར་དུ་བྱ་དགོས་པར་བརྗོད་ཡོད། ཀྲུང་གོའི་སྲིད་བློན་ཀྲུའུ་ཨན་ལེ་སོགས་ཀྱིས་ཐེངས་མང་དུ་མཛུབ་སྟོན་གནང་དོན། “རྒྱ་རིགས་དབང་སྒྱུར་པས་ལོ་རྒྱུས་ཐོག་གྲངས་ཉུང་མི་རིགས་ལ་གནོད་པའི་ལས་དོན་མང་བོ་བསྒྲུབས་མྱོང་ཡོད། ཁོང་ཚོ་ལ་བུ་ལོན་ཆད་ཡོད། ཁོང་ཚོ་རི་མཐོན་པོ་དང་མཐའ་མཚམས་སུ་བསྐྲད་ཡོད། དེ་རིང༌། ང་ཚོས་གྲངས་ཉུང་མི་རིགས་ཁག་ལ་བུ་ལོན་སྒྲུབ་འཇལ་དགོས་པའི་རྣམ་འགྱུར་གྱིས་ཁོང་ཚོར་འབྲེལ་ལམ་བྱ་དགོས”ཞེས་གསུངས་ཡོད། ཀྲུང་གོ་རྒྱལ་ཁབ་སྒོ་འབྱེད་དང་བསྒྱུར་བཅོས་བྱེད་མཁན་ཏིང་ཞོ་ཕིན་གྱིས་ལྷོ་ནུབ་ལས་དོན་གཙོ་སྐྱོང་བྱེད་སྐབས།<ལྷོ་ནུབ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གྱི་སྙན་ཞུ>ཞེས་པར་བརྗོད་དོན། “གལ་ཏེ་ང་ཚོས་ཐུན་མོང་གི་རྩ་དོན་གཞིར་བཟུང་བྱ་བ་སྒྲུབ་པ་དང༌། ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་ཐོག་ལྷག་བསམ་རྣམ་དག་གིས་ཁོ་ཚོར་རོགས་རམ་བྱེད་པ་དང༌། མི་རིགས་ཆེན་པོ་རིང་ལུགས་དོར་བ་ཡིན་ན། གྲངས་ཉུང་མི་རིགས་རྣམས་ཀྱིས་གུ་དོག་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་འདོར་ངེས་ཡིན། གུ་དོག་པའི་མི་རིགས་རིང་ལུགས་ནི། མི་རིགས་ཆེན་པོ་རིང་ལུགས་ལས་བྱུང་བ་ཞིག་ཡིན་ལ། མི་རིགས་ཆེན་པོ་རིང་ལུགས་ཐད་ཀར་དུ་ཚུར་སྣང་བྱུང་བ་ཞིག་ཀྱང་ཡིན། དེ་རིང༌། ང་ཚོས་གྲངས་ཉུང་མི་རིགས་ཁག་ལ་ཐོག་མར་ཁོ་རང་ཚོའི་གུ་དོག་པའི་མི་རིགས་རིང་ལུགས་འདོར་དགོས་པའི་རེ་འདུན་འདོན་མི་རུང༌། ང་ཚོས་དོ་དོ་ཏན་ཏན་གྱི་སྒོ་ནས་མི་རིགས་ཆེན་པོ་རིང་ལུགས་རྩ་མེད་བཟོ་དགོས། མི་རིགས་ཆེན་པོ་རིང་ལུགས་རྩ་མེད་བཟོས་འཕྲལ། གྲངས་ཉུང་མི་རིགས་ཀྱི་གུ་དོག་པའི་མི་རིགས་རིང་ལུགས་དེའང་རང་བཞིན་གྱིས་ཡལ་འགྲོ་བ་ཡིན”ཞེས་དང༌། དེ་མིན་ཁོང་གིས་ནམ་རྒྱུན་ཏེ“མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞི་ལག་ལེན་བསྟར་དགོས།”ཞེས་ཚོགས་འདུ་མང་པོའི་སྟེང་ནན་བརྗོད་བྱས་ཡོད་པ་སོགས་ནས་ཀྱང་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་བཅའ་ཁྲིམས་ཞེས་པ་དེ་མིང་ཙམ་ལས་དངོས་སུ་ལག་ལེན་བསྟར་གྱིན་མེད་པ་མཐོང་ཐུབ་ལ་ང་ཚོས་གཞུང་ལུགས་སུ་མུར་བརྗོད་བྱེད་བཞིན་པའི་རྒྱབ་ལྗོངས་དང་ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་གཉིས་བར་ན་ཇི་འདྲའི་ཁྱད་པར་ཞིག་ཡོད་པའང་རྟོགས་ཐུབ། 
༢། རྒྱ་དམར་གྱིས་བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པ་གཞིར་བཞག་གིས་སྔར་བཞག་གྲོས་ཆོད་སྣ་ཚོགས་ཀྱི་དཔེ་མཚོན་ངོ་སྤྲོད་བྱེད་པ།
ཕྱི་ལོ་༡༩༢༡ ལོར་ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་དང་པོའི་ཚོགས་འདུའི་སྟེང་བསྒྲགས་གཏམ་སྤེལ་ཡོད་ལ།  དེར་བོད་དང་ཡུ་གུར། སོག་པོ་བཅས་གསུམ་ཀྲུང་གོའི་མངའ་ཁོངས་ནས་རང་བཙན་ངང་ཨུ་རུ་སུ་རྒྱལ་ཁོངས་སུ་ཞུགས་ཆོག་པར་བརྗོད་ཡོད། ཕྱི་ལོ་༡༩༢༢ ཟླ་༦ པར་རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་གཉིས་པར“ཀྲུང་གོ་རང་ཉིད་དམག་ཤེད་ཅན་གྱི་བཅད་བཟུང་འོག་གནས་ཡོད་ལ། ད་ལྟ་ཀྲུང་གོ་རང་ཉིད་ཀྱིས་ས་ཁོངས་གཅིག་གྱུར་བྱེད་ཐབས་བྲལ། ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་དེ་མངོན་དུ་འགྱུར་དགོས་ན། ཀྲུང་གོ་འདི་ཉིད་འཛམ་གླིང་བཙན་རྒྱལ་རིང་ལུགས་དང་ཁ་འབྲལ་རྒྱུ་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དམག་ཤེད་ཅན་རྩ་མེད་བཟོས་ཏེ། དངོས་གནས་དྲང་གནས་ཀྱི་མང་གཙོ་རིང་ལུགས་རྒྱལ་ཁབ་འཛུགས་ཐུབ་པའི་སྐབས་སུ་ཡིན”ཞེས་དང༌། ཀྲུང་གོ་གུང་ཁྲན་ཏང“དམར་ཤོག་ཚོགས་པའི་མིང༌།” སྐབས་གཉིས་པའི་ཚོགས་ཆེན་གྱིས་འདོད་ཚུལ་དུ་ཉེ་ལམ་ཤེད་ཤུགས་ཡོད་ཚད་ཀྱིས་རེ་བ་འདོན་རྒྱུ་ནི། “༡། ནང་ཁུལ་གྱི་ཟིང་འཁྲུག་དང་དམག་ཤེད་ཅན་རྩ་མེད་བཟོས་ཏེ་རྒྱལ་ནང་གི་ཞི་བདེ་འཛུགས་སྐྲུན་བྱེད་རྒྱུ། ༢། རྒྱལ་སྤྱིའི་བཙན་རྒྱལ་རིང་ལུགས་གྱི་གཉའ་གནོན་རྩ་གཏོར་གཏོང་སྟེ་ཀྲུང་ཧྭ་མི་རིགས་ཕྱོགས་ཐམས་ཅད་ནས་རང་བཙན་ཐོབ་ཐབས་བྱ་རྒྱུ། ༣། ཀྲུང་གོའི་ས་ཁོངས་གཅིག་གྱུར་བྱེད་རྒྱུ་དང་དེའི་ཁོངས་སུ་ཤར་ཕྱོགས་ཞིང་ཆེན་གསུམ་ཚུད་ཡོད། ༤། སོག་པོ་དང་བོད།  ཡུ་གུར་བཅས་ཁག་གསུམ་དུ་རང་སྐྱོང་ལག་བསྟར་བྱས་ཏེ་མང་གཙོའི་རྒྱལ་ཕྲན་མཉམ་འབྲེལ་བྱེད་རྒྱུ། ༥། རང་དབང་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་དོན་ཐོག སོག་པོ་དང་བོད། ཡུ་གུར་བཅས་དང་མཉམ་འབྲེལ་སྒོས་ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུ།  ༡༩༣༡ལོའི་ཟླ་༡༡ནང་རྒྱལ་ཡོངས་དམར་ཤོག་འཐུས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་བཅའ་ཁྲིམས་གནད་བསྡུས་དོན་ཚན་བཅུ་བཞི་པའི་བསྒྲགས་གཏམ་ནང་འཁོད་དོན། “ཀྲུང་ཧྭ་དམར་ཤོག་སྲིད་དབང་གིས། རྒྱ་ནག་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཚང་མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། ཐ་ན་མི་རིགས་སོ་སོས་རྒྱ་ནག་དང་ཁ་བྲལ་ཏེ་རང་དབང་གི་རྒྱལ་ཁབ་གསར་འཛུགས་བྱ་རྒྱུའི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་སོག་པོ་དང༌། ཁ་ཆེ། བོད། མེའོ། ལི། ཀོ་ལི་སོགས་ཀྱིས་རྒྱ་ནག་གི་དམར་ཤོག་མཉམ་འབྲེལ་ཚོགས་པར་འཛུལ་ཞུགས་སམ། ཚོགས་པ་ནས་ཕྱིར་ཐོན། ཡང་ན་རང་རང་གི་གནས་ཁུལ་གསར་འཛུགས་བཅས་མི་རིགས་སོ་སོའི་འདོད་མོས་ལྟར་ཐག་གཅོད་བྱ་རྒྱུ། ་་་་་་་་་་་” ཞེས་གསལ། དམར་དམག་རྒྱང་བསྐྱོད་སྐབས་སུ། རྒྱ་རོང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་གྱིས་དེ་ཁུལ་ནས་ཕྱི་ལོ་༡༩༣༥ ལོར་དགེ་ལེགས་སྡེ་གསར་སྤྱི་མཐུན་རྒྱལ་ཁབ་འབོད་པའི་བོད་རང་ཉིད་ཀྱི་རང་ཐག་རང་གཅོད་ཀྱི་སྲིད་གཞུང་ཞིག་ཀྱང་བཙུགས་འདུག  དམར་དམག་རྒྱང་བསྐྱོད་ཞེས་པའི་སྐབས་སུ། ༡༩༣༥ཟླ་༨ ཚེས་༥ ཉིན་མདོ་སྨད་མཛོད་དགེའི་ཚོགས་འདུའི་ཐོག དབུས་ཆབ་སྲིད་ཅུའུ་རྒྱུན་ལས་ལྷན་ཚོགས་ཐོག་གཏན་འབེབས་བྱས་པའི་གྲོས་ཆོད་ནང༌། “རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་གཞུང་གཉིས་ཀྱི་གྲངས་ཉུང་མི་རིགས་ཐོག་རྩ་བའི་ལངས་ཕྱོགས་ནི། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཁོང་ཚོར་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ་སྟེ། ཆབ་སྲིད་ཐོག་འདོད་མོས་བཞིན་གཉའ་གནོན་བྱེད་པོའི་མི་རིགས་ཏེ། རྒྱ་མི་རིགས་དང་ཁ་བྲལ་ཏེ་རང་བཙན་བྱེད་པའི་ཐོབ་ཐང་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གཉིས་ཀྱིས་དོན་དངོས་ཐོག་ཁོང་ཚོའི་མི་རིགས་རང་བཙན་དང་བཅིངས་འགྲོལ་གྱི་ལས་འགུལ་ལ་རོགས་རམ་བྱེད་ཀྱིན་ཡོད། དེར་མ་ཟད། རྒྱ་ནག་གི་དམར་ཤོག་ཚོགས་མི་རྣམས་ཀྱིས་མར་ཁེ་སི་དང༌། ཨིན་ཁེ་སི། ལེ་ཉིན། སི་ཏ་ལིན་བཅས་ཀྱི་མི་རིགས་སྐོར་གྱི་གཞུང་ལུགས་ཁག་ལ་ངེས་པར་དུ་སློབ་སྦྱོང་བྱ་དགོས་པ་མ་ཟད། དམར་ཤོག་ཚོགས་པའི་མི་རིགས་སྐོར་གྱི་སྲིད་ཇུས་ངེས་པར་དུ་ལག་བསྟར་བྱ་དགོས”ཞེས་གསལ།   ༡༩༣༥ལོའི་ཟླ་༨པར་དམར་དམག་རྒྱང་བསྐྱོད་ཞེས་པའི་དམག་དཔུང་ཁམས་ཀྱི་བྱང་ཁུལ་དཀར་མཛེས་ཁུལ་དུ་འབྱོར་སྐབས། དམར་ཤོག་ཚོགས་པའི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང༌། ཀྲུང་གོའི་དམག་དོན་ཨུ་ཡོན་ལྷན་ཁུངས་ཀྱི་དམག་སྤྱི་ཆེན་པོ་ཀྲུའུ་ཏེས་དབུ་འཁྲིད་འོག ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་པའི་སྲིད་གཞུང་ཞེས་གསར་འཛུགས་བྱས་ཡོད། ལོ་རྒྱུས་ཡིག་ཆའི་ནང་འཁོད་དོན་ལྟར་ན། བོད་པའི་སྡེ་པ་གཞུང་ཞེས་པའི་གསར་བརྗེའི་ཚོགས་པའི་རྩ་འཛིན་ཁྱོན་བསྡོམས་དོན་ཚན་བཅུ་ཡོད་པ་གཤམ་གསལ། དང་པོ། རྒྱ་དཔོན་དང༌། དམག་ཤེད་ཅན། དབྱིན་ཇི་དང་ཉི་ཧོང་བཙན་རྒྱལ་རིང་ལུགས་ཕམ་པར་བྱས་ཏེ། དེ་དག་གི་བཟོ་གྲྭ་དང༌། གཏེར་ཁ། ས་ཞིང༌། རྒྱུ་དངོས་གཞུང་བཞེས་ཀྱིས་བོད་པའི་སྡེ་པ་གཞུང་ལ་འབུལ་རྒྱུ། གཉིས་པ། བོད་མི་རང་བཙན་གྱིས་བོད་པའི་སྡེ་པ་གཞུང་ཞེས་རང་བཙན་གྱི་སྲིད་གཞུང་གསར་འཛུགས་བྱས་ཏེ། བོད་པ་རང་ཡུལ་རང་བཙན་བྱ་རྒྱུ། གསུམ་པ། བོད་པའི་རང་བཙན་དམག་དཔུང་གསར་འཛུགས་ཀྱིས། བོད་པའི་རང་བཙན་སྲུང་སྐྱོབ་བྱ་རྒྱུ། བཞི་པ།  ས་ཞིང་རྣམས་བོད་པའི་སྡེ་པར་བགོ་བ་དང༌། ས་ཞིང་འདེབས་མཁན་སུ་ཡིན་པ་དེ་ལ་བགོད་འགྲེམས་བྱ་རྒྱུ། ས་ཞིང་རང་དབང་གིས་ཉོ་ཚོང་དང་བོགས་མར་གཏོང་ཆོག ས་ཞིང་ལ་ཆུ་ཡུར་བཟོས་ཤིང་སྤྱོད་མཁན་ལ་གཟེངས་བསྟོད་བྱ་རྒྱུ། ལྔ་པ།  གྲལ་རིམ་ལམ་ལུགས་རྩིས་མེད་གཏོང་རྒྱུ། བོད་པའི་སྡེ་པ་གཞུང་མི་དམངས་ཡོངས་རྫོགས་འདྲ་མཉམ་ཡིན་ཞིང༌། བུད་མེད་དང་གཞོན་ནུ་ཚོར་དམིགས་བསལ་གྱིས་སྲུང་སྐྱོབ་བྱ་རྒྱུ། དྲུག་པ།  ཆོས་ལུགས་དད་མོས་རང་དབང་ཡིན་ལ། རབ་བྱུང་བ་ནས་སྐྱ་སར་ཕེབས་རྒྱུའང་རང་དབང་ཡིན། དགོན་པ་ཁག་གི་ས་ཞིང་གཞུང་བཞེས་གཏོང་རྒྱུ་མིན། བདུན་པ།  བྲན་གཡོག་རྣམས་བཅིངས་འགྲོལ་བཏང་སྟེ། བྲན་གཡོག་རྣམས་བཀོལ་སྤྱོད་གཏོང་བ་དང༌། ཁྲལ་དང་འབུལ་སྒོ་ཡོངས་རྫོགས་རྩིས་མེད་གཏོང་རྒྱུ། བརྒྱད་པ། ཕྱུགས་ལས་ཡར་རྒྱས་གཏོང་རྒྱུ། ཕྱུགས་ར་དང་འབྲོག་ས་སྲུང་སྐྱོབ་དང༌། འབྲོག་པའི་འཚོ་བ་ཡར་རྒྱས་གཏོང་རྒྱུ། དགུ་པ།  འབྲུ་རིགས་ཀྱི་ཁྲལ་འབབ་ཆག་ཡང་གཏོང་རྒྱུ། ཚོང་ལས་ལ་གཟེངས་བསྐུལ་དང༌། བཟོ་པ་ལ་སྲུང་སྐྱོབ་བྱ་རྒྱུ། བཅུ་པ།  དམར་དམག་དང་བོད་པའི་སྡེ་པ་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ཚོགས་པ་དང་མི་སྒེར་ཡོད་ཚད་ལ་མཉམ་འབྲེལ་བྱ་རྒྱུ། ཕྱོགས་སོ་སོར་སྐུལ་སློང་དང་གྲོས་མོལ་བྱས་པ་བརྒྱུད། དཀར་མཛེས་དགོན་པའི་སྐལ་བཟང་དགེ་འདུན་སྐུ་ཕྲེང་ལྔ་པ་དགེ་སྟག་སྤྲུལ་སྐུ་བོད་པ་སྲིད་གཞུང་གི་ཀྲུའུ་ཞིའི་གོ་གནས་སུ་ཕེབས་ཡོད་པ་དང༌། གཞན་ཡང་མཐོ་རིམ་མི་སྣ་དུ་མ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགོ་འཁྲིད་དུ་བསྐོས། ཁམས་སྟོད་ཀྱི་ཞབས་དཀར་སྟོབས་ལྡན་གྱིས་ཕྱི་འབྲེལ་སྐོར་གྱི་འགན་ཁུར་ཞིང༌། ཁམས་སྨད་ཀྱི་སྤང་མདའ་རྡོ་རྗེ་ཡིས་ནོར་སྲིད། མགོན་པོ་ཚེ་རིང་ཧེ་ཀྲིང་ཐོ་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་དམག་དོན་སོགས་ཀྱི་ལས་འགན་ཁུར། བོད་པའི་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བསྒྲགས་གཏམ་སྤེལ་ཏེ། “ང་ཚོས་འཛམ་གླིང་ཡོངས་དང་ཀྲུང་གོ་ཡོངས་ལ་གསལ་བསྒྲགས་བྱེད་རྒྱུ་ནི། བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་ཕྱི་ལོ་༡༩༣༦ལོར་ཟླ་༥ཚེས་༡ཉིན་དངོས་སུ་དབུ་བརྙེས་པ་ཡིན། དབུས་དང་ཁམས། མཚོ་སྔོན་གྱི་ས་ཁོངས་ཡོད་ཚད་ངེས་པར་དུས་ནམ་ཡང་བོད་པ་རང་ཉིད་ཀྱིས་བདག་སྐྱོང་བྱེད་དབང་ཡོད་པ་༼འདིའི་དབར་གྱི་ནང་དོན་ཁ་ཤས་ཡིག་ཆར་འཁོད་མི་འདུག༽ ལོ་ངོ་སྟོང་ཕྲག་ཡར་སྔོན་དུ། ང་ཚོའི་བོད་ཀྱི་མེས་པོ་རྣམས་ཀྱིས་རླབས་ཆེ་བའི་བཙན་པོའི་རྒྱལ་ཁབ་བཙུགས་ཤིང༌། ཁམས་དང་དབུས། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་དང་ཡུན་ནན་སོགས་ཀྱི་ཆ་ཤས་བཅས་ཚུད་ཡོད་ལ།  བཙན་པོའི་རྒྱལ་ཁབ་དེ་ཉིད་ལོ་ངོ་༣༠༠ ལྷག་ལ་རང་བཙན་ངང་གནས་ཡོད་ཀྱང༌། ཕྱིས་སུ་རྒྱ་རིགས་ཀྱི་གོང་མས་ཐབས་བརྒྱ་ཇུས་སྟོང་གིས་དབང་དུ་བསྡུས་པ་རེད། མན་ཇུ་གོང་མའི་སྐབས་སུ། ཐེངས་གསུམ་ལ་བོད་དུ་དམག་དྲངས་ཤིང༌། ཀྲོ་ཨར་ཕིན་གྱིས་ཁམས་དར་མདོ་ཕྱོགས་བཙན་གྱིས་དམག་རྒྱབ་ཅིང༌། ཁྲིན་ཤ་ལིན་དང་༼ནང་དོན་འཁོད་མི་འདུག་༽ཀྲང་ཐོན་ཀྲང་༼ཐོན་ཀྲང་ཞེས་པ་སྟོང་དཔོན་ལ་ཟེར་ཞིང་ཧ་ལམ་དམག་མི་ཉིས་སྟོང་ལྷག་ཡོད་ཚོད་འདུག ༽ དེ་ཚོ་ལ་རྒྱ་རིགས་ཆེན་པོའི་རིང་ལུགས་དང་བོད་རྩ་མེད་དུ་གཏོང་འདོད་མེད་མཁན་སུ་ཞིག་ཡོད། ༼འདི་ནས་ཀྱང་ནང་དོན་ཆད་འདུག༽རྩ་མེད་དུ་ཆགས་འདོད་མེད་པའི་བོད་པའི་མི་དམངས་རྣམས། ཡར་ལོངས་ཤོག་ཡ།”ཞེས་འཁོད་འདུག སྐབས་དེར་རྒྱ་དམར་གྱིས་ཨུ་རུ་སུའི་དམར་བོའི་མི་རིགས་སྲིད་ཇུས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པའི་ལྟ་བ་གཞི་བྱས་ཏེ། ཨ་མདོ་དང་ཁམས་ཕྱོགས་གང་ས་ནས་རང་ཐག་རང་གཅོད་ཀྱི་སྲིད་གཞུང་འདྲ་མིན་འཛུགས་རོགས་བྱས་ཡོད་ལ། ཕྱོགས་གཅིག་ནས་སྐབས་དེའི་རྒྱ་དམར་གྱི་སྟོབས་ཞན་ཞིང༌། གཉིས་ནས་རྒྱ་ནག་གི་རྒྱལ་ཁབ་སྤྱི་ཡོངས་དེ་གོ་མིན་ཏང་གིས་ཟིན་ཡོད་སྟབས་དགོས་དབང་གིས་མི་རིགས་གཞན་གྱི་རྒྱབ་སྐྱོར་ལ་བརྟེན་ཏེ་རང་ཉིད་ཀྱི་ཁེ་ཕན་བསྒྲུབས་ཐབས་ཤིག་ཀྱང་རེད་འདུག ཕྱིས་སུ་རིམ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཨུ་རུ་སུའི་རྒྱལ་སྤྱིའི་དམར་ཤོག་ཚོགས་པས་“རྒྱ་སྐད་དུ་གུང་ཁྲན་གོ་ཇི་ཟེར།”རྒྱབ་སྐྱོར་ལ་བརྟེན་ཏེ་རྒྱ་དམར་གྱི་དཔུང་སྟོབས་རྒྱས་ཡོད་ཀྱང༌། རྒྱ་དམར་གྱི་དེ་སྔའི་ཡིག་ཆ་དག་ལ་གཤིབ་བསྡུར་བྱས་ན། ཉུང་མཐའ་ཡང་ཕྱི་ལོ་༡༩༤༥བར་དུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ཁས་བླངས་ཡོད་པར་གཞིགས་ན་བོད་འདི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའང་ཤུགས་ནས་ཁས་ལེན་བྱས་ཡོད།
གཉིས་པ། བོད་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཕྱོགས་ཁག་ཆེན་པོ་གཉིས་བར་གྱི་འཐབ་རྩོད།
ཕྱི་ལོ་༡༩༤༩ ལོར་ཟླ་༡ ཚེས་༨ ཉིན། རྒྱ་གར་དུ་གནས་སྡོད་པ་ཨ་རིའི་གཞུང་ཚབ་ཆེན་མོས་(Ambassador  L Henderson) རྒྱ་ནག་གོ་མིན་ཏང་སྲིད་གཞུང་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་དམར་གྱིས་ཕམ་པར་བརྒྱབ་པ་མཐོང་སྟེ། ཨ་རི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསང་ཏར་ཕུལ་དོན་ལ། ཨ་རིའི་གཞུང་ངོས་ནས་དེ་སྔ་རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱས་ཡོད་པ་དེའི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་ངེས་པར་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དགོངས་པ་བཞེས་དགོས་ཞིང༌། དེ་ནི་ཨ་རིའི་ཨེ་ཤི་ཡའི་ཤར་ལྷོ་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་བཀག་སྡོམ་བྱེད་པའི་དགོས་མཁོ་དང་བསྟུན་དགོས་པའི་རེ་བ་ཞུས་ཡོད་ལ། གལ་སྲིད་གུང་ཁྲན་ཏང་གིས་ལམ་ལྷོང་ཆེན་པོས་ཕྱོགས་ཡོངས་ནས་རྒྱ་ནག་སྐམ་སར་དབང་སྒྱུར་བྱེད་ཐུབ་ཚེ། ཨ་རིའི་ངེས་པར་དུ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་འདུག གནས་ཚུལ་དེ་རྒྱལ་སྤྱིའི་དམར་ཤོག་ཚོགས་པར་ཐོབ་སྟེ། སི་ཏཱ་ལེན་གྱིས་བོད་ལ་རང་བཙན་ཐོབ་ན་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མཐུན་པར་དངོས་འཛིན་གྱིས། ཕྱི་ལོ་༡༩༤༩ ལོའི་ཟླ་༡ སི་ཏཱ་ལེན་གྱིས་གསང་སྟབས་ཀྱིས་ཨུ་རུ་སུའི་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་མིས་ཀོ་ཡཱང་ཞེས་པ་རྒྱ་ནག་ཏུ་བཏང་སྟེ། རྒྱ་དམར་གྱི་འགོ་གཙོ་རྣམ་པར་སི་ཏཱ་ལེན་གྱིས་གལ་ཆེ་བའི་དགོངས་གཞི་དེ་བརྒྱུད་སྤྲོད་བྱས་ཡོད་འདུག ཟླ་༢ཚེས་༡ནས་༣ བར་ཉིན་གསུམ་རིང༌། གནད་དོན་དེའི་ཐད་སྐབས་དེར་རྒྱ་དམར་གྱི་དབུས་གཞུང་གནས་སྐབས་རིང་གནས་སྡོད་བྱས་ཡོད་སར་ཤི་པོ་ཕོར་ནས་མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི་སོགས་འགོ་ཁྲིད་དང་མཉམ་དུ་བཀའ་མོལ་བྱས་ཡོད་འདུག་ལ། སྐབས་དེར་སྐད་སྒྱུར་བྱེད་མཁན་ནི་རྒྱ་རིགས་ཧྲི་ཀྲེ་ཞེས་པ་དེ་ཡིན་འདུག ཚེས་༤ ཉིན་མིས་ཀོ་ཡཱང་གིས་ཏར་འཕྲིན་བརྒྱུད་དེ་སི་ཏཱ་ལེན་ལ་མའོ་སོགས་ལ་བཀའ་དགོངས་བརྒྱུད་སྤྲོད་བྱས་པའི་གནས་ཚུལ་འདི་ལྟར་ཞུས་འདུག “གུས་པས་མའོ་ཙེ་ཏུང་ལ་བཀའ་གསུང་བརྒྱུད་སྤྲོད་བྱེད་དོན་ལ། ང་ཚོའི་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ཀྲུང་གོ་གུང་ཁྲན་ཏང་ལ་མི་རིགས་ཀྱི་གནད་དོན་ཐོག་ནས་ཐལ་དྲགས་པས་གུ་ཡངས་གཏོང་མི་རུང་བའི་བསམ་འཆར་བཏོན་ཏེ། གལ་སྲིད་གྲངས་ཉུང་མི་རིགས་ལ་རང་བཙན་སྤྲད་པ་ཡིན་ན། རྒྱ་དམར་ལ་སྲིད་དབང་ཐོབ་ཕྱིས་ནས་རྒྱལ་ཁབ་ཀྱི་ས་ཁྱོན་ཆུང་རུ་འགྲོ་རྒྱུ་ཡིན་སྟབས། གྲངས་ཉུང་མི་རིགས་ལ་རང་སྐྱོང་སྤྲོད་རྒྱུ་ལས་རང་བཙན་སྤྲོད་མི་རུང”ཞེས་ཞུས་འདུག  ཕྱི་ལོ་༡༩༤༩ལོའི་ཟླ་༧ཚེས་༨ ཉིན་བོད་གཞུང་བཀའ་ཤག་གིས་རྒྱ་གར་ཀ་ལོན་སྦུག་རླུང་འཕྲིན་བརྒྱུད་གོ་མིན་ཏང་སྲིད་གཞུང་དང་བོད་སྡོད་དོན་གཅོད་དང་བཅས་པར་ལྷ་སར་གནས་སྡོད་གོ་མིན་ཏང་སྲིད་གཞུང་གི་དཔོན་རིགས་ལས་བྱེད་དང་དེ་ཚོའི་ནང་མི་མི་གྲངས་༢༠༠ལྷག་ཡོད་པ་ངེས་པར་དུ་མགྱོགས་མྱུར་སྒོས་ཕྱིར་རྒྱ་ནང་དུ་ལོག་དགོས་པའི་གསལ་བསྒྲགས་བྱས་དོན་བཞིན། ཟླ་༧ ཚེས་༡༡ དང་༡༧ ཚེས་༢༠ བཅས་སུ་རིམ་པ་ཁག་གསུམ་བགོས་ཏེ་བོད་ནས་ཕྱིར་འབུད་བྱས་ཡོད་འདུག ཉིན་དེར་ཨ་རིའི་རླུང་འཕྲིན་ཁང་ནས་བོད་ཀྱིས་གོ་མིན་ཏང་ཕམ་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ། ཕྱོགས་ཡོངས་ནས་རྒྱ་ནག་སྲིད་གཞུང་དང་ཁ་བྲལ་འགྲོ་སྲིད་པ་རེད་ཅེས་རྒྱང་བསྒྲགས་བྱས་འདུག  དབྱིན་ཇུས་ཀྱི་གསར་ལམ་ཁག་ནས་དེ་བསྟུན་གྱིས་དབྱིན་ཇུས་རྒྱལ་ཁབ་ཀྱིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་དང་རྒྱ་ནག་གི་བདག་འཛིན་འོག་ཡོད་ཅེས་པའི་བརྗོད་སྟངས་ལ་དུས་ནམ་ཡང་ཁས་ལེན་བྱས་མེད་ཅེས་བརྒྱུད་བསྒྲགས་བྱས་ཡོད་འདུག གནད་དོན་དེ་དག་གིས་སི་ཏཱ་ལེན་གྱིས་བོད་ཐོག་ལ་བསྐྱར་དུ་དོ་སྣང་ཤུགས་ཆེར་བྱུང་སྟེ། བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ལ། བོད་ཀྱི་རྒྱབ་ལོགས་ན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་གཉིས་ཀྱི་སྒར་ཁ་ཆེན་པོའི་བར་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་ཅིག་ཡིན་པར་ངོས་འཛིན་བྱས་འདུག དེའི་མུར་སི་ཏཱ་ལེན་གྱིས་རྒྱ་དམར་ལ་སློབ་སྟོན་བྱས་དོན་བཞིན། “ཕྱི་ལོ་༡༩༤༩ ཟླ་༩ ཚེས་༣ ཉིན་རྒྱ་དམར་ཤིན་ཧྭ་གསར་ཁང་གིས་ཆེད་བརྗོད་སྤེལ་ཏེ། བོད་ས་གནས་སྲིད་གཞུང་དབང་འཛིན་པས་རྒྱ་རིགས་མི་དམངས་དང་གོ་མིན་ཏང་གི་བོད་སྡོད་མི་སྣ་ཕྱིར་ཕུད་བཏང་བའི་དོན་རྐྱེན་དེ་ནི། དབྱིན་ཇུས་དང་ཨ་རི་བཙན་རྒྱལ་རིང་ལུགས་དང་དེ་དག་གི་རྗེས་འབྲངས་པ་རྒྱ་གར་ནེ་རུ་སྲིད་གཞུང་གིས་ཇུས་འགོད་འོག་སྤེལ་བ་ཞིག་རེད”ཅེས་དང་། ཟླ་༩ ཚེས་༧ ཉིན་མི་དམངས་ཉིན་རེ་ཚགས་པར་ཞེས་པར། བསྐྱར་དུ<ཀྲུང་གོ་མི་དམངས་ཀྱིས་ངེས་པར་དུ་བོད་བཅིངས་འགྲོལ་གཏོང་རྒྱུ་ཡིན>ཞེས་པའི་ཁ་བྱང་ཐོག་ཆེད་བརྗོད་སྤེལ་ཡོད་འདུག ཕྱི་ལོ་༡༩༤༩ ལོའི་ཟླ་༩ ཚེས་༢༩ ཉིན་གཏན་འབེབས་བྱས་པའི་སྐབས་དེའི་རྒྱ་དམར་གྱི་རྩ་ཁྲིམས་ཀྱི་རང་བཞིན་ལྡན་པའི<<ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཐུན་མོང་རྩ་འཛིན>>ཞེས་པ་སྤེལ་ཡོད་ལ། དེ་ལ་གླེང་གཞི་དང་ལེའུ་བདུན། དོན་ཚན་༦༠ བཅས་ཡོད་པའི་ནང༌། མི་རིགས་སྲིད་ཇུས་ཐད་ལ། དོན་ཚན་༥༠། ༥༡། ༥༢། ༥༣། བཅས་བཞི་ཡོད་པར་དེ་སྔའི་མི་རིགས་རང་ཐག་རང་གཅོད་ཞེས་པའི་ཚིག་འབྲུ་དེ་དངོས་སུ་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་འཕོ་འགྱུར་བྱུང་ཞིང༌། འདིར་ཚིག་འབྲུ་དེ་གཉིས་ཀྱི་ཁྱད་པར་ཙམ་བརྗོད་ན། རང་ཐག་རང་གཅོད་ཞེས་པར་མི་རིགས་རང་ཉིད་ཀྱི་མདུན་ལམ་རང་ཉིད་ལ་འདེམས་དབང་ཡོད་པའི་ཐོབ་དབང་ཞིག་ལ་གོ་དགོས་ལ། རང་སྐྱོང་ཐད་དེ་སྔ་མའོ་ཙེ་ཏུང་གིས་འགྲེལ་བརྗོད་བྱེད་སྟངས་ལྟར་ན་“མི་རིགས་སོ་སོས་རང་ཉིད་ཀྱི་ལས་དོན་བྱ་གཞག་ལ་མི་རིགས་རང་ཉིད་ཀྱིས་བདག་སྐྱོང་བྱེད་དབང་ཡོད་པ”ཞིག་ཡིན་པར་བརྗོད་ཡོད་ཀྱང༌། དེོན་དངོས་ཐོག་ད་ལྟའི་རང་སྐྱོང་ཞེས་པ་ནི་མི་རིགས་རང་ཉིད་ཀྱི་བྱ་གཞག་ཐམས་ཅད་གཞན་དབང་དུ་ཡོངས་སུ་སོང་ཡོད་པའི་ཁ་སྟོང་ནང་གི་ཚིག་སྟོང་ཞིག་རེད།  ཕྱི་ལོ་༡༩༤༩ལོའི་ཟླ་༡༠ པར་རྒྱ་དམར་གྱིས་འཛམ་གླིང་ཀུན་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་ཡོངས་ཁྱབ་གསར་བསྒྲགས་བྱས་རྗེས་སི་ཏཱ་ལེན་གྱིས་གདན་འདྲེན་ཞུས་དོན་བཞིན་མའོ་ཙེ་ཏུང་ཨུ་རུ་སུར་མཚམས་འདྲིར་བསྐྱོད་དེ། གནད་དོན་མང་དག་ཅིག་ལ་བཀའ་མོལ་གནང་ཡོད་པར་བརྗོད། ཕྱི་ལོ་༡༩༥༠ ལོའི་ཟླ་༡ ཚེས་༢ ཉིན་མའོ་ཙེ་ཏུང་གིས་ཨུ་རུ་སུ་ནས་ཁ་བྱང་ལ<ནུབ་ལྷོ་ཁུལ་ནས་བོད་ལ་དམག་བསྐྱོད་འཆར་གཞི་དང་བོད་ཀྱི་གནད་དོན་ཚོང་གཉེར་བྱེད་དགོས་སྐོར་གྱི་ཏར་འཕྲིན>ཞིག་བཏང་ཡོད་པ་གཤམ་གསལ།  དབུས་གཞུང་དང་བློ་མཐུན་ཕིན་ཏི་ཧེ། གཞན་ཏིང་ཞའོ་ཕིན་དང་ལོའུ་པའོ་ཁྲིན། ཧི་ལོང་བཅས་བློ་མཐུན་གསུམ་ལ་རྒྱུད་སྤྲོད་བྱེད་རོགས་གནང༌།  ༡༽ བློ་མཐུན་ཕིན་ཏི་ཧེས་ཟླ་༡༢ ཚེས་༣༠ ཉིན་བོད་ཀྱི་གནས་ཚུལ་དང་བོད་བསྐྱོད་འགྲོ་ལམ་སྐོར་གྱི་ཏར་འཕྲིན་འབྱོར་བ་ཀློག་ཟིན་བྱུང༌། ཏར་འཕྲིན་འདི་དབུས་གཞུང་གིས་ལོའུ་དང་ཏིང༌། ཧི་བཅས་བློ་མཐུན་གསུམ་ལ་རྒྱུད་སྤྲོད་གནང་སྟེ་ཞིབ་འཇུག་བྱེད་དུ་བཅུག།  ༢༽ བོད་ལ་མི་གྲངས་མང་བོར་མེད་ཀྱང༌། རྒྱལ་སྤྱིའི་གོ་གནས་ཤིན་ཏུ་གལ་འགངས་ཆེ། ང་ཚོས་ངེས་པར་དུ་ལེན་དགོས་པ་མ་ཟད། མི་དམངས་དམངས་གཙོའི་བོད་ལྗོངས་ལ་བཅོས་སྒྱུར་བྱེད་དགོས། མཚོ་སྔོན་དང་ཤིན་ཅང་ནས་བོད་ལ་དམག་སྐྱོད་བྱས་ན་དཀའ་བསྔལ་ཆེན་པོ་ཡོད་ན། བོད་དུ་དམག་སྐྱོད་དང་ཚོང་གཉེར་བྱེད་རྒྱུའི་ལས་འགན་དེ་ནུབ་ལྷོ་ཅུས་ནས་འཁུར་གཏན་འཁེལ།  ༣༽ ནུབ་བྱང་ཁུལ་ནས་བོད་ལ་འགྲོ་ན་ལོ་རེའི་ཟླ་༥ ཟླ་དཀྱིལ་ནས་ཟླ་༩ ཟླ་དཀྱིལ། ཟླ་བ་༤ ཙམ་ལ་མ་གཏོགས་ལམ་ཁ་མེད་ན། གཞན་ཟླ་བ་༨ རིང་ཁ་བ་ཆེན་པོ་བབས་ཏེ་ལམ་ཁ་བཀག་སྟེ་བསྐྱོད་ཐབས་མེད་པར་གཞིགས་ན། ཁམས་ཀྱི་ནུབ་ཕྱོགས་ནས་བོད་དུ་སྐྱོད་ཀྱང་དུས་ཚོད་ཧ་ལམ་གཅིག་ཏུ་འཁེལ་ཡོད་ཚོད་རེད། གལ་ཏེ་ད་ལོའི་ཟླ་༤ ༼ཟླ་བ་༥ ཡིན་དགོས་འདུག༽ ཟླ་དཀྱིལ་ནས་ཟླ་༩ ཟླ་དཀྱིལ་བར་བོད་དུ་དམག་སྐྱོད་བྱེད་མ་ཐུབ་ཚེ། ཕྱི་ལོ་༡༩༥༡ ལོ་བར་དུ་ཕྱིར་འགྱངས་བྱེད་དགོས་གྱུར་ཡོད། དེ་བས། ངས་བསམ་ཚུལ་ལ་གལ་སྲིད་དཀའ་བསྔལ་དེ་དག་སེལ་ཐབས་ཡོད་ན་ད་ལོའི་ཟླ་༤ ༼ཟླ་བ་༥ ཡིན་དགོས་འདུག༽ ཟླ་དཀྱིལ་ནས་འགོ་བརྩམས་ཏེ་བོད་ལ་དམག་སྐྱོད་བྱེད་དེ་ཟླ་༡༠ སྔོན་ལ་བོད་ས་ཡོངས་རྫོགས་ལེན་ཚར་དགོས། དེའི་ཆེད་དུ་ངའི་བསམ་འཆར་ལ། ཀ༽ ལོའུ་དང་ཏིང༌། ཧི་བཅས་བློ་མཐུན་གསུམ་ནས་ཉེ་འཆར་༼དཔེར་ན་སྤྱི་ཟླ་དང་པོར་༽ཚོགས་མོལ་ཐེངས་ཤིག་བསྐོང་སྟེ་བོད་སྐྱོད་དམག་དཔོན་དང་འགོ་ཁྲིད། བོད་ལྗོངས་ཚོང་གཉེར་བྱེད་མཁན་གྱི་འགན་འཁུར་ལས་བྱེད་སོགས་ཀྱི་གནད་དོན་ཐག་བཅད་དེ་འཕྲལ་དུ་ཇི་དགོས་བཀོད་སྒྲིག་བྱེད་འགོ་བརྩམས་དགོས། ཁ༽ འཕྲལ་དུ་དར་རྩེ་མདོ་ལེན་དགོས། གནས་དེར་གཞི་བྱས་ཏེ་བོད་སྐྱོད་ལས་དོན་འཆར་འགོད་བྱེད་དགོས། ག༽ ད་ལྟ་ནས་༼ཟླ་བ་༡ པོའི་ཟླ་འགོ་༽ ནས་ཟླ་༤ ཟླ་དཀྱིལ་སྔོན་ཟླ་བ་༣ དང་ཟླ་ཕྱེད་རིང་གཏན་འཁེལ་ཟིན་པའི་བོད་སྐྱོད་དམག་དཔུང་དར་རྩེ་མདོ་ནས་ཁག་གཉིས་བགོས་ཏེ་ཁམས་ཀྱི་ནུབ་ཕྱོགས་བོད་ལྗོངས་དང་ས་འབྲེལ་ཡོད་པའི་ས་ཁུལ་དུ་དཔུང་སྐྱོད་བྱས་ཏེ། རླངས་འཁོར་དང་རླངས་འཁོར་ཆེན་པོའི་འགྲོ་ལམ་བཟོ་རྒྱུ་བཅས་རྩོད་ལེན་སྒོས་ཟླ་༤ ༼ཟླ་༥ ཡིན་དགོས་འདུག༽ ཟླ་དཀྱིལ་དུ་བོད་དུ་སྐྱོད་འགོ་བརྩམས་དགོས། ང༽ བོད་མི་བསྡུ་ལེན་བྱས་ཏེ་ལས་བྱེད་གསོ་སྐྱོང་བྱེད་དགོས། ཅ༽ གོ་ཐོས་ལ་བོད་ན་དམག་མི་༦༠༠༠ ཙམ་ལས་མེད་པ་མ་ཟད། དེ་ཚོ་ཡང་ཁག་བགོས་བྱས་ཏེ་ཡོད་ཚོད་འདུག གནས་སྟངས་དེར་གཞིགས་ན་ཧ་ལམ་ངས་ཏར་འཕྲིན་སྔོན་མའི་ནང་དུ་བོད་སྐྱོད་དམག་དཔུང་ཅིན་གསུམ་༼ཁྲི་དཔོན་ཏེ། དམག་མིའི་གནས་རིམ་ཞིག་སྤྱིར་བཏང་ཅིན་གཅིག་ཏུ་དམག་མིའི་གྲངས་འབོར་གསུམ་ཁྲི་ཡས་མས་ཡོད་ཚོད་འདུག༽ དེ་དགོས་ཚོད་མི་འདུག་ལ། ཆ་རྐྱེན་འདང་ངེས་ཀྱི་ཅིན་གཅིག་གམ་ཡང་ན་ཧྲི་བཞི་དམག་གྲངས་༤༠༠༠༠ ཡས་མས་ཙམ་གྱི་དམག་ཤུགས་ཀྱི་འདང་ངེས་རེད། གཙོ་གནད་ཆེ་བ་ཞིག་ལ་དམག་མི་དེ་ཚོར་དམིགས་བསལ་གྱིས་ཆབ་སྲིད་སྦྱོང་བརྡར་སྤྲོད་རྒྱུ་དང་གོ་མཚོན་གང་ལེགས་མཁོ་སྤྲོད་བྱེད་དགོས། ཆ༽ བོད་སྐྱོད་དམག་དཔུང་ལོ་གསུམ་ཟིན་ཚེ་བརྗེ་སྤོར་བྱས་ཏེ་དམག་མིའི་སྙིང་སྟོབས་སྐུལ་སྤེལ་བྱེད་དགོས། ཇ༽ བོད་ལ་དམག་བསྐྱོད་དང་ཚོང་གཉེར་བྱེད་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་ཞིང་དཀའ་སྡུག་ཆེ་བའི་ལས་འགན་ཞིག་ཡིན། ནུབ་ལྷོ་ཁུལ་བཟུང་མ་ཐག་ཡིན་སྟབས་ནུབ་ལྷོ་ཅུས་ཀྱི་བློ་མཐུན་རྣམ་པའི་ལས་འཁུར་ལྕི་ཞིང༌། ད་ལྟ་ཡང་བོད་སྐྱོད་ལས་འགན་སྤྲད་ཡོད་སྟབས་ལས་འགན་ལྕི་བ་མ་ཟད་དུས་ཚོད་ཀྱི་རང་བཞིན་ལྡན། དེ་བས་གོང་གི་བསམ་འཆར་ཁག་བཏོན་ཡིན། བསམ་འཆར་འདི་དག་ལག་ལེན་འཁེལ་ཐུབ་མིན་ཐད་ནུབ་ལྷོ་ཅུས་ཀྱིས་འཆར་འགོད་གནང་རྗེས་ཏར་ལན་ཞིག་གནང་རྒྱུའི་རེ་སྒུག་བྱས་ཡོད།            མའོ་ཙེ་ཏུང་གིས་ཟླ་༡ ཚེས་༢ སྔ་དྲོ་ཆུ་ཚོད་༤ བར་རྒྱང་རིང་ནས། ༼ཨུ་རུ་སུ་ནས་བཏང་འདུག༽ ཞེས་འཁོད་འདུག་པར་གཞིགས་ན། དུས་ཚོད་ཀྱི་ཆ་ནས་བལྟས་ན། ཞོགས་པའི་ཆུ་ཚོད་༤ བར་ཏར་འཕྲིན་བཏང་ཡོད་པ་ལས་བཀའ་མངགས་དེའི་ཆེད་དུ་ཁོང་ཚོས་ཧ་ལམ་མཚན་གང་བོར་བཀའ་བསྡུར་བྱས་ཏེ་ཞོགས་པར་གཞི་ནས་གྲོས་ཐག་ཆོད་ཡོད་པ་འདྲ་བ་འདུག བཀའ་ཏར་དེའི་རྒྱབ་ན་བོད་འདི་ཉིད་སྐབས་དེར་རྒྱལ་སྤྱིའི་ཐོག་ཨ་རི་གཙོ་བྱས་པའི་མ་རྩ་རིང་ལུགས་དང་ཨུ་རུ་སུ་གཙོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ར་ཆེན་པོ་དེ་གཉིས་བར་གྱི་ལ་ཞེན་རྩོད་པའི་ལག་ཆ་ལྟ་བུ་ཞིག་ཆགས་ཡོད་ངེས་ལ། ཨུ་རུ་སུའི་འགོ་གཙོ་སི་ཏཱ་ལེན་གྱིས་བོད་ལ་དམག་སྐྱོད་བྱེད་རྒྱུའི་ཐད་མའོ་ལ་ཇུས་ངན་ལམ་སྟོན་དང་ཁས་ལེན་རྒྱབ་སྐྱོར་ངེས་ཅན་ཞིག་བྱས་ཡོད་པའང་ངང་གིས་རྟོགས་ཐུབ། དེའི་མུར་ཕྱི་ལོ་༡༩༥༠ལོའི་ཟླ་༡ ཚེས་༢༠ ཉིན། ཤིན་ཧྭ་གསར་ཁང་ནས་དབུས་མི་དམངས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱིས་གཏམ་བརྗོད་སྤེལ་ཏེ། “བོད་ནི་ཀྲུང་གོའི་བླ་ན་མེད་པའི་ས་ཁོངས་དངོས་ཡིན་པ་བསྟན་ཡོད་ལ། བོད་ཀྱིས་རང་འགར་དུ་སྐུ་ཚབ་ཚོགས་པ་གང་རུང་གཏོང་རྒྱུའི་དབང་ཚད་མེད་ལ་རང་བཙན་བརྗོད་པའི་དབང་ཚད་དེ་ལས་ཀྱང་མེད”ཅེས་གསར་བསྒྲགས་སྤེལ་ཡོད། འདིའི་བར་དུ་ཕྱི་ལོ་༡༩༢༡ ལོར་རྒྱ་དམར་གྱིས་ཐོག་མར་བོད་ལ་རང་ཐག་རང་གཅོད་ཀྱི་དབང་ཚད་ཡོད་པ་ཁས་ལེན་བྱས་ཏེ་ལོ་ངོ་༢༩ མ་གཏོགས་སོང་མེད། དེ་བཞིན་ཏུ་ཚང་མས་ཤེས་གསལ་ལྟར་ཕྱི་ལོ་༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་མི་འདོད་བཞིན་བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་ཆོད་དོན་ཚན་༡༧ བཞག་པ་ཡོངས་ཁྱབ་དང༌། ལྷག་པར་དུ་དོན་ཚན་དང་པོར“བོད་ཀྱི་མི་དམངས་རྣམས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་དགོས”ཞེས་པས་ཀྱང་ཤུགས་ནས་བོད་འདི་ཉིད་དེ་སྔ་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པ་ངོས་ལེན་བྱས་ཡོད་པ་མ་ཟད། ཕྱིས་སུ་རྒྱ་དམར་གྱིས་ཕྱི་ལོ་༡༩༩༧ལོར་ཧོང་ཀོང་དང་༩༩ ལོར་ཨོ་མིན་ས་ཁུལ་གཉིས་ཕྱིར་ལེན་བྱེད་སྐབས་སུ་བསྟར་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེ་ཉིད་ཀྱི་ཐོག་མའི་དཔེ་མཚོན་ཡིན་པའང་ཕྱི་ནང་གི་མཁས་པ་མང་པོས་བརྗོད་ཡོད། ཕྱི་ལོ་༡༩༥༧ ལོར་ཆིན་ཏོ་ནས་༼རྒྱ་ནག་གི་མཚོ་མཐའ་ན་ཆགས་ཡོད་པའི་གྲོང་ཁྱེར་ཞིག་༽འཚོགས་པའི་རྒྱལ་ཡོངས་མི་རིགས་ལས་དོན་ཚོགས་འདུ་ཞེས་པའི་ཐོག་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཁ་ཤས་ཀྱིས་མི་རིགས་སྲིད་ཇུས་ཐད་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་ཇུས་ལ་བསྒྱུར་དགོས་པའི་གྲོས་གཞི་བཏོན་ཡོད་ཚོད་ཀྱང༌། ཚོགས་འདུ་གཙོ་སྐྱོང་གནང་མཁན་སྐབས་དེའི་རྒྱ་དམར་གྱི་སྲིད་བློན་ཀྲུའུ་ཨན་ལེས། “བོད་ལྗོངས་ལ་ཆ་རྐྱེན་དེ་འདྲ་ཡོད་པ་ཙམ་ལས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་རྣམས་ལ་ཆ་རྐྱེན་དེ་མི་འདུག”ཞེས་ཁ་ཚོན་ཆོད་པོས་བཀག་འགོག་བྱས་ཏེ། མི་རིགས་སྲིད་ཇུས་གསར་འདེབས་བྱས། བོད་ལྗོངས་ལ་ཆ་རྐྱེན་ཡོད་པར་ཁས་ལེན་བྱེད་དོན་ནི་སྐབས་དེར་དབུས་ཕྱོགས་སུ་བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་ཆོད་དོན་ཚན་༡༧ ཞེས་པ་དེ་ལག་ལེན་བསྟར་གྱིན་ཡོད་ལ་བོད་སྡེ་བ་གཞུང་ཡང་མིང་ཙམ་དུ་གནས་ཡོད། ཕྱིས་སུ་དངོས་སུ་བཅའ་ཁྲིམས་ཀྱི་ཚུལ་དུ་བྱུང་ཡོད་པའི་མི་རིགས་ས་ཁོངས་བཅའ་ཁྲིམས་ཞེས་པ་དེའང་༥༧ལོའི་མི་རིགས་སྲིད་ཇུས་དེའི་རྨང་གཞིའི་ཐོག་འཕར་སྣོན་བྱས་ཏེ་ཆབ་སྲིད་ཀྱི་དགོས་དབང་གིས་ཚགས་ཇེ་དམ་དུ་བཏང་ཡོད་པ་རེད། ཕྱི་ལོ་༡༩༨༠ ལོ་འགོར། རྒྱ་དམར་གྱི་སྐབས་བཅུ་གསུམ་པའི་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཞི་བཅོལ་ཏེ། ཧུའུ་ཡོ་པང་ལྷ་སར་ཕེབས་པའི་གཏམ་བཤད་དོན་ཚན་༦ གཞི་ལ་བཞག་སྟེ། རྒྱ་དམར་དབུས་གཞུང་གིས་དེ་འབྲེལ་བོད་རང་སྐྱོང་ལྗོངས་ཞེས་པའི་ཐོག་རྒྱ་དམར་དབུས་གཞུང་གི་ཡིག་ཆ་ཨང་༣༡ཞེས་པ་གཏན་འབེབས་དང་ཤིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཞེས་པར་ཡིག་ཆ་ཨང་༤༦གཏན་འབེབས་བྱས་ཀྱང༌། ཕྱིས་སུ་ཧུའུ་ཡོ་པང་རྒྱ་ནག་དམར་ཤོག་དབུས་སྤྱི་ཁྱབ་དྲུང་ཆེའི་གོ་གནས་ནས་ལྷུང་བ་དང་མཉམ་དུ་ཕྱིར་འཐེན་བྱས་ཏེ། ཡིག་ཆ་ཙམ་མ་གཏོགས་ལག་ལེན་འཁེལ་མེད། རྒྱ་ནག་དམར་ཤོག་གིས་མི་རིགས་སྲིད་ཇུས་ཞེས་པ་དང་ཁྲིམས་སྲོལ་གཏན་འབེབས་ཐད་ཐོག་མ་ནས་ཨུ་རུ་སུའི་མི་རིགས་ལམ་ལུགས་དཔེ་མཚོན་བྱས་ཡོད་ཀྱང༌། ཕྱིས་སུ་ཨུ་རུ་སུའི་མི་རིགས་ལམ་ལུགས་དང་རྒྱབ་འགལ་དུ་སོང་ཡོད་པ་གོང་བརྗོད་ལས་ཀུན་གྱི་གསལ་བོར་མཐོང་ཐུབ། ཕྱི་ལོ་༡༩༣༠ ལོ་གྲངས་སུ་སི་ཏཱ་ལེན་སྐུ་ངོས་ཀྱིས་གཙོ་སྐྱོང་གནང་སྟེ། ཨུ་རུ་སུའི་ཡུལ་ལུང་ཀུན་ཏུ་མི་རིགས་དབྱེ་བ་འབྱེད་པའི་ལས་འགུལ་ཆེན་པོ་ཞིག་སྤེལ་ཏེ། ཁོ་ཚོའི་འདོད་མོས་ཐོག་མི་རིགས་མི་འདྲ་བ་༡༠༠ གྲངས་ཤིག་ངོས་འཛིན་བྱས་ཡོད་འདུག རྒྱ་ནག་དམར་ཤོག་གིས་དེར་དཔེ་བྱས་ཏེ་ཕྱི་ལོ་༡༩༥༠ ལོ་གྲངས་སུ་མི་རིགས་དབྱེ་འབྱེད་དང་མཐའ་མཚམས་བསྐྱར་བགོས་ཀྱི་ལས་འགུལ་སྤེལ་ཏེ། མི་རིགས་༥༦ ཁག་བགོས་བྱས་ཤིང༌། དེར་བསྟུན་གྱིས་རང་སྐྱོངས་ལྗོངས་༥ དང༌། རང་སྐྱོང་ཁུལ་༣༣ ། རང་སྐྱོང་རྫོང་༡༢༠ དང་རང་སྐྱོང་ཞང་༡༠༩༣ བཅས་བཙུགས་ཏེ། ཡུལ་སྡེ་མང་བོའི་མི་རིགས་གྲོང་ཚོ་དང་མི་རིགས་སྡོད་གནས་ཨུ་ཡོན་ལྷན་ཁང་སོགས་ཆབ་སྲིད་སྒྲིག་འཛུགས་སྣ་ཚོགས་བཙུགས་ཏེ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་དང་རང་སྐྱོང་ཞང༌། མི་རིགས་གྲོང་ཚོ་དང་མི་རིགས་སྡོད་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གྲུབ་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ཆབ་སྲིད་མ་ལག་བསྐྲུན་ཡོད། བོད་མི་རིགས་ལ་མཚོན་ན། བོད་རིགས་རང་སྐྱོང་ལྗོངས་༡ དང་དེ་ལ་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༢༧༧ ། བོད་རིགས་རང་སྐྱོང་ཁུལ་༡༠ དང་བོད་རིགས་རང་སྐྱོང་རྫོང་༢ བཅས་ལ་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༤༢༨།༨༧ ཡོད་ལ། བོད་རིགས་རང་སྐྱོང་ཞང་༥༨ དང་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༢༨།༥༠ བཅས་ཡོད་འདུགགསུམ་པ།  