རྒྱ་ནག་གི་དེང་གནས་དམར་རྗེན་མ

 

མའོ་རོང་ཞཱེ་ཚོན་གྱིས་བརྩམས།

དྲང་སྲོང་ཞོ་འཐུང་རུས་བའི་བརྩེ་བརྒྱས་རྒྱ་ཡིག་ལས་བོད་བསྒྱུར་བྱས། 

 

ང་ནི་རྒྱ་ནག་གི་རྩོམ་པ་པོ་ཞིག་ཡིན། འདིར་ངས་ཁྱེད་རང་ཚོར་ངའི་རྒྱལ་ཁབ་ངོ་སྦྱོར་བྱེད་རྒྱུ་ཡིན། རྣམ་པ་ཚོས་མཁྱེན་གསལ་ལྟར་འདས་བའི་ལོ་ངོ་ཉི་ཤུའི་རིང་ལ།  རྒྱལ་ཁབ་འདིས་བརྩེགས་ཁང་གྲངས་ལས་འདས་པ་དང། གནམ་ཐང་གྲངས་ལས་འདས་པ། དེ་བཞིན་དུ་ལམ་ཆེན་ཡང་གྲངས་ལས་འདས་པ་འཛུགས་བསྐྲུན་བྱས་ཡོད། ཁོའི་(རྒྱལ་ཁབ) ཚོང་ལས་ཐོན་རྫས་ཐོན་ཚད་ནི་འཛམ་གླིང་གི་ཨང་གཉིས་པ་ཡིན། ཁོའི་ཐོན་སྐྱེད་བྱས་པའི་ཚོང་རྫས་ནི་འཛམ་གླིང་གི་གྲུ་ཟུར་ཐམས་ཅད་ལ་ཁྱབ་ཡོད། ལོན་ཏོན་དང༌། ཉིའུ་འོག  ཁྲོ་ཁས་ཡོ་སོགས་གང་སར༌། རིན་གོང་ཆེ་བའི་ཕྱི་གླིང་བའི་ལྭ་བ་གྱོན་པའི་རྒྱ་ནག་གི་འགྲུལ་བ་མཐོང་རྒྱུ་ཡོད། ཁོ་ཚོའི་སྐད་མགོ་མཐོ་ལ་དགོད་སྒྲ་ཆེ། གཏོང་སྒོ་ཡངས། ཁོང་ཚོའི་རྒྱན་འགྱེད་ཁང་ཕལ་ཆེ་བ་བཟུང་ཡོད་ལ། སྨྱོ་ཧམ་ངང་LV (louis vuitton bags?) ཀོ་ཁུག་ཉོ་བར་དགའ། དེ་འདྲའི་སྣང་ཚུལ་ལ་མི་རྣམས་ཧང་སངས་ནས་རྒྱ་ནག་ལ་སྟོབས་ཤུགས་རྒྱས་འདུག  རྒྱ་ནག་གི་མི་ལ་སྒོར་མོ་འདུག་ཞེས་ཟེར། ཡིན་ན་ཡང་ངའི་བཤད་རྒྱུ་ཞིག་ལ། ཕྱི་ངོས་གྱི་སྟོབས་ཤུགས་དང་འབྱོར་ཕྱུག་གི་འོག་ནས་རྒྱ་ནག་ལ་མི་ཕལ་ཆེ་བས་རྒྱས་ལོན་བྱེད་ཐུབ་མེད་པའི་ཞིབ་ཚགས་གྱི་གནས་ཚུལ་མང་བོ་ཡོད། དེ་འདྲའི་ཞིབ་ཚགས་གྱི་གནས་ཚུལ་དེས་རྒྱ་ནག་ནི་ཡ་མཚར་བའི་རྒྱལ་ཁབ་ཞིག་ཏུ་འགྱུར་ཡོད།

 

རྒྱ་ནག་དུ་འཚོ་བ་རོལ་མཁན་ཞིག་ཡིན་ཚེ། ཟློས་གར་ཁང་ཆེན་པོ་ཞིག་གི་ནང་སྡོད་པ་དང་འདྲ་སྟེ། ཁྲེལ་མེད་ཀྱི་གཏམ་རྒྱུད་དང། ཧང་སངས་པའི་འཁྲབ་ཚན། རྩོམ་པ་པོ་ཚང་མའི་བློ་ཡུལ་ལས་འདས་བའི་ཟློས་གར་གཟིགས་ཐུབ། རྒྱལ་ཁབ་འདིར་དུག་རྫས་འདྲེས་པའི་འོ་ཕྱེ་ཡོད་ལ། སྐྱེ་འགོག་སྨན་རྫས་ཀྱིས་གསོས་བའི་ཉ་དང་སྡིག་སྲིན་ཡོད། ད་དུང་བཟོ་ལས་རྫས་འགྱུར་གྱིས་བཟོས་བའི་ཨ་རག་རྫུན་མ། མིའི་དྲི་ཆེན་གྱིས་བཟོས་པའི་སྲན་ཞོ་དྲི་ངན་ཅན། དེར་མ་ཟད་སྐད་གྲགས་ཆེ་བའི་ས་འོག་རྐ་ལམ་གྱི་སྣུམ། དེ་ནི་ས་འོག་གི་རྫབ་ཆུ་ལས་བཞུ་ལེན་བྱས་ནས་ཟས་གཡོ་སྐོལ་ལ་བེད་སྤྱོད་གཏོང་གི་ཡོད། དེ་དག་ནི་མི་ཚང་རེ་རེའི་ཟས་ཅོག་སྟེང་མཐོང་རྒྱུ་ཡོད་པ་ཞིག་ཡིན།

 

རྒྱལ་ཁབ་འདིའི་ཁྲིམས་ལུགས་གྱི་འགྲོ་སྟངས་ནི། སྔོན་ལ་སྒྲིག་ཁྲིམས་གྲངས་མེད་གཏན་འབེབས་བྱས་རྗེས།  གྲངས་ལས་འདས་པའི་གོ་རིམ་ཞིབ་ཚགས་བཟོས། དེ་ནས་གྲངས་ལས་འདས་བའི་ལག་ལེན་དང་རྩ་ཚིག་བཟོས། དེ་ནས་གྲངས་ལས་འདས་བའི་ཁྲིམས་ལུགས་གྱི་འགྲེལ་བ་བཟོས། དེ་ནས་ཡོད་ཚད (རྒྱལ་ཕམ) མགོ་ཁྲིད་གྱིས་ཐག་གཅོད་བྱེད། རྒྱལ་ཁབ་འདིར་དོན་རྐྱེན་མང་བོ་ཞིག་གཏུག་བཤེར་བྱེད་མི་ཆོག  གལ་སྲིད་གཏུག་བཤེར་བྱས་ཀྱང་ཁྲིམས་ཁང་གི་གྱོད་གཞིར་མི་འཇོག  གལ་སྲིད་ཁྲིམས་ཁང་གིས་ངོས་ནས་གྱོད་གཞིར་འཇོག་ཏུ་སྲིད་ཀྱང༌། རྒྱུ་མཚན་ཅི་ཡང་མ་དགོས་ཐོག་ནས་གོང་རིམ་གྱིས་རྒྱལ་ཕམ་ཐག་གཅོད་བྱེད།

 

རྒྱལ་ཁབ་འདིའི་ནང༌། མི་ལ་ལ་རྒྱུ་མཚན་ཅི་ཡང་མེད་པའི་ངང་བོར་བརླག་ཏུ་འགྲོ་བཞིན་ཡོད། མི་ཁག་ཅིག་ཁྲིམས་ཐག་མ་བཅད་པའི་སྔོན་དུ་རང་དབང་ཡོངས་སུ་འཆོར། མི་ལ་ལར་བློ་ཕམ་ཡོད་རུང་ཞུ་ས་མེད། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་བའི་གོ་རིམ་མམ། ༼དམའ་རིམ་ཁྲིམས་ཁང་ནས་མཐོ རིམ༽ལྟར་གྱོད་གཞི་ཡར་ཞུ་བྱེད་མཁན་ལ་ " གོངགཏུག་མི་སྣ་ " ཟེར། དེ་རྒྱ་ཡིག་ནང་གི་གོ་དོན་ནི། འདྲེ་སྲིན་དང་སྨྱོ་ནད་ཅན། འཇིགས་བསྐུལ་བ་བཅས་ཡིན།

གོང་གཏུག་མི་སྣ་ཚོར་ཁ་གཏད་གཅོག་ཆེད་སྲིད་གཞུང་གི་ཕོན་ཆེ་བའི་མི་ཤུགས་དང་དངོས་ཤུགས་བེད་སྤྱོད་གཏོང་གི་ཡོད། སྐབས་རེར་ཁོ་ཚོ་རང་ཡུལ་དུ་རྫོང༌། སྐབས་རེར་ཁོང་ཚོ་བཙོན་ཁང་དུ་འཇུག  དེའི་ཁྲོད་གྱི་ཆེས་སྤྱང་གྲུང་ལྡན་པ་རྣམས་སྨྱོན་པའི་བཙོན་ཁང་དུ་འཇུག

 

