མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པད་མ་དམར་པོ།

(བོད་ཆོས་ལྡན་ཞིང་གི་རང་ལུས་མེ་རུ་མཆོད་པའི་འཕགས་པའི་དགེ་འདུན་རྣམས་ལ་ཕུལ་བ།)

མིའོ་ཅུའེ་ཡིས་བརྩམས། ལྡོང་གི་ལྷ་རྩེས་བསྒྱུར།

མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པདྨ་དམར་པོ་དེ།
བོད་ཆོས་ལྡན་ཞིང་གི་རང་ལུས་མེ་རུ་སྒྲོན་པའི་འཕགས་པའི་དགེ་འདུན་ལ་དབང་།
ང་ཚོས། དྭངས་གཙང་དྲི་མེད་ཀྱི་རང་བཞིན་ལ་བསྟོད་དབྱངས་འབུལ།
བདེ་བ་ཅན་ནས་ཕེབས་པའི་ལྷ་ཡི་ཕོ་ཉ།
ཆོས་ལྡན་ཞིང་དུ་བྱོན་པའི་སྤྲུལ་བའི་བྱང་སེམས།
ཡིག་དྲུག་གི་མཚན་སྔགས་དེ། ཉིན་ཞག་ལོ་ཟླ་སྦྲེལ་ནས་ཁྱེད་ཅག་ལ་བཟློ།
སྟོང་ཁམས་ཆོས་དབྱིངས་སུ་ཁྱབ་པའི་ཡིག་བརྒྱ་ཡི་གཟུངས་སྔགས་ཀྱང་།
ཁྱེད་ཅག་ལ་འབུལ།
ན་མོ་ཨ་མི་ཏཱ་བྷཿ།
འདི་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ངོ་མཚར་ཐུགས་ཀྱི་རོལ་དབྱངས་ཡིན།
བྱམས་དང་བརྩེ་བའི་བདག་ཉིད་ཕྱོགས་བཅུའི་རྒྱལ་བ་ཀུན་ཀྱིས།
ཚེ་སྲོག་ལ་བསྔགས་པའི་ཕུལ་བྱུང་གི་མཆོད་བསྟོད་འདི།
ཁྱེད་ཅག་ལ་འབུལ།
ཐུབ་པའི་དབང་པོའི་བྱམས་བརྕེ་དང་ཤེས་རབ་ཀྱི་མེ་ལྕེ་ཡིས།
ཟག་བཅས་ཀྱི་གཟུགས་ཕུང་སྲེག་ཅིང་ཕུག་པའི་སྐབས།
མེ་ལྕེ་དང་གཟུགས་ཕུང་དང་བདག་མེད་རྣམས་གཅིག་ཏུ་བསྒྲིལ།
ཆེས་ཆེ་བའི་སྐད་སྒྲ་ཞིག བྱ་རྒོལ་ཕུང་པོའི་རི་ནས།
མི་ལོ་ཉིས་སྟོང་གི་ཡུལ་དུས་བརྒལ་ཏེ་སྟོང་ཉིད་ཀྱི་མེ་ལྕེའི་འོད་ཟེར་ཁྲོད།
མཚན་གོང་གི་སེང་གེའི་ང་རོ་ལྟར་ཡུན་རིང་གྲག
༼ཆོས་ཐམས་ཅད་བདག་མེད་པ། འདུས་བྱས་ཐམས་ཅད་མི་རྟག་པ།
མྱ་ངན་ལས་འདས་པ་ཞི་བ།༽
འདི་ནི་བདེ་བ་ཆེན་པོ་ཡིན་པ་སངས་རྒྱས་ཀྱིས་གསུངས།
དྲག་ཏུ་འབར་བའི་མེ་ལྕེའི་དབུས་སུ། ངས་ཁྱེད་ཅག་གི་དགོད་སྒྲ་དང་གླུ་སྐད་ཐོས།
མཛེས་སྡུག་གི་རྒྱ་བྱ་རེ་རེ་མཁའ་དབྱངས་སྤྲིན་དཀར་གྱི་དབུས་སུ་གཤེགས་ཏེ།
སྟོང་ཁམས་ཆོས་དབྱིངས་སུ་ཐིམ།

མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པདྨ་དམར་པོ་དེ།
བོད་ཆོས་ལྡན་ཞིང་གི་རང་ལུས་མེ་རུ་སྒྲོན་པའི་འཕགས་པའི་དགེ་འདུན་ལ་དབང་།
ང་ཚོས་ཁྱེད་རྣམས་ལ་ལྷོད་འཇགས་ཀྱིས་སྐྱེལ་མ་བྱེད།
ན་མོ་ཨ་མི་ཏཱ་བྷཿ།
མཚན་སྔགས་བཟང་པོ་འདི་ཡིས། ཁྱེད་རྣམས་ལ་འབོད་སྒུག་བྱེད།
མཚན་སྔགས་བཟང་པོ་འདི་ཡིས། ཁྱེད་རྣམས་དང་མཛའ་གཉེན་སྒྲིག
མཚན་སྔགས་བཟང་པོ་འདི་ཡིས། ཁྱེད་རྣམས་ལྷན་དུ་གླུ་གར་ལ་རོལ།
མཚན་སྔགས་བཟང་པོ་འདི་ཡིས། ཁྱེད་རྣམས་དང་འབྲེལ་འདྲེས་བྱེད།
མཚན་སྔགས་བཟང་པོ་འདི་ཡིས། ཁྱེད་རྣམས་དང་བརྕེ་བའི་མོལ་མཆིད་བྱེད།

འགྲོ་ཚོགས་ཀྱི་ཐར་བ་དང་བླ་མེད་ཀྱི་གོ་འཕང་ཆེད།
སྐུ་ལུས་མེ་རུ་མཆོད་པའི་འཕགས་པའི་དགེ་འདུན།
ཁྱེད་ཅག་ནི་རྗེ་བཙུན་འཇམ་དབྱངས་ཞབས་ཀྱི་སེང་གེ་ཡིན་ལ།
འཛིན་མ་འདར་ཞིང་སྔོ་བསངས་འགས་པའི་གད་རྒྱང་བསྒྲགས།
ཁྱེད་ཅག་ནི་ས་ཡི་སྙིང་པོའི་ཕྱག་གི་འཁར་བ་དང་ནོར་བུ་ཡིན་ལ།
དམྱལ་བའི་སྒོ་ཆེན་གཅག་སྟེ། བདེ་བ་ཅན་གྱི་སྒོ་ཁྱིམ་འོད་ཀྱིས་བཀང་།
ཁྱེད་ཅག་ནི་ཐུགས་རྗེ་ཆེན་པོའི་ཕྱག་གི་བདུད་རྩི་དང་ལྗོན་ལྕུག་ཡིན་ལ།
ཡུལ་དུས་དབྱེ་བ་མེད་པར་ཆོས་ཀྱི་བདུད་རྩི་ཕབ་ཏེ།
འགྲོ་བའི་སྐོམ་གདུང་སེལ་ཞིང་སྐམ་རྙིད་ཀྱི་རྣམ་ཤེས་གསོས།
ཁྱེད་ཅག་ནི་སྤྱན་རས་གཟིགས་ཀྱི་ཕྱག་གི་པདྨོ་ཡིན་ལ།
དྭངས་གཙང་གི་འདབ་མ་བཞད་དེ་དྲི་བསུངས་མངར་མོས།
འགྲོ་བ་ཀུན་ལ་དབྱེར་མེད་ཀྱིས་ཕན་བདེ་བསྐྲུན།

མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པདྨ་དམར་པོ་དེ།
བོད་ཆོས་ལྡན་ཞིང་གི་རང་ལུས་མེ་རུ་སྒྲོན་པའི་འཕགས་པའི་དགེ་འདུན་ལ་དབང་།
དེ་རིང་། རྒྱུན་དུ། དུས་ནམ་ཡང་་་
ང་ཚོས་མཚན་སྔགས་བཟང་པོ་ཞིག་གིས་འབོད་སྒུག་བྱས་ཏེ།
བདེ་ལྡན་ཞིང་དུ་མཉམ་འཛོམས་དང་།
པད་མས་ཁེངས་པའི་རྒྱ་མཚོ་རུ་ཐུག་འཕྲད་བྱེད།
ཚད་མེད་ཁྱད་འཕགས་ཀྱི་མཚན་སྔགས་བཟང་པོ་འདི་ཁོ་ན།
ཁྱེད་རྣམས་ཀྱི་ཚད་མེད་གཟི་དཔལ་གྱི་རྣམ་ཤེས་དང་།
བདེ་བླག་ཏུ་འགྲོགས་ཐུབ།
ཚད་མེད་མཛེས་སྡུག་གི་མཚན་སྔགས་བཟང་པོ་འདི་ཁོ་ན།
ཁྱེད་རྣམས་ཀྱི་ཚད་མེད་མཛེས་སྡུག་གི་རྣམ་ཤེས་དང་།
བདེ་བླག་ཏུ་འགྲོགས་ཐུབ།
ཚད་མེད་དྲོ་འཇམ་གྱི་མཚན་སྔགས་བཟང་པོ་འདི་ཁོ་ན།
ཁྱེད་རྣམས་ཀྱི་ཚད་མེད་དྲོ་འཇམ་གྱི་རྣམ་ཤེས་དང་།
བདེ་བླག་ཏུ་འགྲོགས་ཐུབ།
ཚད་མེད་སྙིང་རྗེའི་མཚན་སྔགས་བཟང་པོ་འདི་ཁོ་ན།
ཁྱེད་རྣམས་ཀྱི་ཚད་མེད་སྙིང་རྗེའི་རྣམ་ཤེས་དང་།
བདེ་བླག་ཏུ་འགྲོགས་ཐུབ།
ཚད་མེད་བརྩེ་དུང་གི་མཚན་སྔགས་བཟང་པོ་འདི་ཁོ་ན།
ཁྱེད་རྣམས་ཀྱི་ཚད་མེད་བརྕེ་དུང་གི་རྣམ་ཤེས་དང་།
བདེ་བླག་ཏུ་འགྲོགས་ཐུབ།

འཁོར་བའི་གནས་ཀྱི་གདོས་བཅས་ཀྱི་ཕུང་ཁམས་འདིས།
བདེ་ལྡན་ཞིང་གི་པདྨོ་དང་འཕགས་ནོར་བདུན་ལ་ཇི་ལྟར་རེག
འཁོར་བའི་གནས་ཀྱི་གདོས་བཅས་ཀྱི་ཕུང་ཁམས་འདིས།
ཁྱེད་ཅག་གི་སེམས་ཀྱི་མཛེས་སྡུག་དང་གཟི་དཔལ་ལ་ཇི་ལྟར་རེག
ང་ཚོ་སངས་རྒྱས་ཀྱི་བྱང་ཆུབ་ཤིང་དྲུང་དུ།
སངས་རྒྱས་ཀྱི་ཐབས་ཤེས་ཟུང་གི་གཟི་འོད་ཁྲོད།
ང་ཚོ་ཕན་ཚུན་ཁ་མི་འབྲལ།
ད་ནི་སྐད་ཆ་བཤད་དགོས་དོན་མེད་ལ།
མདའ་མཚོན་དང་འབར་རྫས་ཇི་ཙམ་མང་ཡང་།
ཁྱེད་རྣམ་པའི་སྙིང་སྟོབས་དང་རྣམ་ཤེས་གཞོམ་ག་ལ་སྲིད།
ཚད་མེད་བདེ་ཆེན་གྱི་རྒྱལ་ཕྲན་ཞིག་བསྐྲུན་པ་དེ།
བདེ་ལྡན་ཞིང་ཁམས་དང་འདྲེས་ཤིང་མངའ་ཁོངས་ཆེ་རུ་བཏང་།
འདི་ལས་ལྷག་པའི་སྤྲོ་སེམས་ཀྱི་ཁ་དོག་དང་དྲོ་འཇམ་ཞིག་ག་ལ་ཡོད།
མེ་ལྕེ་དང་ལུས་ཕུང་གཉིས་བསྡེབས་ཏེ།
རྟེན་འབྱུང་བྱང་སེམས་ངོ་སྤྲོད་ཀྱི་ཐབས་འདི། ཇི་འདྲའི་གཟི་དཔལ་ལྡན།
འདི་འདྲའི་བརྕེ་བ་དང་དྲང་བདེན་གྱི་སྦྱིན་པ།
འདི་འདྲའི་བཅོས་མེད་ལྷག་བསམ་གྱི་སེམས་བསྐྱེད།
འདི་འདྲའི་དྭངས་གཙང་དྲི་མེད་ཀྱི་འབར་མེ།