བོད་ནང་མི་དམངས་ཀྱིས་རང་ཉིད་ཀྱི་ཁེ་དབང་བསྒྲུབ་ཐབས་སུ་ས་གནས་གཞུང་དམངས་ནས་བཞག་པའི་གྲོས་ཆོད་དང་སྙན་ཐོ་ངོ་སྤྲོད། ཕྱི་ལོ་༡༩༥༤ལོར་རྒྱ་དམར་གྱིས་བཀྲིས་དབང་ཕྱུག་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཇམ་དབྱངས་ནག་རིས་སོགས་མཉམ་དུ་ཨུ་རུ་སུ་ལ་བལྟ་ཞིབ་འཚམས་འདྲིར་བཏང་སྟེ་ཕྱིར་ཕེབས་གནང་རྗེས་བོད་མི་གྲགས་ཅན་བླ་བྲང་གི་ཨ་ཕ་ཨ་ལོ་དང་རྨེའུ་རྒྱལ་བོ་དཔལ་མགོན་འཕྲིན་ལས་རབ་བརྟན། སངས་རྗེ་ཡེ་ཤཻས། སྡེ་དགེ་བྱ་རྒོལ་སྟོབས་ལྡན། རེབ་གོང་ནང་སོ་བཀྲིས་རྣམ་རྒྱལ་བཅས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་རང་སྐྱོང་ལྗོངས་མདུན་མ་འཛུགས་རྒྱུའི་དོན་ཚན་གཉིས་འཁོད་པའི་སྙན་ཞུ་ཕུལ་ཏེ་ཟླ་བཞིའི་རྗེས་སུ། རྒྱ་ནག་དབུས་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞེས་པའི་ཆོག་མཆན་བཀའ་འཁྲོལ་ཐོབ་སྟེ། རྒྱལ་ས་རྔ་བ་འབར་ཁམས་སུ་འཛུགས་གཏན་འཁེལ་དོན་བཞིན། ཞིང་ཆེན་གསུམ་གྱི་ལས་དོན་གྲ་སྒྲིག་ཚོགས་པ་འཛུགས་དགོས་པའི་བཀའ་ཁྱབ་དང་སྦྲགས་བཀྲིས་དབང་ཕྱུག་དང་སངས་རྗེ་ཡེ་ཤེས་གཉིས་ཀྱིས་ཚོགས་པའི་སྤྱི་ཁྱབ་དང༌། གཞན་རྣམས་ཀྱིས་སྤྱི་ཁྱབ་གཞོན་པའི་འགན་དབང་བཞེས་ཏེ། ཕྱི་ལོ་༡༩༥༥ བར་ཟླ་བདུན་བརྒྱད་མ་སོང་མཚམས་གློ་བུར་དུ་རྒྱ་དམར་དབུས་གཞུང་ནས་ལས་དོན་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་ཕབ་སྟེ་ཕྱིར་འཐེན་བྱས་འདུག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་བརྗོད་པའི་བོད་རིགས་ལས་བྱེད་གནད་ཡོད་ཁག་ཅིག་གིས་ཕྱི་ལོ་༡༩༨༠ལོའི་ཟླ་༡༡ཚེས་༢༧ལ་བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་དུ་ལེགས་སྒྲིག་བྱས་ནས་མི་རིགས་ཀྱི་རང་བདག་དབང་ཆར་དངོས་འབྲེལ་འགན་སྲུང་ཡོང་ཐབས་སྐོར་གྱི་བསམ་འཆར་འགའ་ཤས་ཤིག་རྒྱ་དམར་དབུས་གཞུང་ལ་ཕུལ་ཏེ་མདོ་དོན་ལ་རབ་བྱུང་ན་བར་སྟོང་གི་ས་ཆས་གཏན་ནས་མ་ཆོད་པའི་བོད་རིགས་རང་སྐྱོང་ས་ཁུལ་དང་རྫོང་རྣམས་ཟླ་བསྒྲིལ་གྱིས་༼ཁ་བ་ཅན།༽ ༼བོད་རིགས་ཕ་ཡུལ་༽རང་སྐྱོང་ལྗོངས་ཞེས་བསྒྱུར་ནས། བོད་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་རྣམས་མི་རིགས་ཀྱི་ཁྱད་ཆོས་དང་བསྟུན་ནས་མ་ལག་གཅིག་གྲུབ་པ་བྱས་ཏེ་མདུན་བསྐྱོད་བྱ་རྒྱུར་སྐུལ་མ་གཏོང་བདེ་ཡོང་བ་བྱེད་དགོས།  འབྲིང་ལ་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་དེ་རྣམས་ཨ་མདོ་བོད་རིགས་རང་སྐྱོང་ལྗོངས་སུ་དབྱེ་བགོ་བྱེད་དགོས། ལོ་རྒྱུས་ཀྱི་སྲོལ་རྒྱུན་དང༌། རང་བྱུང་གི་མཐུན་རྐྱེན། ས་ཁམས་ཁོར་ཡུག དཔལ་འབྱོར་གྱི་གྲུབ་ཚུལ། ཆོས་ལུགས་ཀྱི་དད་མོས། འཚོ་བའི་གོམས་གཤིས། རིག་གནས་སྒྱུ་རྩལ། བསམ་པའི་ངོ་བོ་སོགས་ཀྱི་ཐད་ལ་ཨ་མདོ་ས་ཁུལ་ཡོངས་ལ་གོང་གསལ་ཐུན་མོང་གི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། དེ་ནི་ཨ་མདོ་ས་ཁུལ་གྱི་བོད་རིགས་མི་དམངས་ཁྲི་ཚོ་ཉིས་བརྒྱས་རྨི་ལམ་དུ་ཡང་ཐོབ་རེ་བྱེད་པའི་རེ་འདོད་གཅིག་ཡིན། དེ་ཡང་མ་འགྲིག་ན། ཀན་ལྷོ་དེ་མཚོ་སྔོན་ལ་ཟླ་བསྒྲིལ་ནས་དོ་དམ་བྱས་ཏེ། ཀན་ལྷོའི་བོད་རིགས་མི་དམངས་ཁྲི་ཉི་ཤུ་དེ་རང་ཉིད་ཀྱི་མི་རིགས་ས་ཁུལ་གྱི་མི་དམངས་དང་འབྲེལ་བ་བྱེད་པའི་གོ་སྐབས་ཕྲན་བུ་ཡོང་བ་དང༌། རིག་གནས་སློབ་གསོ་དེ་མ་ལག་གཅིག་ཏུ་གྱུར་ནས་མགྱོགས་མྱུར་ངང་ཁོ་ཚོའི་ཅུང་སྔོན་ཐོན་ཡིན་པའི་དཔལ་འབྱོར་རིག་གནས་ཀྱི་ཆུ་ཚད་ཀྱི་རྗེས་ཟིན་པ་ཡོང་རྒྱུར་བརྟེན། དེ་དོན་དོན་སྨིན་ཡོང་བ་ཞེས་ཀྲུང་དབྱང་ལ་རེ་འདུན་མི་ཞུ་མཐུ་མེད་རེད། ཅེས་འཁོད་འདུག་པ་ཡོངས་ཁྱབ་ལྟར་རོ། དེ་མིན་གཞན་བོད་ནང་ཤེས་ཡོན་པ་སྡེ་རོང་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཕྱི་ལོ་༡༩༨༠ གྱ་གྲངས་ནས་སྔ་ཕྱི་ལོ་མང་རིང་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་ཀྱིས་རྒྱ་དམར་དབུས་གཞུང་ལ་སྙན་ཐོ་རབ་དང་རིམ་པ་ཕུལ་ཡོད་པ་དེ་ཚོ་ཕྱིས་སུ་ཁོ་པས<<བདག་གི་རེ་སྨོན>>ཞེས་པའི་དཔེ་དེབ་ཏུ་ཕྱོགས་བསྒྲིགས་དཔར་སྐྲུན་གྱིས་ཡོངས་ཁྱབ་འགྲེམས་སྤེལ་བྱས་ཡོད་པ་དེ་དང་གཞན་ཆེད་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་བོད་ཁུལ་དུ་ལག་ལེན་འཁེལ་ཡོད་མེད་སྐོར་ལ་ཉམས་ཞིབ་ཀྱིས་ནང་ཁུལ་ཡིག་ཆའི་ཚུལ་དུ་རྒྱ་གཞུང་ལ་ཞུ་སྐུལ་མང་དུ་ཕུལ་ཡོད་འདུག ས་གནས་གཞུང་ནས་དོན་དངོས་ཐོག་ལག་ལེན་བྱེད་ཐུབ་ཡོད་མེད་གང་ལྟར་ཡང་སྟབས་བསྟུན་ཐབས་མཁས་ཀྱིས་ས་གནས་རང་གི་གནས་བབ་དང་མཐུན་པའི་སྲོལ་ཡིག་མང་བོ་ཞིག་བཞག་ཡོད་པ་གཤམ་གསལ། དཀར་མཛེས་བོད་རིཊ་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་སྐོར་གྱི་ཁྲིམས་སྲོལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་བྱ་བའི་སྲོལ་ཡིག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བཀའ་རྒྱ། ཨང་གསུམ་པ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོད་ཡིག་གི་ལག་བསྟར་སྲོལ་ཞིབ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག མཚོ་ནུབ་བོད་སོག་རང་སྐྱོང་ཁུལ་བོད་སོག་སྐད་ཡིག་བྱ་བའི་སྲོལ་ཡིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་སོགས་དང་དབུས་ཕྱོགས་སུའང་དེ་མཚུངས་སུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་སྲོལ་ཡིག་མང་དག་གཅིག་བཞག་ཡོད་ཀྱང་དོན་དངོས་ཐོག་སྲོལ་ཡིག་གི་འབྲུ་དོན་བཞིན་ལག་ལེན་དོན་སྨིན་ཞིག་འཁེལ་ཐུབ་ཡོད་མེད་ཀུན་གྱིས་མཐོང་གསལ་རེད།