ཉེ་ཆར་ཡར་གོང་གཏུག་་གྱི་མི་སྣཞིག་ལ་ཁྱབ་ཆེ་བའི་དོ་སྣང་བྱུང་ཡོད། ཁོང་ནི་ལོངས་བའི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་མིང་ལ་ཁྲིན་ཀང་ཁྲིན་ཟེར། ཁོང་གི་གཞན་དོན་དུ་འབོད་བསྐུལ་གནང་བས། ད་ལྟ་རང་ཁྱིམ་དུ་བཀག་གཉེར་བྱས་ནས་མི་སུ་ཞིག་ཐུག་མི་ཆོག་པ་བཟོས་ཡོད། ང་རང་བརྩིས་པའི་མི་མང་བོ་ཞིག་ཉེན་ཁ་གདོང་ལེན་བྱས་ནས་ཁོང་ལ་བལྟ་རུ་ཕྱིན་རུང། འབྲས་བུ་ཇི་ཡང་མ་ཐོན་པའི་ཐོག་སྲིད་གཞུང་གི་རྡུང་རྡེག་བཏང་ནས་ཕྱི་ལ་སྤོས་སོང༌། རྒྱལ་ཁབ་འདིའི་ནང་ཡ་མཚན་ཅན་གྱི་འཆི་སྟངས་འདྲ་མིན་ཡོད་དེ། བལྟ་སྲུང་ཁང་དུ་བཙོན་པ་རྐྱེན་མེད་དུ་ཤི་ཚེ། གཞུང་འཛིན་པས་རྟོགས་བཟོའི་ཆོས་ཉིད་དང་ལྡན་པའི་འགྲེལ་བཤད་བྱེད། དཔེར་ན་གབ་རེས་ཡིབ་རེས་རྩེད་མོ་རྩེས་ནས་ཤི་བ། རྨི་ལམ་རྨིས་ནས་ཤི་བ། ད་དུང་ལ་ལས་ཆུ་ཧུབ་གང་འཐུང་ནས་ཤི་བ་སོགས་རེད། ཡིན་ན་ཡང་ཤི་མཁན་ཚང་མའི་ལུས་ཡོངས་ལ་རྨ་ཁས་ཁེངས་ཡོད།

 

རྒྱལ་ཁབ་འདིར། གྲོང་ཁྱེར་རེ་རེའི་ནང་གཏོར་འདེད་རུ་ཁག་རེ་ཡོད། ཁོང་ཚོས་སྟ་གོན་བྱས་ཡོད་པ་ནི། བསྔོག་གཏོར་འཕྲུལ་ཆས་དང་དབྱུག་པ་ཡིན། བསྔོག་གཏོར་འཕྲུལ་ཆས་གྱིས་མི་གཞན་གྱི་སྡོད་ཁང་བཤིག་པ་དང༌། དབྱུག་པས་ཁ་མི་ཉན་མཁན་ལ་རྡུང་བརྡེག་བྱེད་རྒྱུ་དེ་རེད། མི་རྣམས་གྱིས་རང་གི་ཁྱིམ་ཚང་སྲུང་སྐྱོབ་ཆེད་སྨྲེ་ངག་འདོན་ནས་ཞུ་བ་དང། ལ་ལས་པུས་མོ་བཙུགས་ནས་ཞུ་མཁན། ད་དུང་ཁ་ཤས་གྱིས་རང་གི་ལུས་ལ་རླངས་སྣུམ་བླུགས་ནས་མེ་བཏང་པ་ནས་རང་ཁྱིམ་སྲུང་བའི་ཐབས་ལམ་བཙལ་ཡོད། ཡིན་ན་ཡང་མི་དེ་དག་གིས་བྱ་སྤྱོད་གང་འདྲ་བྱས་ཀྱང་རུང༌། གཏོར་འདེད་རུ་ཁག་གི་ལས་རིམ་ལ་ཅུང་ཙམ་ཡང་གནོད་ཀྱི་མེད། དེ་འདྲའི་གནས་ཚུལ་འོག་མི་མང་བོ་ཞིག་ཤི་སྐྱོན་བྱུང་ཡོད་ཀྱང༌། ཁོ་ཚོའི་འདས་རྐྱེན་ལ་འགན་ལེན་བྱེད་མཁན་སུ་ཡང་མེད།

 

རྒྱལ་ཁབ་འདིའི་ནང། འོས་འདེམས་ནི་ཡ་མཚར་འོས་བའི་རྩེད་མོ་ཞིག་ཡིན། མཐའ་འཇུག་གི་འབྲས་བུ་ནི་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན། གོང་རིམ་ནས་མི་སུ་འདེམས་བསམ་ན་འོས་ཤོག་དེ་ལ་ཐོབ་པའི་ལག་རྩལ་ལ་ནོར་འཁྲུལ་བྱུང་བ་ཧ་ཅང་ཉུང༌། དུས་མང་ཆེ་བའི་ནང་མི་རྣམས་ཀྱིས་མི་གཉིས་ཀྱི་ཁྲོད་ནས་གཉིས་འདེམས་དགོས་པ་ཡིན།༼གཞུང་གི་གཏན་འཁེལ་བྱས་པའི་འོས་མི་ལས་འདེམས་བྱ་གཞན་མེད་པའི་དོན༽། ད་དུང་སྐབས་རེར་ཨང་རྩིས་གྱི་གནས་ལུགས་ལས་བརྒལ་ནས་མི་རྣམས་གྱིས་འོས་མི་གཉིས་ལ་མི་གསུམ་འདེམས་ཐོན་བྱེད་དགོས་པའི་གནས་ཚུལ་ཡང་བྱུང་ཡོད། ངོ་ལྔ་རེའི་མཚམས་སུ། རྒྱལ་ཡོངས་རང་བཞིན་གྱི་འདེམས་བསྐོ་ཐེངས་གཅིག་ཡོད་པ་ལ་མི་དམངས་གྱི་འཐུས་ཚབ་ཟེར་རུང་ཁོང་ཚོ་ཕལ་ཆེ་བ་མི་དམངས་གྱི་འཐུས་ཚབ་མིན་ཡང། སྲིད་གཞུང་གི་གླ་མི་ཞིག་ལ་རྩིས་ཆོག་ལ། གང་ཞེ་ན་ཁོ་ཚོས་སྲིད་གཞུང་གི་ཕྱོགས་གཏོགས་སྐད་ཆ་ལས་བཤད་མི་ཤེས།   ཁོ་ཚོའི་ཁྲོད་ཀྱི་དཔེར་མཚོན་མི་སྣ་གཅིག་ནི། ལོ་བདུན་བཅུ་ལྷག་སོན་པའི་ལྕམ་སྐུ་ཕྱོགས་ཞིག་ཡིན་ལ། མོའི་ལོ་ངོ་ལྔ་བཅུ་རྩ་གྲངས་རིང་མི་དམངས་སྤྱི་འཐུས་བྱས་ཡོད། མོའི་དབང་ཚད་དེ་ནམ་ཡང་ཤོར་དུ་མེད། མོའི་ཕྱག་ལས་ནི ་ཧ་ཅང་གི་ལས་སླ་མོ་ཞིག་སྟེ། ལག་པ་བཀྱོག་རྒྱུ་གཅིག་པོ་ཡིན། དེ་འདྲ་ལག་ལས་གནང་རྗེས་བདེ་ལ་འཇམ་པའི་འཚོ་བ་བསྐྱལ་ནས་བསྡད་ཡོད།

 