ཁྱེད་རྣམ་པའི་ཚེ་སྲོག་གིས།
རང་དབང་ལས་ལྷག་པའི་མངོན་འདོད་ཐོབ་ཅིང་།
ལྷག་བསམ་དང་སྙིང་སྟབས་ཁོ་ན་མ་གཏོགས།
སླེབས་ཐབས་བྲལ་བའི་བདེ་ཆེན་གྱི་ཞིང་མཆོག་བསྐྲུན།
རྒྱ་མཚོ་ལས་ཟབ་པའི་འགྲོ་བ་མིའི་བརྕེ་བ།
འགྲོ་བ་མིའི་སྐྱོ་སྡུག འགྲོ་བ་མིའི་སྐྱོ་གདུང་།
འགྲོ་བ་མིའི་དྲང་བདེན། འགྲོ་བ་མིའི་བཀའ་དྲིན།
རྒྱལ་བ་ཀུན་གྱི་བྱམས་བརྕེ་ཡི་མཚན་ཐོག་ནས།
ཁྱེད་རྣམས་ལ་བཀུར་བསྟི་བྱེད།
ཁྱེད་ཅག་ནི་འཇིག་རྟེན་མུན་ནག་གི་མཚན་མོའི་ཁྲོད།
གཟི་འོད་འཕྲོ་བའི་སྐར་མ་ཡིན་ལ།
གཏམ་རྒྱུད་ནང་གི་མེ་དཔུང་ཁྲོད་ཀྱི་རྒྱ་བྱ་རུ་སྤྲུལ་ནས།
རང་དབང་གི་ཁ་དོག
སྙན་འཇེབས་རོལ་དབྱངས་ཀྱི་གར་སྟབས་དང་འདྲེས་སྟེ།
མྱང་འདས་སུ་གྱུར།
རང་དབང་གི་ངོ་བོ་དེ།
ཤི་འཕོས་དང་མེ་དཔུང་གིས་གཟི་དཔལ་སྟོང་ཉིད་ཁྲོད་བཞད།
དེ་ནས་བཟུང་།
འགྲོ་བ་མི་ཡིས་རྟེན་འབྱུང་གི་ཁ་དོག་ཤེས་རྟོགས་ཐུབ།
མེ་ལས་གཟི་འོད་འཕྲོ་པ་ནི།
ཤེས་རབ་ཀྱི་ཁ་དོག་ཡིན།
འགྲོ་བ་མི་ཡིས་རྟེན་འབྱུང་གི་དྲོ་ཚད་ཤེས་རྟོགས་ཐུབ།
མེ་ལས་ཀྱང་ཚ་བ་ནི།
བྱམས་བརྕེ་ཡི་དྲོ་འཇམ་ཡིན།

མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པདྨ་དམར་པོ་དེ།
བོད་ཆོས་ལྡན་ཞིང་གི་རང་ལུས་མེ་རུ་སྒྲོན་པའི་འཕགས་པའི་དགེ་འདུན་ལ་དབང་།
རང་ལུས་མེ་རུ་སྒྲོན་པའི་འཕགས་པའི་དགེ་འདུན་རྣམས།
ཁྱེད་ཅག་མེ་དཔུང་ཁྲོད་ནས་རྟོགས་པ་སད་པ།
ཐུབ་པ་བྱང་ཆུབ་ཤིང་དྲུང་དུ་འཚང་རྒྱ་པ་དང་མཚུངས་པར།
བྱམས་བརྕེ་དང་ཤེས་རབ་མངོན་པར་གསལ་བ་དེ།
འཇིག་རྟེན་ཧྲིལ་བོས་ཐེག་པར་དཀའ།
མཚན་སྔགས་བཟང་པོའི་འོད་སྟོང་དང་ལྷན་དུ།
ཁྱེད་ཅག་ནི་བདེ་ལེགས་ངང་།
ཐུབ་པའི་དབང་པོའི་པང་ལ་སླེབས།
འོད་དཔག་མེད་ཀྱི་ཞིང་དུ་འབྱོར།
བྱང་ཆུབ་ཤིང་དྲུང་དུ།
མེ་དཔུང་ཁྲོད་ཀྱི་པད་མས་ཁེངས་པའི།
བདེ་ལྡན་གྱི་ཞིང་ཁམས།
དེ་ལ་རྒྱལ་མཚམས་མེད།
དེ་ལ་སྐྱེ་རྒ་བྲལ།
ཁྱེད་ཅག་པད་མ་དམར་པོ་ཁྲི་སྟོང་ལ་སྤྲུལ་ཏེ།
རླབས་ཆེན་གྱི་དུས་རབས་གསར་བ་འདི་དྲོད་ཀྱིས་བཀླུབས།
འཇིག་རྟེན་འདིའི་ལྷ་ཡུལ་ལ་འོད་ཀྱིས་གསལ།
འགྱུར་མེད་ཀྱི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས།
འགྱུར་མེད་ཀྱི་མེ་དཔུང་ཁྲོད་ཀྱི་པད་མ།
འགྱུར་མེད་ཀྱི་སློབ་དཔོན་པད་མ་འབྱུང་གནས།
འགྱུར་མེད་ཀྱི་གོང་ས་ཏཱ་ལའི་བླ་མ།
འགྱུར་མེད་ཀྱི་འཕགས་མཆོག་སྤྱན་མི་འཛུམ་པའི་སྤྲུལ་བ།
འགྲོ་བ་མིའི་ཐར་ལམ་ལ་འཇིག་རྟེན་ཧྲིལ་བོས་རེ་སྒུག་བྱེད།
དེ་ནི་འཇིག་རྟེན་རང་ཉིད་ཀྱི་ཐར་ལམ་ཡིན།
རྒྱ་དམར་གྱི་འགྱོད་བཤགས་དང་སྐྱབས་སེམས་ལ་འཛམ་གླིང་ཡོངས་ཀྱིས་རེ་སྒུག་བྱེད།
དེ་ནི།
འགྲོ་བ་ཡོངས་ཀྱི་འགྱོད་བཤགས་དང་སྐྱབས་སེམས་ཡིན་པས་སོ།།

མིའོ་ཅུའེ་ཚི་ཀྲི་(妙觉慈智)མིང་བས་ཧུའུ་ནན་ཞང་ཞིས་ནས།
༢༠༡༢ལོ་ཟླ་༡ཚེས་༩ལ་སྦྱར་བའོ།།

བསྒྱུར་མཆན། རྒྱ་ནག་གི་བཙུན་མ་མིའོ་ཅུའེ་(妙觉)ནི་དུས་རྒྱུན་རྒྱ་ནག་གི་འགྲོ་བོ་མིའི་ཐོབ་ཐང་
རྩོད་ལེན་པ་སོགས་ལ་རྒྱབ་སྐྱོར་བྱེད་མཁན་མི་སྣ་ཞིག་ཡིན་པ་དང་། ཁོང་གིས་སྙན་ངག་འདི་བྲིས་
རྗེས་རྒྱ་གཞུང་བདེ་སྲུང་མི་སྣས་ཉིན་གསུམ་ལ་བཀག་ཉར་འདྲི་གཅོད་བྱས་པ་ཁོང་གི་འཕྲུལ་སྒྲ་རུ་
གསལ་བསྒྲགས་བྱས་ཡོད། སྙན་རྩོམ་འདིའི་ཁ་བྱང་གི་༼རྒྱ་བྱ་༽ནི་རྒྱ་སྐད་ལ་(凤凰)Phoenix
ཞེས་པ། རྒྱའི་གཏམ་སྒྲུང་དུ་རྒྱ་བྱ་མེ་ལ་བསྲེགས་ཏེ་མྱང་འདས་སམ་མཛེས་སྡུག་གི་ཚེ་སྲོག་གསར་བ་
བསྐྱར་དུ་ལེན་པའི་བཤད་སྲོལ་ཡོད་པར་སྦྱར་འདུག