མཇུག་བསྡུ་བའི་གཏམ།
རྒྱ་དམར་གྱིས་ཐོག་མར་དགོས་དབང་ལ་བསྟུན་ཏེ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པ་ཁས་ལེན་རྒྱབ་སྐྱོར་དང་བར་དུ་རྒྱ་དམར་གྱི་དཔུང་སྟོབས་ཆེར་སོང་བར་བརྟེན་རིམ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཁོར་ཡུག་གི་འགྱུར་འགྲོས་དང་བསྟུན་ཏེ་བོད་ས་ཡོངས་རྫོགས་ཁྱུར་མིད་བྱེད་རྒྱུའི་སྦྱོར་བ་སྤེལ་ཏེ། དྲག་པོའི་དཔུང་སྟོབས་ལ་བརྟེན་ཏེ་ཞི་དྲག་གཉིས་ཀྱི་ཐབས་ལམ་སྤྱད་དེ་བོད་ས་ཡོངས་རྫོགས་བདག་འཛིན་བྱས་མཐར་ད་ལྟའི<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་མིང་ཙམ་གྱི་ཐོབ་དབང་ལྟ་བུ་ཞིག་སྤྲད་དེ་དོན་དམ་དུ་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དུ་ཆགས་ཡོད། ལྷག་པར་དུ་རྒྱ་དམར་གྱིས་ཡོངས་སུ་བདག་འཛིན་བྱས་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ནུས་སྟོབས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་གང་གི་ཐད་ནས་བལྟས་ཀྱང༌། དེང་སང་རྒྱ་དམར་གྱི་རླུང་རྟ་དར་བཞིན་པའི་སྒང་ཡིན་ལ།  རྒྱ་མི་རིགས་ཀྱི་མི་རིགས་རིང་ལུགས་ཀྱི་ལར་ཞེན་ཡང་རབ་ཏུ་འབར་ཏེ་རྒྱལ་ཁབ་གཅིག་གྱུར་གྱི་ལྟ་བ་ཤིན་ཏུ་མཁྲེགས། གནས་ཚུལ་དེ་དག་གི་རྐྱེན་པས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གིས་ཀྱང་རྒྱལ་ཁབ་རང་ཉིད་ཀྱི་ཁེ་ཕན་ཆེད་མི་འདོད་བཞིན་རྒྱ་དམར་སྲིད་གཞུང་དང་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་གང་གི་ཆ་ནས་ཡིན་ཡང་བསྟུན་ཤེས་ཀྱིས་མཉམ་འབྲེལ་བྱས་དང་བྱེད་མུས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་ཐོབ་བཞིན་པའི་རྒྱབ་སྐྱོར་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་རིག་གཞུང་སྲུང་སྐྱོབ། ཡུལ་ཁམས་ཁོར་ཡུག་ཕྱོགས་ནས་མ་གཏོགས་ཐད་ཀར་དུ་ཆབ་སྲིད་བདག་དབང་ཕྱོགས་ནས་ཐོབ་རེ་ཧ་ཅང་དཀོན་པའི་དུས་ཚོད་འདིར། ང་ཚོས་ཀྱང་ཐབས་མཁས་སྟབས་བསྟུན་གྱི་སྒོ་ནས་ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་འཐབ་རྩོད་ཁ་ཕྱོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐོབ་དབང་ཕྱོགས་སུ་བསྟུན་གང་ཐུབ་དང་ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱིས་ད་ལྟའི་གྲངས་ཉུང་མི་རིགས་ཞེས་བརྗོད་པའི་སྟེང་བསྟར་བཞིན་པའི<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཞེས་པར་ནང་འཁོད་ཐོབ་དབང་གང་ཡོད་པ་དེར་རྩོད་ལེན་གང་ཐུབ་ཅི་ནུས་བྱེད་དགོས་པར་འདོད།  གང་ཡིན་ཞེ་ན། ང་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སྤེལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་སྤྱི་དང་ཁྱད་པར་དུ་རྒྱ་དམར་གྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་འཁོད་ཀྱི་ཐོབ་དབང་སོགས་ཁྲིམས་མཐུན་བདེན་རྩོད་ཀྱི་ལས་འགུལ་གང་སྤེལ་བ་སོགས་སྤྱོད་པ་འཚེ་བ་མེད་པའི་ཐོག་ནས་གནང་ཐུབ་ན། ཕྱོགས་གཅིག་ནས་བོད་ནང་མི་དམངས་རྣམས་ལ་སླེབས་ངེས་པའི་ཆབ་སྲིད་ཕྱོགས་ཀྱི་དྲག་གནོན་དང་ཉེན་ཁ་ཆུང་རུ་གཏོང་ཐུབ་ཅིང༌། གྱོང་གུད་ཆུང་ཞིང་ཁེ་ཕན་ཆེ་བའི་དངོས་ཡོད་གནས་ཚུལ་གྱིས་བོད་ནང་མི་དམངས་རྣམས་ཁྲིམས་མཐུན་བདེན་རྩོད་ཕྱོགས་སུ་གོ་རྟོགས་ངེས་ཅན་ཞིག་དང་ཡིད་ཆེས་གསར་བ་ཞིག་ཀྱང་གསོ་ངེས་ཡིན། ཕྱོགས་གཞན་ཞིག་ནས་འཕོ་འགྱུར་ཆེ་བའི་རྒྱལ་སྤྱིའི་ཆབ་སྲིད་ཁོར་ཡུག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར། དམིགས་བསལ་དུ་རྒྱ་དམར་གྱི་ཆབ་སྲིད་འཕོ་འགྱུར་དང་རྒྱ་དམར་དམངས་གཙོའི་ཆབ་སྲིད་ལམ་ལུགས་ལ་ཡོངས་སུ་རེ་སྨོན་བྱེད་བཞིན་པའི་རྒྱ་མི་ཤེས་ཡོན་་པ་དང་མི་དམངས་དཀྱུས་མ་རྣམས་ཀྱིས་རྒྱབ་སྐྱོར་ཡང་ཐོབ་ངེས་ཡིན། ཆ་རྐྱེན་དེ་དག་ལ་བརྟེན། གལ་ཏེ་མི་རིགས་རང་ཉིད་ལ་ཞིམ་པ་མེད་པའི་སྙིང་སྟོབས་དང་ཐབས་ལ་མཁས་ཤིང་དུས་ཀྱི་འགྱུར་བ་དང་བསྟུན་ཐུབ་པའི་སྲིད་ཇུས་ལམ་ལུགས། ཕུགས་རྒྱང་རིང་བའི་མི་རིགས་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ལྡན་ཚེ། ཁྲིམས་ཞེས་པ་དེ་ནི་སྐབས་དང་དུས་འདྲ་མིན་དུ་རང་ཉིད་ཀྱི་ཁེ་དབང་ལ་དཔག་སྟེ་འཕོ་འགྱུར་ལྡན་པའི་རྣམ་པ་ཅན་ཞིག་ཡིན་སྟབས། མི་རིགས་སུ་དང་གང་ཡིན་ཡང་རང་ཉིད་ཀྱི་དགོས་དབང་དང་བསྟུན་ཏེ་འགྱུར་བ་གཏོང་ཆོག་པ་ཞིག་དང་གཏོང་ཐུབ་པ་ཞིག་ཀྱང་རེད། དེར་བརྟེན། ནམ་ཞིག་བོད་ཕྱི་ནང་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ཚད་ངེས་ཅན་ཞིག་ལ་སླེབས་པ་དང༌། རྒྱལ་སྤྱིའི་དང་རྒྱ་ནག་གི་སྤྱི་ཚོགས་ཕྱོགས་གང་ཐད་ནས་ཕྱི་ནང་གི་མཐུན་རྐྱེན་འཛོམ་པ་ཡིན་ན། ཆབ་སྲིད་ཀྱི་གོ་སྐབས་ནམ་བྱུང་རྣམས་ངེས་པར་དུ་དམ་འཛིན་བྱེད་ཐུབ་པར་མ་ཟད་བོད་ཀྱི་བདེན་མཐའ་ཡང་གོ་སྐབས་དེ་འདྲ་ཞིག་ལ་བརྟེན་ཏེ་གསལ་བར་གདོན་མི་ཟའོ། ། ༢༠༠༨ ལོའི་ཟླ་༡༠ ཚེས་༢༨ ཉིན་རྒྱ་གར་རྡ་རམ་ས་ལ་ནས་ཐོག་མར་བྲིས་ཏེ་༢༠༡༠ ལོའི་ལོ་མཇུག་ཏུ་ཁ་བསབས་ཞུས།

རྩོམ་པ་པོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་ཡིན

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php