ཉེ་ཆར་གནས་ཚུལ་ཅུང་ཙམ་འགྱུར་བ་ཕྱིན་ཡོད་པ་ནི། མི་ཁ་ཤས་སྲིད་གཞུང་གི་ཆོག་མཆན་མེད་པའི་ཐོག་འོས་མིར་འཛུལ་ཞུགས་བྱས་རུང་ཁོང་ཚོ་ཚང་མ་ཕམ་ཉེས་སུ་གྱུར་ཡོད། ཁོང་ཚོ་ཕམ་ཉེས་སུ་གྱུར་བར་བརྟེན་ཁོང་ཚོས་ཡ་ང་བའི་འཚོ་བ་སྐྱེལ་བཞིན་ཡོད། རྒྱལ་ཁབ་འདིའི་ནང༌།  སྲིད་གཞུང་གིས་བཙུགས་པའི་དཔལ་འབྱོར་སྐྱོབ་གསོའི་བསྒྲིག་འཛུག་ཀྱིས། རྒྱུན་མཐོང་ཡོངས་གསལ་གྱིས་མི་ཚོང་རྒྱག་བཞིན་ཡོད། དབང་བོ་སྐྱོན་ཅན་རྣམས་བྲན་གཡོག་ཏུ་བཙོང་ནས་བཟོ་གྲྭ་དང་གཏེར་ཁུང་དུ་ཉིན་མཚན་ཆོད་དཀའ་བའི་འཚོ་བ་སྐྱེལ་བཞིན་ཡོད།།  རྒྱལ་ཁབ་འདིའི་ནང༌། བུད་མེད་སྦྲུམ་མ་རྣམས་བཙན་ཤུགས་ཀྱིས་མངལ་ཤོར་དུ་འཇུག་པ་དང། བྱིས་པ་དམར་འབྱར་ཁ་ཤས་བཙན་དབང་གིས་དྭ་ཕྲུག་ཁང་དུ་སྐྱེལ་བ་དང༌། ཕྲུག་གུ་དེ་དག་གི་ཕ་མ་ཚོས་་དུས་ཚོད་ལྟར་སྒོར་མོ་བྱིན་ནས་བྱིས་པ་ཉོ་མ་ཐུབ་ཚེ། ཕྲུ་གུ་འདི་དག་ཕལ་ཆེར་ས་གནས་གཞན་དང་ཐ་ན་ཕྱི་རྒྱལ་དུ་བཙོང་ངེས་པ་རེད།  རྒྱལ་ཁབ་འདིའི་ནང༌། གསར་ཤོག་དང་བརྙན་འཕྲིན་གྱི་ལས་འགན་ནི་དངོས་ཡོད་གནས་ཚུལ་སྤེལ་རྒྱུ་དེ་མ་ཡིན་པར། སྲིད་གཞུང་གི་དོན་དུ་སྐྱག་རྫུན་ཁྱབ་བསྒྲགས་བྱེད་མཁན་ཡིན། སྲིད་གཞུང་གི་སློབ་གསོའི་དམིགས་ཡུལ་ནི། ཤེས་ཡོན་དར་སྤེལ་དུ་གཏོང་རྒྱུ་མ་ཡིན་པར་མི་རྣམས་རྣམས་རྨོངས་སུ་བཅུག་ནས་སྲིད་གཞུང་ལ་བློ་དཀར་ཞབས་ཞུ་བྱེད་རྒྱུ་དེ་རེད། དེ་འདྲའི་སློབ་གསོ་དང་ཁྱབ་བསྒྲགས་ཁྲོད་མི་རྣམས་འཚར་ལོངས་མ་བྱུང་བའི་སྣང་ཚུལ་ཏེ། ཁོང་ཚོར་མི་དར་མའི་གཟུགས་པོ་ཞིག་ཡོད་ན་ཡང། བསམ་བློ་ནི་འཚར་མ་ལོངས་བའི་བྱིས་པ་ཞིག་དང་གཅིག་མཚུངས་ཡིན། ད་ལྟའི་དུས་རབས་གསར་བ་འདིའི་ནང་དུ་ཡང་མི་མང་བོ་ཞིག་གིས་རིག་གནས་གསར་བརྗེ་དྲན་གསོ་དང། འུར་བསྟོད་བྱེད་པ་དང། ད་དུང་མི་ཁ་ཤས་གྱིས་ཡ་ང་བའི་མུག་གེ་ཆེན་མོ་དེ་ཡང་དག་པ་ཞིག་དང་བཀྲ་ཤིས་པ་ཞིག་ཡིན་པར་ངོས་འཛིན་བྱེད། དེ་ནི་མི་བྱབ་ཆུང་དེ་དག་གི་རུལ་མས་བུ་བསྟོད་དང་ངན་པའི་རང་བསྟོད་བྱས་པ་རེད།

 

རྒྱལ་ཁབ་འདིའི་ནང༌། ཤེསབྱའི་རྣམ་གྲངས་ག་འདྲ་ཞིག་ཡིན་ཡང་སྲིད་དོན་གྱི་ཆེད་ཞབས་ཞུ་བྱེད་དགོས།  ལོ་རྒྱུས་དང་དཔལ་འབྱོར་རིག་པ། ཐ་ན་སྲོག་ཆགས་རིགས་མི་གཅིག་པའི་སྐྱེ་སྦྱོར་ཡན་ཆད་གྱིས་སྲིད་གཞུང་ལ་ཞབས་ཞུ་བྱེད་དགོས།

རྒྱལ་ཁབ་འདིས་གྲལ་རིམ་རྩ་མེད་བཟོས་པར་བསྒྲག་ན་ཡང། དོན་དངོས་སུ་ཚང་ཚིང་འཁྲིགས་འཁྲིགས་ཀྱི་གྲལ་རིམ་ཞིག་གྲུབ་ཟིན་པ་ཡིན། མི་མཐོན་པོའི་དམིགས་བཀར་གྱི་ཟས་རིགས་ཟ་བ་དང། ཞབས་འོག་གི་མིའི་བཙོག་འབག་དང་འཕྲོད་བསྟེན་ལ་གནོད་པའི་ཟས་ཟ་བ། རིམ་པ་དང་པོའི་མི་དྲག་གི་བྱིས་པས་རྒྱས་སྤྲོས་དང་རིན་ཐང་ཆེ་བའི་མི་དྲག་གི་སློབ་གྲྭར་འགྲོ་བ། རིམ་པ་གཉིས་པའི་བྱིས་པ་ཚོ་སྤྱིར་བཏང་གི་སློབ་གྲྭར་འགྲོ་བ། རིམ་པ་གསུམ་པའི་བྱིས་པ་ཚོ་རྒྱུ་སྤུས་ཞན་པའི་བཟོ་དམངས་སློབ་གྲྭར་འགྲོ་བ། རིམ་པ་བཞི་བའི་བྱིས་པ་ལ་སློབ་གྲྭ་འདོན་པའི་གོ་སྐབས་མེད།

 

རྒྱལ་ཁབ་འདི་ཆེས་དགའ་བའི་ལས་དོན་ཞིག་ཡོད་པ་ནི་གནམ་གྲུ་ཉོ་རྒྱུ་དང༌། ཕྱི་རྒྱལ་ལ་རོགས་དངུལ་མཁོ་སྤྲོད་བྱེད་རྒྱུ་དེ་རེད། འོན་ཀྱང་རང་གི་ས་ཐོག་ཏུ་སྤྲང་བོ་ཕྱོགས་བཞིར་འཁྱམས་ནས་ཡོད།  ནད་པ་མང་བོར་སྨན་བཅོས་བྱེད་པའི་ཆ་རྐྱེན་མི་འཛོམས། བྱིས་པ་མང་བོར་སློབ་སྦྱོང་བྱེད་པའི་གོ་སྐབས་མེད། ད་དུང་མི་མང་བོ་ཞིག་གིས་ཡ་ང་བའི་ཉམས་ཐག་གི་འཚོ་བ་རོལ་བཞིན་ཡོད།  རྒྱལ་ཁབ་འདིས་མི་ཚང་མ་སྟེ། སྒེར་གྱི༼བྱ་སྤྱོད་དང་གཏམ་བརྗོད་སོགས༽གསང་བ་འཚོལ་གཉེར་བྱེད་ཀྱིན་ཡོད། སྲིད་གཞུང་གིས་མི་རེ་རེ་བཞིན་གསང་བའི་ལོ་རྒྱུས་ཡིག་ཆ་བཟོ་གི་ཡོད། ཡིག་ཆ་དེ་དག་གི་ནང་དུ་སྐྱེ་བ་ནས་བཟུང་ཤི་བའི་བར་གྱི་འགྱུར་བ་ཇི་སོང་དང་བྱ་སྤྱོད་གཏམ་བརྗོད་ཅཇི་བྱས་གྱི་་ལོ་རྒྱུས་ཉར་ཚགས་དང་ཟིན་ཐོར་བཀོད་ཀྱི་ཡོད།

 

ཡིག་ཆ་འདིའི་ནང་དུ་ཟིན་ཐོ་ག་འདྲ་ཞིག་རྒྱབ་ཡོད་པ་དོ་བདག་ལ་རྒྱུས་མངའ་ཅི་ཡང་མེད། བཟོ་གྲྭ་དང༌། སློབ་གྲྭ དེ་བཞིན་དུ་སྲང་ལམ་ཀུན་ཏུ་སོ་ཉུལ་བ་དེ་དག་གིས་མི་རེ་རེའི་བྱ་སྤྱོད་དང་སྨྲ་བརྗོད་ལ་གསང་ཉུལ་བྱེད་ཀྱིན་ཡོད། དེ་འདྲའི་གུ་དོག་ཅིང་རྔམ་སྐྲག་ཆེ་བའི་འཁོར་ཡུག་ཁྲོད༌། མང་ཚོགས་སྲིད་གཞུང་ལ་ཡིད་ཆེས་མེད། ལས་བྱེད་འགོ་འཛིན་ལ་ཡིད་ཆེས་མེད།  སློབ་མ་དགེ་རྒན་ལ་ཡིད་ཆེས་མེད། ཁྱོ་ག་ཁྱིམ་ཐབ་བམ་སྐྱེས་དམན་ལ་ཡིད་ཆེས་མེད།  རྒྱལ་ཁབ་འདིའི་ནང་དུ་ཡ་མཚན་གྱི་ལམ་ལུགས་ཤིག་ཡོད་པ་ནི། རྫུན་བཤད་མཁན་ལ་རྟག་ཏུ་རྒྱལ་ཁ་ཐོབ་ངེས་པ་དེ་རེད། དེ་ལྟར་རྒྱུན་རིང་སོང་ཙང༌། མི་རྣམས་གྱིས་རྫུན་སྨྲ་བ་ནི་རྒྱུན་ལྡན་ཞིག་དུ་བརྩི་བཞིན་ཡོད། མི་རེ་རེ་བཞིན་རང་འགུལ་གྱིས་སྐྱག་རྫུན་བཤད། ཐ་ན་སྐྱག་རྫུན་བཤད་པ་ནི་སྤྱོད་བཟང་དུ་བརྩི་་བའི་དུས་ལ་སླེབས་ཡོད།