ལེགས་ལམ་དུ་བཀྲི་བའི་ལམ་རིམ།

བྱང་སྐར་གྱིས་བསྒྱུར།

པའེ་ཡུའེ་ཡིས་སྒྲིག་སྒྱུར་བྱས།


ཝེ་སི་ཀྲ་མིན་སི་ཀྲེར་ཆོས་ཁང[1]གི་ས་འོག་ཁང་པ་རུ། དབྱིན་ཇིའི་རྒྱལ་ཆོས་ཀྱི་ཆོས་གཙོ[2]ཞིག་གི་དུར་བྱང་ལ་གཤམ་གསལ་གྱི་ཚིག་དག་བརྐོས་འདུག

ང་ནི་ལོ་ན་གཞོན་ཞིང་ ཡོད་ཚད་རང་དབང་ལ་ཡོད་དུས། ངའི་ཡིད་བྱེད་ལ་ཐོགས་རེག་མེད་པས། ས་འཛམ་བུ་གླིང་འདི་ངས་ལེགས་ལམ་དུ་བཀྲི་དགོས་སྙམ་དུ་བསམས།

ང་ནི་ན་སོ་དར་ལ་བབས་ ཏེ་བློ་རིག་ལ་ཤེད་ཕྱེ་འོངས་དུས། འཛམ་བུ་གླིང་ལེགས་ལམ་དུ་བཀྲི་མི་ཐུབ་པ་ངས་ཧ་གོ་སོང་། དེར་རང་གི་འདུན་མ་ཅུང་ཆུང་དུ་བཏང་ནས། སོ་སོའི་རྒྱལ་ཁབ་ཙམ་ལེགས་ལམ་དུ་བཀྲི་བས་ཀྱང་འཐུས་སྙམ།

ཡིན་ན་ཡང་ངའི་རྒྱལ་ཁབ་ཀྱང་ངས་ལེགས་ལམ་དུ་བཀྲི་ཐུབ་པ་ཞིག་མིན་པ་འདྲ།

ང་ནི་རྒ་བའི་ཁུར་གྱིས་ ནོན་ཞིང་མཐའ་མཇུག་གི་རེ་འབྲས་ཤིག་ཡིད་ལ་བརྣགས་ཏེ། རང་གི་ཁྱིམ་ཚང་དང་ནང་མི་ཚོ་ལེགས་ལམ་དུ་བཀྲི་བར་བརྩམས་པ་ན། ཀྱི་ཧུད། ཁོ་ཚོ་སུ་གཅིག་གིས་ཀྱང་ངའི་ཁ་ལ་མི་ཉན།

ད་ལྟར་འཆི་དོང་ཁར་ལག་ པ་བཞག་འདུག་པའི་སྐབས་སུ་ངས་གནས་ལུགས་ཤིག་གཞི་ནས་ རྟོགས་སོང། གལ་ཏེ་དང་ཐོག་ངས་རང་ཉིད་ལེགས་ལམ་དུ་བཀྲིས་པ་ཡིན་ན། དེའི་མཇུག་ཐོགས་སུ་ངས་རང་གི་ནང་མི་ལེགས་ལམ་དུ་བཀྲིས་ཆོག་ལ། དེ་ནས་ཁོ་པ་ཚོའི་སྐུལ་ལྕག་དང་རོགས་རམ་ལ་བརྟེན་ནས། ངས་རང་གི་རྒྱལ་ཁབ་ལེགས་ལམ་དུ་བཀྲི་ཐུབ་ལས་ཆེ། དེ་ལྟར་འཇུག་ལྡོག་ནོར་མེད་ཚེ། གཅིག་བྱས་ན། མཐར་ཐུག་ངས་འཛམ་བུ་གླིང་འདིའང་ལེགས་ལམ་དུ་བཀྲི་ཐུབ་ཀྱང་ཐང་ཨང།


དུས་དེབ《读者》ཡི2005ལོའི་འདོན་ཐེངས་གསུམ་པ་ལས་བདམས་ཏེ་བསྒྱུར

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php