 

རྒྱལ་ཁབ་འདིའི་ནང་དུ། རྩོམ་ཡིག་འབྲི་བ་ནི་ཉེན་ཁ་ཅན་གྱི་ལས་གནས་ཤིག་ཏུ་འགྱུར་ཡོད། མི་ལ་ལས་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་བཙོན་ཁང་དུ་བཅུག  མི་ཁ་ཤས་གྱིས་བདེན་གཏམ་བཤད་པས་བཙོན་ཁང་དུ་འཇུག རྩོམ་པ་པོས་འདས་བའི་ལོ་རྒྱུས་ལ་དཔྱད་བརྗོད་བྱེད་མི་ཆོག་ལ། ད་ལྟའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་མི་ཆོག། མ་འོངས་བའི་ཕུགས་བསམ་ལ་དེ་ལས་ཀྱང་བསམ་གཞིགས་བྱེད་མི་ཆོག། ཐ་སྙད་མང་བོ་ཞིག་བེད་སྤྱོད་གཏོང་མི་ཆོག་ལ། སྐད་ཆ་མང་བོ་ཞིག་ལ་ལབ་གླེང་བྱེད་མི་ཆོག གྲོས་གཞི་མང་བོ་ཞིག་གླེང་མི་ཆོག  དཔེ་དེབ་ཅིག་པར་བསྐྲུན་བྱེད་པར་ཆབ་སྲིད་ཞིབ་གཤེར་བརྒྱུད་དགོས་པ་དང། རྩོམ་རིགས་མང་བོ་ཞིག་ལ་བཀག་བསྡོམས་བྱས་ཡོད། (བཀག་སྡོམ་བྱས་བའི་དེབ་དེ་དག་ཕྱི་རྒྱལ་དུ་འགྲོ་རྒྱུགས་ཆེ་བའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཀྱི་ཡོད) རྒྱལ་ཁབ་འདིས་མིའི་བཟོས་འཁོར་སྐར་མཁའ་དབྱིངས་སུ་གཏོང་ཐུབ་ན་ཡང༌། ཟམ་པ་ཡག་པོ་ཞིག་བཟོ་མི་ཤེས། རྒྱལ་ཁབ་འདིས་སྲིད་གཞུང་གིས་ཐོག་ཁང་གསེར་འོད་ཆེམ་ཆེམ་འབར་བ་རྒྱག་ཐུབ་ན་ཡང༌། བྱིས་པ་ཚོ་ཡོར་ཡོར་ཆེམ་ཆེམ་གྱི་ཉེན་ཁང་དུ་བསྡད་ཡོད།

 

རྒྱལ་ཁབ་འདིར་སྲིད་གཞུང་ལ་གྲངས་ལས་འདས་བའི་རྒྱས་སྤྲོས་རླངས་འཁོར་ཡོད་རུང༌། སློབ་ཕྲུག་ཚོར་རྒྱུ་ཆ་ཅུང་ཙམ་མཁྲེག་པའི་རླངས་འཁོར་ཡང་མེད། ཉིན་གཉིས་ཙམ་གྱི་སྔོན་ལ། རྒྱ་ནག་ཀན་སུའུ་ཞིང་ཆེན་ནང་མི་དགུའི་འདུག་སྟེགས་ཅན་གྱི་རླངས་འཁོར་གྱི་ནང་དུ་བྱིས་པ་དྲུག་ཅུ་རེ་བཞི་བརྫང། སྟབས་མ་ལེགས་པར་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས། བྱིས་པ་བཅུ་དགུ་ཤི་རྐྱེན་དུ་གྱུར། བྱིས་པ་དེ་དག་མང་ཆེ་བ་ཉམས་ཐག་གི་ཁྱིམ་ཚང་གི་ཡིན། བྱིས་པ་དེ་ཚོས་ད་དུང་མེ་ཁུ་ཊོ་ནལ(McDonald’s) དང་ཁེ་སྤས་སས(KFC)གྱི་ཟས་རིགས་ཟ་མྱོང་མེད་ལ༌། རི་དྭགས་ར་བར་བལྟ་སྐོར་བྱེད་མྱོང་མེད། ཁོང་ཚོའི་འཚོ་བ་ནི་གཞི་ནས་འགོ་ཚུགས་རྒྱུ་ཡིན་རུང་དེ་ལྟར་སྔ་་ས་ནས་འཇུག་བསྡུས་ཟིན།

རྒྱལ་ཁབ་འདིས་ཉེ་བའི་ལོ་འགའི་རིང་མཛད་སྒོ་རྒྱས་པ་རབ་དང་རིམ་པ་འཚོག་ཡོད་པས། མཛེས་སྡུག་ལྷུན་ཆགས་གྱི་རྩེད་ར་དང་ཁང་ཆེན་འཛུགས་བསྐྲུན་བྱས་ཡོད། མཛད་སྒོའི་ཡར་སྔོན་དུ"ཉེན་ཁ་ཅནདེ་དག་གི་མིག་ཆུ་འདོན་བཞིན་རང་གི་ཁྱིམ་དང་གཏན་བྲལ་བྱས་ཡོད། སྲིད་གཞུང་གི་མགྲིན་ཚབ་པས་ཁོང་ཚོ་ནི་རང་མོས་ངང་སོང་བ་ལས་བཙན་འདེད་བྱེད་མཁན་མེད་ཟེར།།

 

རྒྱལ་ཁབ་འདིའི་ནང་དུ་འཛམ་གླིང་ན་ཆེ་ཕོན་ཆེ་བའི་དཔོན་ཉམས་ཅན་དཔུང་ཆེན་ཞིག་ཡོད་ལ། ཁོ་ཚོའི་ཁྲོད་གྱི་ཕལ་ཆེ་བ་ལྐོག་ཟ་རུལ་སུངས་བྱེད་མཁན་ནམ་ཡང་ན་རྒྱན་པོ་འགྱེད་མཁན་ཡིན། འབག་བཙོག་གིས་གཡོག་པའི་དབང་ཆ་དེ་རྒྱུ་ནོར་བཟོ་སའི་ནོར་བུ་དང་མི་ལ་འཚེ་བའི་མཚོན་ཆ་ལྟར་གྱུར་ཡོད། གསལ་བསྒྲགས་བྱས་པ་ལྟར་ན། ལོ་རེ་དཔོན་ངན་ཚོས་རྒྱས་སྤྲོས་ཟ་འཐུང་དང་འགྲུལ་ཞུགས་གྱི་འགྲོ་སོང་ནི་མི་དམངས་ཤོག་སྒོར་དུང་ཕྱུར་དགུ་སྟོང་ཡིན། མི་རྣམས་གྱིས་འདྲི་སྲིད་པ་ནི། "ཁྲལ་སྤྲོད་མཁན་ཚོས་ངོ་རྒོད་མི་བྱེད་དམ་ཟེར་ན། བློ་ཕམ་པ་ཞིག་ལ། རྒྱལ་ཁབ་འདིར་ཁྲལ་སྤྲོད་མཁན་ཟེར་བའི་ཐ་སྙད་ཅིག་མེད་ན་ཡང། མི་དམངས་ཟེར་བའི་ཐ་སྙད་དེ་དེའི་མིང་དོན་མཚུངས་བའི་ཚབ་བྱེད་ཐ་སྙད་ཡིན།

མི་ཁ་ཤས་གྱིས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེར་ཧང་སངས་དགོས་པ་མི་འདུག། རྒྱལ་ཁབ་ཡོན་ཚད་ཀྱི་ནང་དུ་ལྐོག་ཟ་རུལ་སུངས་ཡོད་པ་ཡིན་ཟེར་ན། ངས་ཁས་ལེན་བྱས་ཆོག་ཀྱང༌། གལ་སྲིད་ལྐོག་ཟ་རུལ་སུངས་ཀྱི་ཚད་གཞི་འཇལ་བྱེད་ཆ་ཤས་(ཏུའུ)་སུ་བྱས་ན་ཆ་ཤས་ལྔ་དང་ཆ་ཤས་བརྒྱ་ལ་གྲངས་གནས་གྱི་ཆ་ནས་དེ་ཙམ་ཁྱད་པར་མེད་རུང༌། ངོ་བོའི་ཐོག་ནས་དང་པོ་དེ་ཚབས་ཆུང་དང་གཉིས་པ་ཆགས་སྒོ་ཡིན།  ངས་ད་དུང་བཤད་རྒྱུ་ལ་རྒྱལ་ཁབ་དུ་ལྐོག་ཟ་རུལ་སུངས་ཡོད་པ་རྒྱུ་མཚན་གྱིས་རྒྱ་ནག་མི་དམངས་ཀྱིས་བཟོད་བསྒོམ་བྱེད་མི་ཐུབ།

 

ངོ་མས་རྒྱ་ནག་གི་མིའི་གོ་རྟོགས་ཀྱི་སྤུས་ཀ་ཞན་དྲག་ནས་མཛེས་སྡུག་གི་འཚོ་བ་རོལ་བར་མི་འཚམས་པ་རེད་དམ། ཉིད་ཀྱིས་ཡིད་ཆེས་གནང་ཆོག སྐད་ཆ་འདི་བཤད་མཁན་ཁོ་རང་གི་གོ་རྟོགས་ཞན་པ་ཡིན། འོ་ན་རྒྱ་ནག་གི་དམིགས་བསལ་གནས་སྟངས་ཐོག་མི་དམངས་ལ་རང་དབང་ཆེན་པོ་སྤྲད་ན་མི་འགྲིག་པ་རེད་དམ། ཉིད་ཀྱིས་ཡིད་ཆེས་གནང་རོགས། སྐད་ཆ་འདི་བཤད་མཁན་ཁོ་རང་ནི་གནས་སྟངས་གང་ཡིན་པ་དེ་ཡིན།  རྒྱ་ནག་ལ་དགོས་པ་ནི་རང་དབང་མིན་ལ། ཐོབ་ཐང་ཡང་མིན། བརྟན་ལྷིང་ཡིན་ཟེར་ན་ཉིད་གྱིས་ཡིད་ཆེས་གནད་རོགས། སྐད་ཆ་འདི་བཤད་མཁན་ཁོ་རང་བརྟན་ལྷིང་མི་ཡོང་བའི་གཞི་རྩ་ཡིན།

 

ང་རང ༢༠༠༩ ལོ་འཇུག་ཏུ་སྣ་འཛོམས་ཚོང་དོན (pyramid scammers) ཚོགས་ཆུང་ཞིག་ཏུ་འཛུལ་ཞུགས་བྱས་པ་ཡིན། དུས་ཡུན་གང་འཚམས་ཤིག་གི་རིང་ཉམས་མྱོང་བསགས་རྗེས། སྣ་འཛོམས་ཚོང་དོན་ཚོགས་ཆུང་ནི་རྒྱའི་སྤྱི་ཚོགས་གྱི་སྣང་བརྙན་བསྡུས་མ་ཞིག་དང་འདྲ་བའི་ཚོར་བ་བྱུང༌།  རྒྱ་ནག་གི་མཁས་པ་ཞིག་གིས་དེ་ལ་གནད་དུ་འཁེལ་བའི་འགྲེལ་བཤད་རྒྱབ་ཡོད་པ་ནི། ཁོང་གི་དེ་ལསྔ་རབས་སྤྱི་ཚོགསཟེར། སྤྱི་ཚོགས་དེར་མི་སྣ་གཙོ་བོ་གསུམ་སྟེ། ཁྲམ་པ། ལྐུགས་པ། འོན་པ་གསུམ་ཡིན། དགའ་འོས་པ་ཞིག་ལ་རྒྱ་ནག་ཡར་རྒྱས་ཕྱིན་ནས་གནས་ཚུལ་ལ་གཏིང་ཟབ་པའི་འགྱུར་བ་ཐེབས་ཡོད། དེ་ནི་ཁྲམ་པ་ཇེ་མང་དུ་སོང་ནས་ལྐུགས་པ་དང་འོན་པས་མི་འདང་པའི་དཀའ་ངལ་འཕྲད་གྱི་ཡོད(སྐུ་རྩེད་གནང་པ)

 

དབྱིན་ཇིའི་མཁས་དབང། ཧན་རེའེ:་མེ་ཨེན (Henry Maine)གྱིས་གྲལ་རིམ་ནས་གན་རྒྱའི་བར་གྱི་འགྱུར་བ་ནི་དེང་རབས་དཔལ་ཡོན་གྱི་ཚད་འཛིན་ཡིན་ཟེར་བར་གཞིགས་ན། རྒྱ་ནག་ད་དུང་རྒྱང་རིང་གི་ལམ་ལ་སྐྱོད་དགོས་པ་འདུག

ལོ་ངོ་ཉི་ཤུའི་སྔོན་དུ། ངའི་རྒྱལ་ཁབ་ནི་གྲལ་རིམ་གཙོ་བོར་འཛིན་པའི་སྤྱི་ཚོགས་ཤིག་ཡིན། དེ་འདྲའི་སྤྱི་ཚོགས་གྱི་ནང་དུ་གང་ཟག་སྒེར་བ་ཞིག་གི་ལས་ཀ་ཞིག་ག་ལ་བྱེད་ཐུབ། དེ་བས་འབྲས་བུ་ཞིག་ཐོན་མི་སྲིད་པ་རེད། དེ་ནི་གང་ཟག་དེས་གོ་རྟོགས་སྤུས་ཀ་དང་ནུས་པར་རག་མི་ལས་བར། གང་ཟག་དེས་ཕ་སུ་ཡིན་མིན་ལ་རག་ལས་པ་ཞིག་རེད། དཔེར་ན ཕ་་(རྒྱ་ཡིག་གི་ནང་དུ་རུས་སྦལ་གྱི་སྒོང་ང་  王八蛋 ཞེས་བཀོད་ཡོད་ཡང་བོད་སྐད་ཐོག་མི་བདེ་བས་རྐུན་མར་བསྒྱུར་བ་ཡིན།) རྐུན་མ་ཡིན་ན་བུ་ངེས་པར་རྐུན་མ་ཡིན། ལོ་མང་བོ་ཞིག་གི་རྗེས་སུ་ཁོའི་ཚ་བོ་དེ་དག་ངོ་མས་རྐུན་མ་་རེད(སྐུ་རྩེད)  ལོ་ངོ་ཉི་ཤུའི་རྗེས་ལ་འགྱུར་བ་ག་འདྲ་ཞིག་ཕྱིན་ཡོད་ཟེར་ན། ངས་འགྱུར་བ་ཕྲན་བུ་སོང་ཡོད་པ་ལས་འགྱུར་བ་ཆེན་པོ་བྱུང་ཡོད་པར་ངོས་ལེན་བྱེད་མི་ཐུབ།

 

རྒྱལ་ཁབ་འདིའི་ནང། སྲིད་གཞུང་དཔོན་རིགས་གྱི་བུ་དང་ཚ་བོ་རྣམས་ལ་དཔོན་གནས་ཐོབ་པ་དང། བཟོ་དམངས་མི་རབས་གཉིས་པ། བཟོ་དམངས་མི་རབས་གསུམ་པ་ཚོ་ད་དུང་བཟོ་དམངས་ཡིན། དེ་རིང་གི་དུས་འདིར། རྒྱ་ནག་གི་སྤྱི་ཚོགས་ནི་རིགས་རུས་དང་གྲལ་རིམ་གཙོ་བོར་འཛིན་་པའི་མཁྲེགས་འཛིན་སྤྱི་ཚོགས་ཤིག་ཏུ་གྲུབ་ཡོད། ཉོ་ཚོང་ཡོད་ཚད་དང༌། ཐོན་སྐྱེད་འབྱུང་ཁུངས་ཡོང་རྫོགས་སྲིད་གཞུང་གི་བཏང་འཛིན་བྱས་ཡོད། མི་སེར་གྱི་བུ་དང་ཚ་བོ་ཚོའི་རེ་ཐག་ཆད་ཡོད། ཁོང་ཚོ་ཨོ་པ་མ་དང་ཟི་ཀྲེ་སྤུའུ་ཇོ་ཕུ་སུ་(Steve Jobs) ཆགས་ཐུབ་པའི་གོ་སྐབས་རྩ་བ་ཉིད་ནས་མེད།

རྒྱལ་ཁབ་འདིའི་ནང༌། མི་ཚོས་རྒྱུན་ལྡན་དཀྱུས་མའི་འཚོ་བ་ཞིག་རོལ་འདོད་ཀྱང་ཧ་ཅང་དཀའ་སྟེ། ཉེ་བའི་ལོ་འདི་དག་གི་རིང། རྒྱ་ནག་གི་གྲོང་ཁྱེར་གྱི་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་དཀའ་ངལ་ཅན་དུ་འགྱུར་བཞིན་ཡོད་པ་དེ་ནི། ལྗིད་ཏིག་ཏིག་གི་ཁྲལ་དང།  དགུང་ལ་བསྙེག་པའི་ཁང་གླ། ཉིན་རེ་བཞིན་འཕར་བཞིན་པའི་དངོས་གོང། ཧ་ཅང་ཉུང་བའི་གླ་ཆ་བཅས་གྱི་རྐྱེན་ལ་ཐུག་ཡོད།   རྒྱལ་ཁབ་འདིའི་ནང༌། གླ་ལེན་འགྲུལ་འཁོར་གཏོང་རྒྱུ་དེ་ཅུང་བཟང་ན་ཡང། ཟླ་བ་ཁ་ཤས་ཀྱི་སྔོན་དུ་གླ་འཁོར་ཁ་ལོ་བ་ཞིག་གིས་ང་ལ་བཤད་རྒྱུར། ང་ལ་ཟླ་བ་ཁ་ཤས་རིང་ཤ་ཟ་རྒྱུ་རག་མ་སོང་ཟེར། ང་ཚོ་བརྗིད་ཆགས་གྱི་སྡོད་ཁང་དེ་དག་བརྒྱུད་དུས་ཁོའི་སྐྱོ་ཉམས་ངང་བཤད་རྒྱུར། ས་ཆ་འདིར་ཐོག་ཁང་ཇེ་མང་དང་ཇེ་མང་རེད། འོན་ཀྱང་ངའི་འཚོ་བ་ཉིན་རེ་བཞིན་དཀའ་རུ་འགྲོ་གི་འདུག་ཟེར།

 

མིག་སྔར་རྒྱ་ནག་ནི་རིན་གོང་ཆེ་བའི་རྒྱས་སྤྲོས་དངོས་རྫས་ཉོ་མཁན་གྱི་རྒྱལ་ཁབ་ཆེན་པོར་ཆགས་ཡོད། དགའ་འོས་པ་ཞིག་ལ་!༼སྐུ་རྩེད༽།་རྒྱལ་ཁབ་འདིའི་ནང་སྐྱེ་བ་དང་འཆི་བ་ཡང་རྒྱས་སྤྲོས་བཅའ་དངོས་ལ་གྱུར་ཡོད། དམངས་གླུ་ཞིག་ཡོད་པའི་ནང་དུ་གསོན་ཉམས་ལྡན་པའི་ངང་མི་རྣམས་གྱི་སྐྱོ་གདུང་འགྲེལ་བརྗོད་བྱས་ཡོད་པ་ནི༌། སྐྱེ་མི་ཐུབ། ལྟོ་བ་གཤེགས་གླར་ལྔ་སྟོང་གནས། སློབ་མི་ཐུབ། སློབ་གླ་སུམ་ཁྲི་ཡན་ཆད་གནས། སྡོད་མི་ཐུབ། འདོམ་པ་གྲུ་བཞིར་ཆིག་ཁྲི་ལྷག། གཉེན་མི་རྙེད། ཁང་པ་མེད་ལ་རླངས་འཁོར་མེད། ཁྱོད་ལ་སུ་ཞིག་འགྲོགས་པར་འགྱུར། ན་མི་ཐུབ། སྨན་གླས་མི་སྤགས་གསོན་པོར་བཤུ། ཤི་མི་ཐུབ།  མེ་ཡིས་བསྲེག་གླར་ཆིག་ཁྲི་ལྷག། ཞེས་པ་དེ་ཡིན།།

 

གྲལ་རིམ་རིགས་རུས་གཙོ་བོར་འཛིན་པའི་སྤྱི་ཚོགས་ནི་གསར་བཏོད་གྱི་ནུས་ཤུགས་ཞན་པ་ཞིག་ངེས་པར་ཡིན་པ་རེད། ང་ཚོ་ཚང་མའི་མཐོང་གསལ་ལ་བཟོ་ལས་དང་ཞིང་ལས་དེ་བཞིན་དུ་ཚོང་དང་རིག་གཞུང་སྒྱུ་རྩལ་བཅས་གྱི་འཁོར་མོ་ཡུག་དུ། རྒྱ་ནག་གི་མིའི་གསར་བཏོད་བྱས་པ་ཧ་ཅང་ཉུང༌། ངའི་ཡིད་ཆེས་ནི་གལ་སྲིད་སྐྱུགས་དྲི་བྲོ་བའི་ལམ་ལུགས་འདིར་བསྒྱུར་བཅོས་མ་གཏང་ན། འབྱུང་འགྱུར་ལོ་ངོ་བཅུ་ཡི་ནང་རྒྱ་ནག་ནི་གསར་བཏོད་གྱིས་སྟོང་བའི་རྒྱལ་ཁབ་ཞིག་དུ་འགྱུར་ངེས། རྒྱ་ནག་ལ་དངུལ་འབོར་མང་བོ་ཡོད་སྲིད་ཀྱང༌། རིག་གཞུང་མང་བོ་ཡོད་མི་སྲིད། དམག་ཤུགས་ཆེན་པོ་ཡོད་སྲིད་རུང༌། དྲག་པོས་སྟོབས་ཤུགས་དེས་རྒྱལ་ཁབ་དང་མི་དམངས་ལ་བདེ་འཇགས་ཀྱི་སེམས་ཁམས་སྟེར་མི་ཐུབ།

རྒྱ་ནག་གི་གནད་དོན་དེ་དག་ལ་མི་རྣམས་གྱིས་འགྲེལ་བརྗོད་སྣ་ཚོགས་ཡོང་གི་ཡོད། དབང་ལ་དགའ་བ་རྣམས་གྱིས་བཤད་རྒྱུར། དེ་ནི་རྒྱ་ནག་གི་མིས་གོ་རྟོགས་སྤུས་ཀ་ཞན་པའི་རྐྱེན་ཡིན་ཟེར། མཁྲེགས་འཛིན( ཨུ་ཚུགས་རིང་ལུགས)པས་བཤད་རྒྱུར། དེ་ནི་གཞུང་ལུགས་དང་སྤྱོད་བཟང་གིས་མ་འདང་བ་ཡིན་ཟེར། ཆོས་ལུགས་པ་ཁ་ཤས་ཀྱིས། དེ་ནི་རྒྱ་ནག་ལ་དད་པ་མེད་པའི་རྐྱེན་གྱིས་རེད་ཟེར།  འོན་ཀྱང་ངས་བལྟས་ན། འདི་ཐམས་ཅད་ང་ཚོ་ལ་སྐྱུགས་དྲི་བྲོ་བའི་ལམ་ལུགས་ཤིག་ཡོད་པས་བྱས་པ་རེད། ལམ་ལུགས་འདིའི་འོག་ན། དབང་ཆ་ལ་ཚད་བཟུང་མེད་ལ། དབང་ཆ་ནི་ལྐོག་ཟ་རུལ་སུངས་ཀྱི་ལམ་ལ་ཁྲིད་བྱེད་ཉག་གཅིག་ཡིན། ཁྲིམས་ནི་ཐ་སྙད་ཙམ་ཡིན་ལ། ཕྱུག་པོ་དང་དབང་འཛིན་པའི་ལག་ཆ་ཡིན་པར་ཟད། མི་སེར་གྱི་ལྕགས་སྒྲོག་ཡིན། ལམ་ལུགས་འདིའི་འོག་ན། ཉེན་རྟོགས་པ་དང་དམག་དཔུང་གི་ནུས་པ་ནི་དབང་འཛིན་པ་སྲུང་སྐྱོབ་བྱེད་རྒྱུ་དེ་དང༌། མི་སེར་ཚོར་འཇིགས་སྐྲག་ལས་བདེ་འཇགས་ཀྱི་ཚོར་བ་མི་སྟེར་བ་དེ་རེད། ལམ་ལུགས་འདིའི་འོག་ན། ལོ་རྒྱུས་ལ་འགན་ལེན་པའི་མི་མེད་དེ། ད་ལྟའི་གནས་སྟངས་ལ་འགན་ལེན་མཁན་མེད་ལ། འབྱུང་འགྱུར་ལ་འགན་ལེན་མཁན་དེ་ལས་ཀྱང་མེད།།

 

ལམ་ལུགས་འདིའི་འོག་ན། མི་རྣམས་གྱིས་མིག་སྔུན་གྱི་ཁེ་ཕན་ལས་བསམ་རྒྱུ་མེད། ལམ་ལུགས་འདིའི་འོག་ན། བཅའ་ཁྲིམས་མི་བསྲུང་པ་ནི་ཆེས་ཆེ་བའི་བཅའ་ཁྲིམས་ཡིན། གཡོ་སྒྱུ་ནི་ཐབས་ལ་མཁས་བའི་ལག་ལེན་ཡིན། སྲིད་གཞུང་གི་དཔོན་ས་ནས་བཟུང་ཁྲོམ་རའི་བར་གཡོ་སྒྱུར་མཁས་པ་དེ་དག་རྒྱལ་ཁ་ཐོབ་མཁན་ཡིན། ལམ་ལུགས་འདིའི་འོག་ན། མི་ཚང་མ་ནག་ཉེས་བསགས་མཁན་ཡིན་ལ། འགྱོད་སེམས་སྐྱེ་མཁན་གཅིག་ཀྱང་མེད། ལམ་ལུགས་འདིའི་འོག་ན།  གཡས་གཡོན་དུའཆམ་མཐུན་གྱི་སྤྱི་ཚོགསཁྱབ་བསྒྲགས་བྱེད་ཀྱིན་ཡོད་ན་ཡང༌།  མི་ཚང་མར་ངོ་ཚ་དང་གནོངས་བག་གི་ཚོར་སྣང་ཡོད། མི་རྣམས་ལ་བསམ་བློ་གཅིག་མཚུངས་ཤིག་ཡོད་པ་ནི། གནས་འདིར་གཏན་དུ་གྱེས་ནས་བདེ་མཉམ་གྱི་གནས་ཤིག་ཏུ་བསྐྱོད་རྒྱུ་དེ་རེད།

 

སྐྱུགས་དྲི་བྲོ་བའི་ལམ་ལུགས་འདི། སི་ཏ་ལེན་--་མའོ་ཙེ་ཏུང་གི་རིང་ལུགས་དང་རྒྱ་ནག་གི་རྒྱལ་བོའི་ལམ་ལུགས་གྱི་མཚོན་བྱེད་རེད། འདི་ནི་ནགས་ཚལ་ཁྲོད་གྱི་ཁྲིམས་ལུགས་དང་རྒྱ་ནག་གི་སྲོལ་རྒྱུན་གྱི་གཡོ་ཐབས་སྡེབ་སྦྱོར་བྱས་པའི་ཐོན་རྫས་ཤིག་རེད་ལ།  ལོ་ངོ་ཁ་ཤས་རིང་འཚར་ལོངས་བྱུང་བར་བརྟེན་འཇིགས་ཤིང་སྐྱི་གཡའ་བའི་སྲིན་པོ་ཞིག་ཏུ་གྱུར་ཡོད། ཁོ་ནི་སྟོང་བསམ་དང། གཏུམ་སྤྱོད།   རང་མཐོང་ཆེ་ཞིང་རང་སྐྱོན་ནམ་ཡང་ཁས་མི་ལེན་པ་བཅས་ཡིན། ཁོའི་མི་ག་གེ་མོ་ལ་ཉེས་པ་བཙུགས་པ་དེ་བདེན་དོན་ཡིན་ལ། དེ་བཞིན་དུ་མི་དེ་ནོར་འཁྲུལ་མེད་པར་བཟོས་པ་དེ་ཡང་བདེན་དོན་ཡིན། བཟང་ཕྱོགས་གྱི་བྱ་བཞག་ཡོད་ཚད་ཁོའི་འགོ་ཁྲིད་བྱས་པ་ལས་བྱུང་ཞིང༌། ངན་ཕྱོགས་གྱི་འབྲས་བུ་ཐམས་ཅད་ཁོའི་ལམ་སྟོན་ལ་ངོ་རྒོལ་བྱས་པའི་མཇུག་འབྲས་ཡིན༌།

 

ཁོས་ཡོད་ཚད་ཀྱི་ཡོད་ཚད་ལ་དབང་སྒྱུར་བྱས་ཡོད་པ་སྟེ། ཁོ་རང་གཅིག་པུ་ལ་མ་གཏོགས་དད་པ་དང་རྗེས་སུ་ཡི་རངས་ཞུས་མི་ཆོག།  གསར་ཤོག་རེ་རེ་དང་སློབ་གྲྭ་རེ་རེ། དེ་བཞིན་དུ་དགོན་པ་རེ་རེ་བཞིན་ཁོའི་དབང་འོག་ན་ཡོད་ལ། ཁོའི་ཆོག་མཆན་མེད་པར་མེ་ཏོག་ཡང་ཁ་འབུས་མི་ཆོག    སྲིན་པོ་འདི་སྟོབས་དང་ལྡན་ཡང་ཟུངས་ཟད་པ་ཞིག་ཀྱང་རེད། ཁོ་ནད་གཞི་ལྗི་མོ་ཕོག་ན་ཡང། སྲོག་གཅོད་གྱི་སྟོབས་དང་ལྡན་པ་ཞིག་རེད། ཁོ་བླུན་ཞིང་རྨོངས་པ་ཞིག་ཡིན་ན་ཡང། ཁོ་ལ་འགྲན་ཟླ་དང་བྲལ་བའི་ཚོར་བ་རྣོ་བའི་དབང་རྩ་ཡོད། འོན་ཀྱང་རླུང་གཡོས་པ་ཙམ་དང་རྩྭ་འགུལ་བ་ཙམ་གྱིས་ཁོའི་དབང་རྩ་འཁྲུགས་དུ་འཇུག་ཐུབ་པ་དང། དོན་དག་སེན་མོ་ཙམ་གྱིས་ཁོ་ཁོང་ཁྲོའི་མེ་ལྕེ་ཁྲོད་གསོན་བསྲེག་བྱེད་ཐུབ། སྐྱུགས་དྲི་བྲོ་བའི་ལམ་ལུགས་འདི། ཆེ་ཆེར་རྒྱས་བཞིན་པའི་དུག་སྐྲན་ཞིག་དང་འདྲ་བར་ཁྲག་གི་ཐིགས་པ་རེ་རེ་དང་དབང་རྩའི་ཉིང་ལག་རེ་རེ་དུག་ཆུས་འབག མཐའ་འཇུག་རྒྱལ་ཁབ་ཧྲིལ་བོ་འཇིགས་རུང་གི་ཉེན་ཁའི་གནས་སུ་སྐྱེལ་བཞིན་ཡོད།

 

ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་དམག་འཁྲུག་དང་དམར་གསོད་བརྒྱུད་རྗེས། མིའི་རིགས་གྱིས་གནས་ལུགས་ཤིག་རྟོགས་ཡོད་པ་ནི། དབང་ཆ་ནི་གཅན་གཟན་གཏུམ་པོ་ཞིག་དང་འདྲ་སྟེ། དུས་ངེས་མེད་དུ་མི་རྣམས་ལ་འཚེ་ངེས་པ་ཞིག་རེད། དེ་ལྟར་ཡིན་པས་ན། ཁོ་ངེས་པར་དུ་དྲྭ་སྒམ་དུ་འཇུག་དགོས་པ་རེད། འོན་ཀྱང་དེང་སྐབས་རྒྱ་ནག་ནང་མི་མང་ཆེ་བའི་རྣམ་དཔྱོད་ཡངས་ཤིང་བྱམས་སེམས་ཅན་གྱི་དབང་བསྒྱུར་བ་ཞིག་འབྱུང་བའི་སྨོན་ལམ་རྒྱག་གི་ཡོད། དུས་རྟག་ཏུ་དེ་འདྲའི་གཏུམ་སྤྱོད་མེད་པའི་གཅན་གཟན་གཞན་པ་ཞིག་གི་ཁོང་ཚོ་དབང་དུ་བསྡུ་བར་རེ་བ་རྒྱག་གི་ཡོད། ངས་བསམ་ན་དེ་ནི་ཡོང་མི་སྲིད་པའི་རེ་སྟོང་ཞིག་རེད། ཅི་ལྟར་ཞེ་ན། གཅན་གཟན་གྱི་རང་གཤིས་ནི་དམུ་རྒོད་གཏུམ་པོའི་རང་བཞིན་ཡིན་ལ། ག་དུས་ཡིན་ཡང་མི་རོ་འཆའ་བའི་ཨང་གསར་བྱེད་གི་རེད།

 

དབང་ཆའི་གཅན་གཟན་དེ་ཉེ་འཁོར་དུ་གནས་བའི་རིང་ལ། མི་རྣམས་གཉོམ་ཆུང་དང་བག་འཁུམ་དུ་གྱུར་ནས། ལྟོ་གོས་ཙམ་འཛོམས་པར་ཆོག་ཤེས་ཀྱིས་གྱེན་རྒོལ་དང་མ་འགུ་བའི་ཚིག་གཅིག་ཀྱང་སྨྲ་མི་སྤོབས། ཁོང་ཚོའི་རང་གི་ཐོབ་ཐང་མི་ལེན་ལ༌། གཞན་གྱི་ཐོབ་ཐང་ལ་བརྩི་འཇོག་མི་བྱེད། ཁྱིམ་འཚེས་གྱི་སྡོད་ཁང་གཏོར་དུས་ཁོང་ཚོའི་ཅི་བྱ་གཏོད་མེད་དང་སྣང་མེད་ངང་བལྟད་མོ་བལྟ་ཞིང༌། རང་གི་ཁང་བ་གཏོར་དུས་ཁྱིམ་མཚེས་ཚོས་སྣང་མེད་ངང་བལྟད་མོར་བལྟ།

 

ཟླ་གཅིག་གི་སྔོན་དུ། ངའི་གཏམ་བཤད་ཅིག་གི་ནང་རྒྱ་ནག་གི་འོས་འགན་སྐོར་བཤད་པ་ཡིན། ངའི་བཤད་དོན་ནི། ང་ཚོ་ནི་དེང་རབས་ཀྱི་རྒྱལ་འབངས་ཤིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཁྱེད་ནི་རྒྱལ་ཁབ་འདིས་ཆ་ཤས་ཤིག་ཡིན་ལ་འདི་ན་ཁྱེད་ལ་དབང་བའི་བགོ་སྐལ་ཡོད། རྒྱལ་ཁབ་འདི་བཟང་ན་ཁྱེད་ཀྱི་བགོ་སྐལ་དུ་གྱུར་ཡོད་ལ། ངན་ན་ཡང་ཁྱེད་གྱི་བགོ་སྐལ་ཡིན། ང་ཚོའི་རང་མགོ་རང་གི་གཡོགས་ནས་གནས་ཚུལ་འདི་ལ་བྲོས་བྱོལ་བྱེད་མི་རུང༌། མིའི་སྤྱི་ཚོགས་ནི་ཧྲིལ་གཟུགས་ཤིག་ཡིན་ཞིང༌། འགན་བབ་མེད་པའི་མི་གཅིག་ཀྱང་མེད། མི་གཅིག་གི་རང་དབང་ཤོར་ན། མི་ཚང་མའི་རང་དབང་འཆོར་བ་དང། མི་གཅིག་ལ་བདེ་འཇགས་མེད་ན། མི་ཚང་མར་བདེ་འཇགས་མེད། མི་ལ་ལས་བཤད་རྒྱུར། རྒྱ་ནག་ནི་མཐའ་ཐིག་࿉(bottom-line)མེད་པའི་རྒྱལ་ཁབ་ཅིག་རེད་ཟེར། ང་དེ་ལ་མོས་མཐུན་མེད། ཁྱེད་དང་ང་ནི་རྒྱལ་ཁབ་འདིའི་མཐའ་ཐིག་ཡིན། སྐྱུག་དྲི་བྲོ་བའི་ལམ་ལུགས་འདི་སྐོར་བསྐྱོད་བྱེད་ཐུབ་པ་ནི་ང་ཚོའི་ཁོའི་ཆེད་དུ་ནུས་ཤུགས་འདོན་མྱོང་བའི་རྐྱེན་གྱིས་ཡིན། ང་ཚོ་ལམ་ལུགས་ཡིན། ལམ་ལུགས་འདི་ཡག་ཉེས་གང་དུ་འགྱུར་བ་ནི་ང་ཚོའི་ལྡོག་ཕྱོགས་དང་དྲང་ཕྱོགས་གཉིས་ནས་འབད་བརྩོན་བྱས་བའི་འབྲས་བུ་ཡིན།

 

རྒྱལ་ཁབ་འདི་ལེགས་ལམ་དུ་འགྲོ་དགོས་ན། དང་པོར་རང་ཉིད་ལེགས་ལམ་དུ་སྒྱུར་དགོས། མཛེས་སྡུག་ལྡན་པའི་རྒྱལ་ཁབ་འདི་བྲན་གཡོག་ཁྱུ་གཅིག་གི་འཛུགས་སྐྲུན་བྱེད་མི་ཐུབ། རྒྱལ་ཁབ་འདི་འཛུགས་སྐྲུན་བྱེད་པ་ལ་རྣམ་དཔྱོད་ལྡན་ཞིང་འགན་བཟོད་པའི་སྐྱེ་བུ་མང་བོ་དགོས། དེ་ནི་མི་སེར(རྒྱལ་འབངས)ཞེས་བའི་ཚིག་འབྲུ་གཉིས་ཀྱི་དོན་འགྲེལ་ཡིན། ཁོང་ཚོ་རང་ཉིད་ལ་དགའ་བར་མ་ཟད།་རྒྱལ་ཁབ་ལ་དགའ། ཁོང་ཚོའི་རང་གི་དབང་ཆར་སེམས་ཁུར་བྱེད་པར་ཟད། གཞན་པའི་དབང་ཆ་ལ་ཡང་བརྩི་འཇོག་བྱེད། ཁོང་ཚོའི་རང་གི་ཐོབ་ཐང་ལ་སྲུང་བརྩི་བྱེད་རྒྱུ་མ་ཟད། གཞན་པའི་ཐོབ་ཐང་ལ་ཡང་བརྩི་སྲུང་བྱེད། ཁོང་ཚོའི་རང་གི་སྡོད་ཁང་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། གཞན་པའི་སྡོད་ཁང་ལ་ཡང་སྲུང་སྐྱོབ་བྱེད། ཁོང་ཚོའི་ཁུ་སིམ་དུ་གནས་པའི་མི་ཚོགས་ཀྱི་དཀྱིལ་ནས་སྐད་གསེང་མཐོན་པོས་བདེན་དོན་བརྗོད་ཕོད་ལ། ཁོང་ཚོ་ཞ་འཁུམ་དུ་གྱུར་བའི་མི་ཚོགས་ཁྲོད་ནས་སྤོབས་པའི་གོམས་སྟབས་སྤོ་ཐུབ། ཁོང་ཚོ་གཟི་འོད་འབར་ཞིང་དཀའ་ཚེགས་ཅན་གྱི་ལས་གནས་གྱི་ལམ་སྟེང་དུ་ཀྱག་ཀྱོག་དང་དཀའ་ངལ་བརྒྱུད་དགོས་ན་ཡང༌། ང་ཚོས་མཐོང་ཆོས་སུ་གྱུར་བ་ནི། རྒྱ་ནག་གི་མིའི་རང་གི་འོས་འགན་གསལ་རྟོགས་བྱུང་མཁན་ཇེ་མང་དང་ཇེ་མང་ཡིན།  ཁོང་ཚོ་བག་འཁུམ་གྱི་རྒྱ་ལས་གྲོལ་ནས་དྲང་བདེན་དང་ཞི་འཇམ་གྱི་ཐ་ཚིག་བསྒྲགས་སྲིད། མི་ཁ་ཤས་ལ་གོད་ཆགས་དང་དཀའ་ངལ་ཕྲད་ཡོད་ཀྱང༌། ཁོང་ཚོའི་འབད་བརྩོན་བྱེད་བཞིན་ཡོད། མུ་ནག་གི་ཁྲོད་དུ་ཁེར་རྐྱང་གི་འབོད་སྒྲ་དེ་མུ་མཐུད་དུ་ལྷང་ལྷང་སྒྲོག་བཞིན་ཡོད།

 

ལོ་ངོ་ཉིས་སྟོང་གི་སྔོན་དུ། ཁུང་ཙིའི་གསུང་དོན། བདེན་དང་ལྡན་ན་རྒྱལ་ཁམས་དར་ཞིང་རྒྱས།  བདེན་དང་བྲལ་ཚེ་རྒྱལ་ཁམས་རྒུད་ཞིང་ཉམས།    ང་ཚོ་དེང་རབས་གྱི་རྒྱལ་འབངས་ཡིན་པའི་ཆ་ནས། བདེན་པ་དང་མི་ལྡན་ན་ཇི་སྲིད་བདེན་པ་ལྡན་པར་འགྱུར་བའི་བར་ང་ཚོའི་སྐྱོན་བརྗོད་དང་ལྟ་རྟོགས་བྱེད་དགོས། འདི་ནི་ངའི་ཕུགས་བསམ་དང། ངའི་ལས་དོན་ཡིན་པས། ངའི་ཚེ་ཡི་འཕེན་པ་མ་རྫོགས་པར་དུ་འབད་བརྩོན་བྱེད་རྒྱུ་ཡིན།

༼བདེན་པ་ཡོད་ན་ཡང་ང་ཚོའི་སྐྱོན་བརྗོད་དང་ལྟ་རྟོགས་བྱས་ནས་དེ་ལས་ལྷག་པའི་བདེན་པ་སྣོན་དགོས། ༽(གོང་གསལ་ཚིག་ཕྲེང་འདི་དབྱིན་ཡིག་ནང་བསྒྱུར་མི་འདུག)

 

མཐའ་འཇུག་ངས་བཤད་འདོད་པ་ནི། ང་ནི་གྲལ་རིམ་དགྲ་བོ་མིན་ལ། དཀྲོག་གཏམ་བཤད་མཁན་ཡང་མ་ཡིན། ངའི་སྲིན་པོ་འདི་དྲྭ་སྒྲོམ་དུ་འཇུག་པར་བསམ་པ་ཡིན། ནོར་མི་འདུག། ངའི་རང་གི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱས་པ་ཡིན། ཡིན་ཡང་ང་རང་གི་རྒྱལ་ཁབ་ལ་མི་དགའ་བ་མཚོན་མི་ཐུབ། ལྡོག་ཕྱོགས་ནས། ང་ང་རང་གི་རྒྱལ་ཁབ་ལ་དགའ། ང་ཁོ་མོའི་མཛེས་སྡུག་ལྡན་པའི་རི་ཆུ་ཡུལ་ལྗོངས་ལ་དགའ། ང་ཁོ་མའི་འོད་སྟོང་འབར་བའི་རིག་གཞུང་ལ་དགའ། ད་དུང་ང་ཁོ་མོའི་སྐྱོ་གདུང་ལ་དགའ། ཁོ་སྐྱོ་གདུང་དང་ལྡན་པས་ང་ལྡབ་འགྱུར་གྱིས་དགའ། ནོར་མི་འདུག། ངས་སྐྱུག་དྲི་བྲོ་བའི་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་ཡིན། ཡིན་ན་ཡང་ངའི་ལམ་ལུགས་འདི་བཟང་ཕྱོགས་སུ་འགྱུར་བའི་གོ་རིམ་ཁྲོད་ཁྲག་རྒྱུན་བཞུར་(འཚེ་བ)བར་གཏན་ནས་མི་སྤྲོ། ངའི་རེ་བ་ནི་ལམ་ལུགས་འདི་དྲོད་འཇམ་ངང་འགྱུར་བའི་རེ་བ་ཡོད། ང་ད་དུང་རྨི་ལམ་ཞིག་ཡོད་པ་ནི། མི་རིང་བའི་འབྱུང་འགྱུར་དུ། མེས་རྒྱལ་དུ་མེ་ཏོག་གི་རང་དབང་ངང་སེ་འབྲུ་བཞད་ཆོག་པ་དང༌། རྒྱ་ནག་གི་བྱིས་པ་དགའ་ཞིང་སྤྲོ་བའི་དགོད་སྒྲ་བཞད་ཆོག་པ་དང། རྒྱ་ནག་སྟེ། གནའ་བོའི་རྒྱལ་ཁབ་འདིར་དཔལ་ཡོན་དར་ཞིང༌། འབྱོར་བ་རྒྱས། ཞི་བདེ་དང་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དེ་ཡིན།


29/11/2011ཉིན་ལ་ཨོ་སི་ཁྲི་ལི་ཡ་ན

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php